མཐོ་སློབ་ཁག་ ༡༣ ནས་ཕེབས་པའི་བོད་རིགས་སློབ་གཉེར་བ་རྣམས་ལ།

མཐོ་སློབ་ཁག་ ༡༣ ནས་ཕེབས་པའི་བོད་རིགས་སློབ་གཉེར་བ་རྣམས་ཀྱི་ཟབ་སྦྱོང་ཐོག་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་སྐོར་གནང་བའི་གསུང་བཤད། དེ་རིང་འདིར་མཐོ་སློབ་ཁག་གི་ཟབ་སྦྱོང་བ་མང་པོ་ཞིག་ཕེབས་ཡོད་པ་རེད། བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་གྱི་ངོས་ནས་ཁྱེད་རྣམ་པར་དགའ་བསུ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངས་ཁྱེད་ཚོར་གཏམ་བཤད་བྱ་རྒྱུ་དེ་གྲ་སྒྲིག་བྱས་ཏེ་ཡོང་མ་ཐུབ་པ་དེར་དགོངས་དག་ཞུ་རྒྱུ་ཡིན། ད་ལྟ་ངས་ཞུ་རྒྱུ་དེ་ནི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང༌། ལས་དོན་བྱེད་ཕྱོགས། བོད་རྒྱ་ཞི་མོལ་སྐོར་བཅས་ཡིན། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་དོན་བྱེད་ཕྱོགས་སྐོར་གྱི་ངོ་སྤྲོད་བྱེད་ཕྱོགས་ཐད། ཐོག་མར་བཙན་བྱོལ་བོད་གཞུང་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནས་གཞུང་གི་དམིགས་ཡུལ་དང་ཚད་འཛིན་གྱི་ལྟ་གྲུབ་གང་ཡིན་པ་དེ་གཉིས་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད་སྙམ། དེའི་རྗེས་སུ་སྲིད་བྱུས་ག་འདྲ་བྱས་ཏེ་གཏན་ལ་ཕབ་ཀྱི་ཡོད་མིན་བརྗོད་དགོས་ཀྱི་ཡོད་ཀྱང་སྲིད་བྱུས་ཞེས་པ་དེ་རྟག་པར་གཅིག་རང་བསྡད་ཀྱི་མེད་པ་རེད།

རྒྱལ་སྤྱིའི་འཕེལ་ཕྱོགས་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་བཅས་ལ་བརྟེན་ནས་དུས་ནས་དུས་སུ་འགྱུར་བ་འགྲོ་བའི་གནས་སྟངས་ཤིག་རེད། སྲིད་བྱུས་བཟོས་པའི་སྐབས་དེར་གནས་ཚུལ་གྱི་འགྱུར་འགྲོས་དང་རྒྱབ་ལྗོངས་བཅས་ལ་བལྟས་ནས་བཟོ་དགོས་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་ཟེར་རྒྱུ་དེ་རྒྱུན་རིང་པོ་ཞིག་ནས་ཡོད་བསྡད་པ་ཞིག་དང་སྲིད་བྱུས་ནི་གནས་ཚུལ་འགྱུར་འགྲོས་ལ་བལྟས་ནས་འགྱུར་བ་འགྲོ་གི་ཡོད་པ་རེད། སྲིད་བྱུས་ནི་འགྱུར་བ་འགྲོ་གི་ཡོད་སྟབས་འདི་ལོའི་སྲིད་བྱུས་དེ་ལོ་རྗེས་མར་འགྱུར་བ་འགྲོ་སྲིད་པ་ཞིག་རེད། འོན་ཀྱང་སྲིད་བྱུས་གང་ཞིག་བཟོས་པའི་སྐབས་ཀྱི་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་འགྱུར་བ་འགྲོ་བ་ཞིག་མ་རེད།

བཙན་བྱོལ་བོད་གཞུང་ཟེར་བ་དེ་བཙན་བྱོལ་ཞེས་པའི་ཚིག་དེ་མ་སྦྱར་གོང་ལ་བོད་གཞུང་རང་རེད། བོད་ཅེས་པ་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མིང་དང༌། གཞུང་ཞེས་པ་ནི་ཆབ་སྲིད་འཛིན་སྐྱོང་བྱེད་མཁན་གྱི་སྒྲིག་འཛུགས་དེར་ཟེར་གྱི་ཡོད་པ་རེད། ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་བྱུང་རབས་ཆ་ནས་བཤད་པ་ཡིན་ན། ལོ་ཉིས་སྟོང་བརྒལ་བའི་བྱུང་རབས་ལོ་རྒྱུས་ཡིག་ཐོག་ནས་ཡོད་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་རེད། བོད་མི་རིགས་ག་དུས་ནས་འགོ་ཚུགས་ཡོད་མེད་དེ་ཐག་གཅད་རྒྱུ་ཁག་པོ་རེད། དབུས་ཨེ་ཤི་ཡའི་གླིང་གི་ནང་དུ་མི་རིགས་ཀྱི་རྣམ་གྲངས་མང་པོ་ཞིག་བྱུང་ཡོད་པ་རེད། མི་རིགས་དེ་ཚོ་སོ་སོར་འབྱུང་སྟངས་དང་བྱུང་བའི་དུས་ཚོད་མི་འདྲ་བ། མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་རྒྱས་འགྲོ་སྟངས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་རེད། ང་ཚོ་བོད་མི་རིགས་འདི་བཞིན་དབུས་ཨེ་ཤི་ཡའི་གླིང་གི་ནང་དུ་ཡོད་པའི་མི་རིགས་གང་འཚམས་ཤིག་ཡོད་པའི་ནང་ནས་གཞན་དང་མ་འདྲེས་པར་ཁྱད་དུ་ཐོན་པའི་མི་རིགས་ཁྱད་པར་བ་ཞིག་རེད། མི་རིགས་དེའི་འབྱུང་ཁུངས་ང་ཚོས་བཙལ་བ་ཡིན་ན་མི་རིགས་དེའི་བྱུང་རབས་ལོ་ལྔ་སྟོང་ནས་བདུན་སྟོང་ལྷག་ཡོད་པ་ཞིག་རེད། ཉེ་བའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་པ་ཚོས་ཆབ་མདོ་དང་བྲག་གཡབ། ཀོང་པོ་དབུས་གཙང་གི་ས་ཁུལ་གང་འཚམས་ཤིག་གི་ནང་ནས་མིའི་རུས་གོག་གི་ཆ་ཤས་ལྷག་མ་དང༌། རྡོ་དང་ལྕགས་ཀྱི་ཡོ་ཆས་སོགས་གནའ་ཤུལ་མང་པོ་རྙེད་ཡོད་པ་རེད། དེ་ཚོ་ལ་རྒྱལ་སྤྱིའི་ནང་ནས་ཚང་མས་གཅིག་གྱུར་གྱི་བྱུང་རབས་དུས་ཚོད་ངོས་འཛིན་བྱེད་པ་ཞིག་བྱུང་མེད་ཀྱང༌། རགས་པ་ཙམ་གྱིས་ཚོད་དཔག་བྱས་པ་ཡིན་ན་ས་འོག་ནས་ཐོན་པའི་གནའ་རྫས་རྟོག་ཞིབ་རིག་པ་བ་ཚོས་ཉུང་མཐའ་ལའང་ལོ་སྟོང་ཕྲག་ལྔ་དང་མང་ན་ལོ་སྟོང་ཕྲག་བདུན་ཡས་མས་ཀྱི་བྱུང་རབས་ཡོད་པ་ཞིག་ཡིན་པར་ངོས་འཛིན་དང་ར་འཕྲོད་ཡོང་གི་ཡོད་པ་རེད། ཡིན་ནའང་རྒྱལ་ཁབ་ཅིག་གི་དབང་སྒྱུར་བྱེད་མཁན་རྒྱལ་པོ་དང་དབང་སྒྱུར་བྱ་ཡུལ་གྱི་ཆབ་འབངས་ཀྱི་ཚུལ་དུ་ལོ་རྒྱུས་ཀྱི་ནང་དུ་ཡོད་པ་དེ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་བོད་ཀྱི་ཆབ་སྲིད་སྐྱོང་བའི་ལོ་དེ་ཕྱི་ལོའི་སྔོན་གྱི་ལོ་ ༢༢༣ དང༌། ཕྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་ཡས་མས་ཤིག་ནས་ང་ཚོའི་བོད་ཀྱི་རྒྱལ་ཁམས་དང་དེ་སྐྱོང་མཁན་གྱི་རྒྱལ་པོའི་ལམ་ལུགས་འགོ་བཙུགས་ཡོད་པ་རེད།

དེ་ནས་ཕྱི་ལོ་ ༨༣༦ བར་དུ་རྒྱལ་རབས་བར་མ་ཆད་པར་བཞི་བཅུ་ཞེ་གཅིག་གིས་བོད་ཀྱི་ཆབ་སྲིད་སྐྱོང་ཡོད་པ་རེད། རྒྱལ་པོ་དེ་ཚོའི་གཞུང་དེ་གཉའ་ཁྲི་བཙན་པོ་ནས་ཁྲི་རལ་པ་ཅན་བར་དུ་གཞུང་མ་ཉམས་པར་བྱས་ཏེ་བྱུང་ཡོད་པ་རེད་བསམ་གྱི་འདུག དེའི་སྐབས་སུ་ང་ཚོའི་ས་མཚམས་ལྟ་བུར་ཆ་མཚོན་ནའང་རྒྱ་གར་གྱི་ཤར་ཕྱོགས་དང་བྱང་ཕྱོགས། རྒྱ་ནག་གི་ནུབ་ཕྱོགས་ཀྱི་ས་ཁྱོན་མང་པོ་ལ་བོད་ཀྱི་ཆོས་རྒྱལ་རིམ་པས་དབང་བསྒྱུར་བྱས་ཡོད་པ་རེད། ཏུར་ཀི་སི་ཐན་དང་ཨཕ་གྷ་ན་སི་ཐན་བཅས་ལའང་ང་ཚོས་དབང་བསྒྱུར་བྱས་པའི་ས་ཁྱོན་མང་པོ་བྱུང་ཡོད་པ་རེད། བོད་ཀྱི་སྟོབས་འབྱོར་རྒྱས་པའི་སྐབས་སུ་ཨེ་ཤི་ཡའི་ས་ཆའི་སུམ་ཆ་གཉིས་ཙམ་ལ་དབང་བསྒྱུར་བྱས་པ་བྱུང་བ་རཻད། སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་ཀྱིས། ། འཛམ་གླིང་ས་ཡི་སུམ་གཉིས་བཟུང་བར་གྲགས། ། ཞེས་བརྗོད་ཀྱི་ཡོད་ཀྱང༌། འཛམ་གླིང་ས་ཡི་སུམ་གཉིས་ཟིན་ཡོད་མེད་མི་ཤེས་ཀྱང༌། ཨེ་ཤི་ཡའི་སུམ་ཆ་གཉིས་ཟིན་ཡོད་པའི་གོ་སྐབས་བྱུང་ཡོད། ཕྱི་ལོ་ ༨༣༦ ལོར་ཁྲྀ་རལ་པ་ཅན་བཀྲོངས་ཏེ་བོད་སིལ་བུར་ཐོར་བ་རེད། བོད་སིལ་བུར་ཐོར་བའི་ལོ་ཉིས་བརྒྱའི་རིང་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་དང་གཞུང་ཟེར་བ་མེད་པ་རེད། ལུང་ཚན་དང་སྡེ་ཁག ཤོག་ཁག་རེ་རེར་འགོ་པ་དང་དབང་བསྒྱུར་བྱེད་མཁན་གྱི་འགོ་པ་མི་སྣ་ཆུང་ཁག་འགའ་ཞིག་བྱུང་ཡོད་པ་རེད།

དེའི་རྗེས་སུ་ཕྱི་ལོ་ཉིས་བརྒྱ་དང་གསུམ་བརྒྱ་ཡས་མས་ཤིག་ལ་སོག་པོས་ཨེ་ཤི་ཡ་ལ་དབང་སྒྱུར་ཆེ་ཤོས་བྱེད་བཞིན་པའི་སྐབས་ཕྱི་ལོ་ ༡༢༠༧ ནང་ཇིང་གེ་སཻ་ཁཱན་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་དུམ་བུར་ཐོར་བསྡད་པའི་བོད་ཆོལ་ཁ་གསུམ་མམ། བོད་ཁྲི་སྐོར་བཅུ་གསུམ་ཟེར་བ་དེ་ཡོངས་རྫོགས་སོག་པོས་དབང་བསྒྱུར་བྱས་ཏེ་ལོ་གྲངས་ ༥༠ ཙམ་ཞིག་བསྡད་ཡོད་པ་རེད། སོག་པོས་རྒྱ་ནག་ཡོངས་རྫོགས་དབང་བསྒྱུར་ཏེ་སོག་པོའི་གོང་མས་རྒྱ་ནག་དང་སོག་པོ་གཉིས་ཀ་དབང་སྒྱུར་བྱེད་བཞིན་པའི་སྐབས་ཕྱི་ལོ་ ༡༢༦༥ ལོར་སོག་པོ་གོང་མས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཁ་ཐོར་དང་དུམ་བུར་ཡོད་པའི་བོད་ཆོལ་ཁ་གསུམ་ཕུལ་ཏེ་བོད་གཞུང་ཞེས་པ་དེ་གསར་འཛུགས་དང་མུ་མཐུད་ཐུབ་པ་ཞིག་བྱུང་བ་རེད། ༡༢༦༥ ནས་ ༡༦༤༢ བར་བོད་གཞུང་ཟེར་བ་དེ་ལོ་ཉིས་བརྒྱ་ཡས་མས་ཤིག་གི་རིང་ལ་སྐྱོང་མཁན་མང་པོ་ཞིག་བྱུང་ཡོད་པ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡབ་སྲས་ཀྱི་སྐབས་ལ་ས་སྐྱ་བ་དང༌། དེ་ནས་རིམ་བཞིན་སྡེ་སྲིད་ཕག་གྲུ་པ། སྡེ་པ་རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱིས་བསྐྱངས་ཡོད་པ་རེད།

ཁྱེད་ཚོས་ཀྱང་རྒྱལ་རབས་ཤེས་ཀྱི་ཡོད་སྟབས་མང་པོ་བཤད་དགོས་ཀྱི་མི་འདུག སོག་པོའི་འོག་ནས་བོད་རང་བཙན་བྱུང་བའི་རྗེས་སུ་ས་སྐྱ་དང༌། ཕག་གྲུ རིན་སྤུངས་པ། སྡེ་པ་གཙང་པ་སོགས་ནས་བོད་གཞུང་ཕྱི་ལོ་ ༡༦༤༢ བར་བསྐྱངས་ཡོད་པ་རེད། སྐབས་དེར་བོད་ཀྱི་ས་མཚམས་ཆུང་ཆུང་ཆགས་ཚར་བ་རེད། ཕྱོགས་ཚང་མ་ནས་རིམ་བཞིན་ས་ཆ་ཆུང་དུ་ཕྱིན་ཡོད་པ་རེད། དེ་རྗེས་སོག་པོའི་རྒྱལ་པོ་གུ་ཤྲི་ཁཱན་ཟེར་བས་ཉག་རོང་དང་མི་ཉག་སོགས་ནས་འགོ་ཚུགས་ཏེ་བོད་ཀྱི་མཐའ་དབུས་སུ་དམག་དྲངས་ཏེ་མཐར་ཕྱི་ལོ་ ༡༦༤༡ ལོར་བོད་དབུས་སུ་འབྱོར་ཏེ་སྡེ་པ་གཙང་པའི་སྲིད་དབང་འཕྲོག་སྟེ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་ྋགོང་ས་ལྔ་པ་ཆེན་པོར་ཕུལ་ཡོད་པ་རེད། སྐབས་དེར་གུ་ཤྲི་ཁཱན་རང་ནས་གསལ་པོ་བརྗོད་དོན་ཞིག་ལ་བོད་སིལ་བུར་ཐོར་རྗེས་སུ་བོད་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གང་ཐད་ནས་བོད་ཆོལ་ཁ་གསུམ་དབང་སྒྱུར་བྱེད་མཁན་ཚད་དང་ལྡན་པ་ཞིག་མེད་པའི་རྐྱེན་གྱིས་ཁོང་ནས་བོད་ལ་དམག་དྲངས་པ་ཞིག་དང༌། སྐབས་དེར་བོད་སྤྱི་ལ་དབང་སྒྱུར་བྱེད་ཐུབ་མཁན་ྋགོང་ས་ལྔ་པ་ཆེན་པོ་མ་གཏོགས་མེད་པ་ཞིག་ཡིན་པར་བརྟེན་ཕྱི་ལོ་ ༡༦༤༢ ལོར་ྋགོང་ས་ལྔ་པ་ཆེན་པོར་ཕུལ་ཏེ་བོད་ཆོལ་ཁ་གསུམ་གྱི་གཞུང་གསར་འཛུགས་གནང་ཡོད་པ་རེད། སྐབས་དེར་གསར་འཛུགས་གནང་བའི་གཞུང་དགའ་ལྡན་ཕོ་བྲང་འདི་ཡིན་པ་རེད།

གཞུང་དགའ་ལྡན་ཕོ་བྲང་ཞེས་མཚན་བཏགས་དགོས་པའི་རྒྱུ་མཚན་གཙོ་བོ་ྋགོང་ས་ལྔ་པ་ཆེན་པོ་བཞུགས་སའི་འབྲས་སྤུངས་དགའ་ལྡན་ཕོ་བྲང་དང༌། ཕྱོགས་ལས་རྣམ་རྒྱལ་ཞེས་པ་ནི་བོད་སིལ་བུར་ཐོར་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཞུང་ཡིན་པ་རེད། འདི་ལོ་ནི་དགའ་ལྡན་ཕོ་བྲང་གི་གཞུང་འགོ་ཚུགས་ཏེ་ལོ་ ༣༦༥ འཁོར་གྱི་ཡོད་པ་རེད། ཕྱི་ལོ་ ༡༩༤༢ ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ནས་ྋགོང་ས་ལྔ་པ་ཆེན་པོ་མཆོག་ལ་གསོལ་བ་བཏབ་སྟེ་བཙུགས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་རྒྱུན་མཐུད་དེ་ད་བར་དུ་གནས་ཡོད་པ་རེད། གཞུང་འདིས་རྒྱ་ནག་དང་སོག་པོའི་གོང་མ་རིམ་བྱོན་དང་མཆོད་ཡོན་གྱི་འབྲེལ་བ་བཞག་ཡོད་པ་རེད། དུས་རབས་ཉི་ཤུ་པའི་ནང་དུ་གཞུང་འདིས་སོག་པོ་དང་དབྱིན་ཇིས་དབང་སྒྱུར་བྱེད་པའི་སྐབས་ཀྱི་རྒྱ་གར་དང༌། བལ་ཡུལ་བཅས་ལ་ཕྱི་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རེད། དེ་མིན་རྒྱ་ནག་དང་མཉམ་དུ་ཡང་དམག་ཐག་ཆོད་པའི་ཆིངས་ཡིག་ཐེངས་གཉིས་གསུམ་དེ་འདྲ་བཞག་ཡོད་པ་རེད། དེ་ལྟ་བུའི་ཁྲིམས་མཐུན་གྱི་དབང་ཤུགས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་འདི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་དབུས་དང་ས་གནས་ཀྱི་གཞུང་གི་མིང་ཐོག་ནས། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་ཡོད་པ་དེ་ཡོངས་གྲགས་སུ་བཤད་བསྡད་ཀྱི་ཡོད་པ་དེ་རེད། རྒྱུ་མཚན་དེ་ཚོའི་ཐོག་ནས་གཞུང་ཞིག་ལ་ངོས་འཛིན་ཡོད་པ་ལས་གཞུང་མ་ཡིན་པར་ངོས་འཛིན་གང་ཡང་མེད་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་དབང་དང་བོད་ས་གནས་སྲིད་གཞུང་གི་ལམ་སྲོལ་ཡོངས་སུ་རྫོགས་པ་རང་འཇགས་བཞག་རྒྱུར་དབུས་གཞུང་དང་ས་གནས་གཞུང་གཉིས་ཀྱི་དབར་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ དེའི་ནང་འཁོད་ཡོད་པ་རེད།

བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་ཁྲིམས་མཐུན་གྱི་ས་གནས་གཞུང་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། དེ་འདྲའི་གཞུང་དེ་ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་སྐབས་སུ་བོད་གཞུང་བཀའ་ཤག་གི་བཀའ་བློན་མང་ཆེ་བ་དང་ཡིག་ཚང་གི་དྲུང་ཡིག་ཆེ་མོ་མང་ཆེ་བ་ཆིབས་ཞབས་ཀྱི་ལྷན་དུ་བཅར་ཐུབ་པར་བརྟེན་བོད་མི་མང་གིས་ངོས་ལེན་ཡོད་པའི་ཁྲིམས་མཐུན་གྱི་གཞུང་དེ་རྒྱ་གར་གྱི་ནང་དུ་བཙན་བྱོལ་དུ་འབྱོར་ཡོད་པ་རེད། དེ་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་སྔོན་དུ་བཙན་བྱོལ་ཞེས་བཀོད་དེ་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་དགོས་པའི་རྒྱུ་མཚན་དེ་འདྲའི་དབང་གིས་ཡིན་པ་རེད། དེ་ལྟའི་བཙན་བྱོལ་བོད་གཞུང་འདི་བཞིན་ལོ་ ༣༦༥ འདས་ཟིན་པའི་བོད་ཀྱི་གཞུང་རྙིང་པ་ཞིག་དང༌། དེང་སྐབས་འཛམ་གླིང་ཐོག་གི་རྒྱལ་ཁབ་ཚོའི་བྱུང་རབས་ལ་བལྟས་ཚེ་ལོ་ ༣༦༥ བར་མ་ཆད་པར་གནས་པའི་གཞུང་རེ་གཉིས་ལས་ཧ་ལམ་མཐོང་དཀོན་པ་ཞིག་ཡིན་པ་རེད།

ཆབ་སྲིད་དང་ས་མཚམས་ཀྱི་འགྱུར་བ་མུ་མཐུད་དེ་འགྲོ་གི་ཡོད་པར་བརྟེན། གཞུང་དེ་ཚོ་ཡང་དེ་དང་ཆབས་ཅིག་འགྱུར་བ་འགྲོ་བ་ཞིག་ལས་རྒྱུན་རིང་པོར་གནས་ཐུབ་རྒྱུ་ཁག་པོ་ཡིན་པ་རེད། ང་ཚོའི་ཁྱིམ་མཚེས་རྒྱ་ནག་ལ་ཆ་མཚོན་ནའང་ལོ་བརྒྱ་ཕྲག་གཅིག་གི་ནང་དུ་གོང་མའི་རྒྱལ་ཁབ་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པར་འགྱུར་བ་ཕྱིན་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་གྲགས་ཅན་རྒྱལ་ཁབ་དེའང་ ༡༩༤༩ ལོ་ནས་འགོ་བཙུགས་པའི་གཞུང་ཞིག་རེད། བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ལོ་རྒྱུས་རིང་པོ་གང་ཡང་མ་རེད། བོད་གཞུང་བཙན་བྱོལ་ལ་འབྱོར་བའི་རྗེས་སུ་བོད་ནང་གི་མི་མང་མང་ཆེ་བ་དང་བཙན་བྱོལ་དུ་ཡོད་པའི་བོད་རིགས་ཚང་མས་སོ་སོའི་ཁྲིམས་མཐུན་གྱི་གཞུང་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་བཙན་བྱོལ་བོད་གཞུང་ཟེར་དགོས་པའི་རྒྱུ་མཚན་དེ་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་ནས་བལྟས་ཚེ་བཙན་བྱོལ་གཞུང་ལ་ཁྲིམས་མཐུན་གྱི་ཆ་རྐྱེན་ཁ་ཤས་ཚང་གི་མེད་པ་རེད། དེའང་རྒྱལ་སྤྱིའི་ཐོག་ནས་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་ལེན་བྱེད་མཁན་མེད་པ་རེད། ཡིན་ནའང་གཞུང་སོ་སོས་ངོས་ལེན་ཡོད་མེད་ཙམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་མང་ནས་ང་ཚོའི་གཞུང་ལ་ངོས་ལེན་ཡོད་པ་ཞིག་རེད། འོན་ཀྱང་བཙན་བྱོལ་གཞུང་གི་མཚན་ཉིད་མ་ཚང་བར་བཤད་མཁན་དང་བསམ་མཁན་དེ་འདྲ་ཡོང་སྲིད་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྐྱབས་བཅོལ་ཕེབས་གྲུབ་པ་དང་མ་སུ་རིར་གསར་འགོད་གསལ་བསྒྲགས་ཐེངས་དང་པོའི་ཐོག་གསར་འགོད་པས་རྒྱ་གར་ནང་བཙན་བྱོལ་གཞུང་བཙུགས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་སུ། བཀའ་ལན་དུ་ང་དང་ངའི་བཀའ་ཤག་གང་དུ་ཡོད་པའི་ས་དེར་བོད་མི་ཡོངས་ནས་ཁྲིམས་མཐུན་གྱི་གཞུང་དེར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་འཁོན་ཐོགས་མེད་པར་གསལ་པོ་གསུངས་ཡོད་པ་རེད། རྒྱལ་ཁབ་དང་སྲིད་གཞུང་སུ་ཞིག་ཡིན་ནའང་ཕྱིའི་རྒྱལ་ཁབ་ནས་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་སོ་སོའི་མི་མང་གིས་སོ་སོའི་གཞུང་དང་རྒྱལ་ཁབ་དེར་ངོས་ལེན་ཡོད་མིན་ལ་ཐུག་ཡོད་པ་རེད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཆ་མཚོན་ནའང་རྒྱལ་སྤྱིའི་ཐོག་ངོས་ལེན་མེད་པར་བར་བརྒལ་གྱི་དུས་ཡུན་གང་འཚམས་ཤིག་བསྡད་དགོས་བྱུང་ཡོད་པ་རེད། འོན་ཀྱང་ཕྱི་ནས་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་ཁོང་ཚོའི་གཞུང་རང་འཇགས་གནས་ཡོད་པ་རེད། ྋགོང་ས་མཆོག་གིས་ངོས་དང་ངོས་ཀྱི་བཀའ་ཤག་གང་དུ་ཡོད་ས་དེར་ཁྲིམས་མཐུན་གྱི་བོད་གཞུང་ཡིན་གསུངས་པ་བཞིན་ང་ཚོའི་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོས་ལེན་ཡོད་པའི་ཆ་ཤས་དང་ཡན་ལག་བཅས་མཚན་ཉིད་ཡོངས་སུ་ཚང་བའི་ཁྲིམས་མཐུན་གྱི་གཞུང་འདིར་བཙན་བྱོལ་བོད་གཞུང་ཞེས་མཚན་བཏགས་དགོས་པའི་རྒྱུ་མཚན་དེ་རང་ཡིན་པ་རེད། དེ་འདྲའི་གཞུང་དེ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ལོ་ ༤༧ ཕྱིན་པའི་རིང་ལ་གཞུང་གིས་ཆབ་སྲིད་སྐྱོང་སྟངས་དང༌། གཞུང་གི་ངོ་བོ། གཞུང་གི་གནས་སྟངས་བཅས་ཚང་མར་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་ཕྱིན་ཚར་བ་རེད། བོད་ནང་ལ་ཆ་མཚོན་ན། ད་ལྟ་ནུབ་ཕྱོགས་པས་བཤད་པའི་བཀས་བཀོད་རྒྱུད་འཛིན་དང་ས་བདག་གྲལ་རིམ་ལ་སོགས་དེ་འདྲའི་སྤྱི་ཚོགས་ཆགས་ཀྱི་ཡོད་པ་མ་རེད་ཀྱང༌། གང་ལྟར་མང་གཙོའི་གཞུང་མཚན་ཉིད་ཚང་བ་ཞིག་བོད་ཀྱི་ནང་མེད་པ་རེད། ྋགོང་ས་མཆོག་རྒྱ་གར་ནང་ཕེབས་པ་ནས་བཟུང་སྟེ་བོད་ནང་དུ་ཕྱག་ལེན་དུ་བསྟར་མ་ཐུབ་པའི་བོད་ཀྱི་གཞུང་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་པ་དེ་མི་ས་མ་རིར་ཕེབས་ཏེ་བདུན་ཕྲག་དང་པོ་ནས་བསྒྱུར་བཅོས་གནང་རྒྱུ་འགོ་ཚུགས་ཡོད་པ་རེད། ད་ལྟའི་ཆར་བཅའ་ཁྲིམས་དང་ལྡན་པའི་མཚན་ཉིད་ཚང་བའི་མང་གཙོའི་གཞུང་དུ་བསྒྱུར་ཟིན་པ་རེད། བོད་ནང་དུ་ཡོད་སྐབས་ཀྱི་བོད་གཞུང་དགའ་ལྡན་ཕོ་བྲང་དང་བཙན་བྱོལ་ནང་ཕེབས་པའི་རྗེས་ཀྱི་དགའ་ལྡན་ཕོ་བྲང་གཞུང་གཉིས་ཀྱི་དབར་ངོ་བོ་དང་རྣམ་པ་བྱེད་ལས་གང་གི་ཆ་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པ་རེད། བཙན་བྱོལ་གཞུང་གི་ངོ་སྤྲོད་དེ་ཙམ་གྱིས་འགྲིག་པ་བྱེད་རྒྱུ་ཡིན།

ད་ལྟའི་གནས་སྐབས་སུ་ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ཆ་རྐྱེན་འོག་ཏུ་གཞུང་གི་ལས་དོན་ཡོངས་སུ་རྫོགས་པ་བྱེད་ཀྱིན་ཡོད་པ་རེད། མང་གཙོའི་སྒྲིག་འཛུགས་མཐོ་ཤོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེའི་ནང་མང་ཚོགས་ཀྱིས་འོས་འདེམས་ཞུས་པའི་སྤྱི་འཐུས་ ༤༣ ཡོད་པ་ནས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཆ་ནས་བཙན་བྱོལ་གཞུང་གི་ཆབ་སྲིད་དང་སྲིད་བྱུས་ལས་རིམ་གང་ཞིག་ཡིན་པ་དེ་ཐག་གཅོད་གནང་གི་ཡོད་པ་རེད། དེས་ཐག་གཅོད་གནང་བའི་སྲིད་བྱུས་དང་ལས་རིམ་གང་ཞིག་ཡིན་པ་དེ་འཛིན་སྐྱོང་བཀའ་ཤག་གིས་ལག་ལེན་བསྟར་དགོས་ཀྱི་ཡོད་པ་རེད། ཁྲིམས་ལུགས་དབང་འཛིན་གྱི་ཡན་ལག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་བཅས་བོད་གཞུང་མང་གཙོ་ཀ་བ་གསུམ་ལྡན་གྱི་གཞུང་གི་སྒྲིག་འཛུགས་ཆགས་ཡོད་པ་རེད། བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་ཆ་ནས་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཀྱི་སྤྱི་མོས་བྱུང་བའི་སྲིད་བྱུས་དང་ལས་རིམ་གང་ཞིག་ཡིན་ཀྱང་ྋགོང་མཆོག་གི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་པ་རེད། དེ་ནི་གཏན་ལ་ཕབ་པའི་སྲིད་བྱུས་ཁོ་ན་ཉིད་དེ་ཡིན་པ་རེད། སྲིད་བྱུས་དང་ལས་རིམ་ག་འདྲ་ཞིག་བཟོས་པ་ཡིན་ནའང་དེའི་རྒྱབ་ལྗོངས་ལ་ལྟ་གྲུབ་ཀྱི་གཞི་གདན་ཞིག་དགོས་ཀྱི་ཡོད་པ་རེད། རྒྱབ་ལྗོངས་ལྟ་གྲུབ་ཀྱི་གཞི་གདན་དེར་ང་ཚོའི་འདོར་དུ་མི་རུང་བའི་བཀའ་བཏགས་ཀྱི་ཕྱག་རྒྱ་ལྟ་བུ་དོན་གནད་གསུམ་དུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང༌། བདེན་པ་དང་འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་བ་དེ་རེད། དང་པོ་ནི་བདེན་པ་དང༌། གཉིས་པ་ནི་འཚེ་བ་མེད་པ། གསུམ་པ་ནི་ཡང་དག་པའི་མང་གཙོའི་རིང་ལུགས་ཡིན་པ་རེད། ལྟ་གྲུབ་ཀྱི་ཕྱག་རྒྱ་འདི་གསུམ་པོ་ནི་དུས་དང་གནས་སྐབས་ག་འདྲ་ཞིག་ཏུ་ཡིན་ཡང་འདོར་དུ་མེད་པའི་གཏན་ཚིགས་ཤིག་དང༌། འདི་གསུམ་དང་འགལ་བའི་གནད་དོན་གང་ཞིག་ཡིན་ཕྱིན་ལག་ལེན་དུ་མི་བསྟར་བ་བྱ་རྒྱུ་དེ་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གསོལ་བསྩལ་བཀའ་དྲིན་ཆེ་སྐབས་སུ་ཟིན་བྲིས་ཀྱི་འཆར་ཟིན་དེའི་ནང་དུ་བོད་མིའི་ཆབ་སྲིད་རང་བཞིན་དེ་ཆོས་ལུགས་རིས་མེད་ཡིན་ཞེས་གསུངས་ཡོད་པ་རེད།

ཆོས་ལུགས་རིས་མེད་ཟེར་བ་དེར་དབྱིན་ཇིའི་སྐད་ཀྱི་ཐོག་ནས་ Secularism ཞེས་པའི་ཚིག་དེ་བོད་བསྒྱུར་བྱས་ཚེ་བརྗོད་སྟངས་མི་འདྲ་བ་རིགས་གསུམ་ཙམ་ཡོད་ཀྱང༌། ཆོས་ལུགས་རིས་མེད་ཟེར་བ་དེ་བདག་ཉིད་ཆེན་པོ་གཱན་དྷིས་གསུངས་པའི་ཆོས་ལུགས་རིས་མེད་ཙམ་རེད། ཁྱེད་རང་ཚོའི་ནང་དུ་སྲིད་དོན་ཚན་རིག་སློབ་སྦྱོང་བྱེད་མཁན་དག་འདུག་ཅིང༌། དེ་ཚོས་མཁྱེན་གྱི་ཡོད་པ་རེད། མིང་ཚིག་དེ་དག་ནི་འདས་པའི་ལོ་ཉིས་བརྒྱ་ཙམ་གྱི་ནང་གི་ཚིག་བེད་སྤྱོད་བྱཻད་སྟངས་ཤིག་རེད། འོན་ཀྱང་དེ་དག་ལ་འགྲེལ་པ་རྒྱག་སྟངས་མི་འདྲ་བ་ཉིས་བརྒྱ་ལྷག་ཙམ་ཡོད་པ་རེད། དེ་ནི་སོ་སོས་གོ་བ་ལེན་སྟངས་དང་འདོད་པ་ལ་བརྟེན་ནས་འགྲེལ་བཤད་བརྒྱབ་ཀྱི་ཡོད་པ་རེད། ང་ཚོས་གོ་བ་ལེན་སྟངས་ནི་ཆོས་ལུགས་རིས་མེད་ཅེས་པ་དེ་ཡིན། སར་བ་དྷ་མ་སམ་བྷ་ཝ་ཞེས་པ་ནི་གཱན་དྷིས་གསུངས་པའི་ཚིག་རེད། ཆོས་ལུགས་ཡོངས་སུ་རྫོགས་པ་ལ་ལྟ་སྟངས་གཅིག་པ་དང་གུས་ཞབས་གཅིག་པ་ཞུ་དགོས་པ་དེར་ང་ཚོའི་བོད་སྐད་ལ་ཆོས་ལུགས་རིས་མེད་ཟེར་བའི་ཚིག་དེ་བཞག་པ་རེད། ཡིན་ནའང་སྐབས་ ༡༡ པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་གཏན་ལ་ཕབ་པའི་སྐབས་སུ་ Secularism ཞེས་ཆོས་ལུགས་རིས་མེད་ཀྱི་ཚིག་དེ་གྲོས་ཚོགས་ཀྱི་ནང་ནས་མར་ཟག་པ་རེད།

དེའི་ཚབ་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་ད་ལྟ་གནས་ཡོད་པ་རེད། བཅའ་ཁྲིམས་ཀྱི་ནང་དུ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་ཡོད་པ་ཡིན་ནའང༌། ཆོས་གང་དང་སྲིད་གང་ཡིན་གྱི་འགྲེལ་བཤད་དེ་བཅའ་ཁྲིམས་ཀྱི་ནང་དུ་གསལ་མེད་པ་རེད། དེ་འདྲ་སོང་ཙང་བཅའ་ཁྲིམས་ཀྱི་ནང་གི་སྙིང་དོན་དེ་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་གཉིས་ཧ་ལམ་ཁྱད་པར་མེད་པ་ཆགས་ཡོད་པ་རེད། གང་ལགས་ཤེ་ན། ང་ཚོས་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེའི་ནང་དུ་ཆོས་ཁྱད་པར་བ་ཞིག་ཟུར་དུ་མ་བཏོན་པར་རྒྱལ་ཁབ་དང་གཞུང་གི་ཆ་ནས་ཆོས་ལུགས་ཡོངས་ལ་གཅིག་གྱུར་གྱི་ལྟ་སྟངས་འཛིན་དགོས་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་པ་རེད། ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཚིག་དེ་གའི་ནང་དུ་ཆོས་ལུགས་དང་ཆོས་བརྒྱུད་ཡོངས་སུ་རྫོགས་པ་ཚུད་ཡོད་པ་ལས་ཆོས་ལུགས་དང་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཟུར་དུ་ཕུད་མེད་པ་རེད། དཔེར་ན། ཁ་ཆེ་དང༌། ཡི་ཤུ། ཧིན་དུ། བོན་པོ་བཅས་གང་ཡིན་པ་རྣམས་ཆོས་ལུགས་རིས་མེད་ཅེས་པའི་ནང་དུ་ཚུད་ཡོད་པ་རེད། གང་ལྟར་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་ Secularism བེད་སྤྱོད་མ་བཏང་ནའང་ཆོས་སྲིད་ཟུང་འབྲེལ་ཞེས་པ་དང་གཅིག་མཚུངས་ཆགས་ཡོད་པ་རེད། དེ་ཙམ་མ་ཡིན་པར་བཅའ་ཁྲིམས་ཀྱི་སྒྲོམ་གཞི་གཞན་རྣམས་ཡོངས་སུ་རྫོགས་པ་དེ་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་ལ་སོགས་པ་ཚང་མ་ཆོས་ལུགས་རིས་མེད་ཀྱི་སྒྲོམ་གཞིའི་ནང་བསྡད་ཡོད་པ་རེད། འགོ་བརྗོད་ཀྱི་ཆབ་སྲིད་རང་བཞིན་ནང་དུ་ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་འཁོད་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་ཞེས་པའི་ནང་དུ་ཚུད་པའི་ཆོས་ལུགས་གང་འདྲ་ཞིག་ཡིན་ནའང་ད་བར་དུ་བདེན་པ་ཁས་མི་ལེན་མཁན་གྱི་ཆོས་ལུགས་འཛམ་གླིང་ཐོག་བྱུང་མེད་པ་རེད། ཆོས་ལུགས་ཚང་མས་བདེན་པའི་གནས་ལུགས་དེ་གལ་ཆེན་པོར་རྩིས་ཀྱི་ཡོད་པ་རེད། དེར་བརྟེན་དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་འགོ་ཡི་ནང་ལ་འཛམ་གླིང་ནང་གི་ཆོས་ལུགས་ཚང་མ་གཅིག་གྱུར་ཡོང་བའི་ཆེད་དུ་ལས་འགུལ་མང་པོ་བྱུང་ཡོད་པ་ནས་སྐད་གྲགས་ཆེ་ཤོས་རྒྱ་གར་ནང་གི་ Theosophical Society ཟེར་བ་དེའི་ལས་འགུལ་དེ་ཡིན་པ་རེད། ལས་འགུལ་དེའི་གཞི་རྩ་བཞག་ས་ནི་ཆོས་ལུགས་གང་ཞིག་གི་ལྟ་གྲུབ་ཡིན་ཡང་རུང༌། བདེན་པའི་གནས་སྟངས་དེ་གོང་ན་མེད་པ་ཞིག་ཡིན་པར་ཆོས་ལུགས་ཐམས་ཅད་ཀྱི་རྩ་འཛིན་ནམ་ཆོས་ལུགས་ཐམས་ཅད་ཀྱི་གཞི་རྩར་ངོས་ལེན་བྱེད་དགོས་ཀྱི་རེད་ཅེས་པ་དེ་ཡིན། དེ་ནི་ཆོས་ལུགས་ག་འདྲ་ཞིག་ཡིན་ནའང་གོང་ན་མེད་པ་དང་བདེན་པའི་གནས་ལུགས་ལས་བརྒལ་མི་རུང་བ་གཉིས་ཆ་ལ་གོ་བ་ལེན་དགོས་ཀྱི་ཡོད་པ་རེད། ཆོས་ལུགས་ཤིག་ཡིན་ཕྱིན་ཆད་ལ་ཆོས་ལུགས་ཁ་ཤས་ལ་བདེན་པ་གཉིས་ཀྱི་རྣམ་གཞག་བཤད་ཀྱི་ཡོད་པ་རེད། ཆོས་ལུགས་ཁ་ཤས་ནས་བདེན་པ་གཅིག་གི་རྣམ་གཞག་བཤད་ཀྱི་ཡོད་པ་རེད། གང་ལྟར་མཐར་གཏུགས་པའི་བདེན་པ་ཁས་མི་ལེན་མཁན་ཆོས་ལུགས་གང་ཡང་མེད་པ་རེད། ཆོས་མེད་རིང་ལུགས་པ་ཞིག་ལ་ཆ་མཚོན་པ་ཡིན་ནའང་བདེན་པ་དང་རྫུན་མ་གཉིས་གདམ་ཀ་བྱེད་དགོས་ཟེར་ན། ངེས་པར་བདེན་པ་བདམས་ཀྱི་ཡོད་པ་རེད། བདེན་པ་དང་རྫུན་མ་གཉིས་ག་རེ་རྩ་བ་ཆེ་བ་ཡིན་ཞེས་སྐད་ཆ་དྲིས་པ་ཡིན་ན། ཉམས་ལེན་བྱེད་ཐུབ་མིན་ལ་མ་ལྟོས་པར་བདེན་པ་གལ་ཆེ་བ་དང་རྩ་བ་ཆེ་བ་རེད་ཅེས་བརྗོད་ངེས་རེད། ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་གང་ཟག་ཕལ་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་སྐད་ཆ་བཤད་པའི་སྐབས་སུ་བདེན་པ་དེ་གལ་ཆེན་པོ་ཡིན་པར་རང་བཞིན་གྱིས་ཁ་སྐད་ཀྱི་ནང་དུ་ཐོན་ཡོང་གི་ཡོད་པ་རེད།

དཔེར་ན། དངོས་འབྲེལ་ཡིན། བདེན་པ་ཡིན། དྲང་པོ་ཡིན་ཞེས་བརྗོད་ཀྱི་ཡོད་ལ། དེས་ཀྱང་མ་འཐུས་ཚེ་མནའ་བསྐྱལ་བ་ལ་སོགས་པ་ནི་བདེན་པའི་གནས་ལུགས་དེ་གལ་ཆེན་པོ་ཡིན་པར་བསྟན་གྱི་ཡོད་པ་རེད། ད་ལྟ་ང་ཚོས་བཤད་པའི་བདེན་པ་ནི་ཆོས་ལུགས་ཁག་ནས་བཤད་པའི་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་བདེན་པ། ཡང་ན་མཐར་ཐུག་པའི་བདེན་པ། ཡང་ན་བདེན་པ་གཅིག་པུ་ཉག་ཅིག་པ། ང་ཚོས་གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་གང་ཡིན་ནའང་བདེན་པ་ཞེས་པ་དེ་ཆོས་ལུགས་ཁག་ནས་བཤད་པ་དེ་གཅིག་པ་ཡིན་པར་ཆ་བཞག་སྟེ་ངོས་འཛིན་བྱེད་དགོས་པ་ཞིག་དང༌། རྗེས་སུ་ང་ཚོའི་ཆབ་སྲིད་ཀྱི་རང་བཞིན་དེ་ཆོས་ལུགས་རིས་མེད་དུ་ཕྱིན་པ་ཡིན་ནའང་རྩ་འཛིན་གྱི་ཕྱག་རྒྱ་ལ་བདེན་པ་བཞག་རྒྱུ་དེ་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་མ་རེད། གལ་ཏེ་ང་ཚོ་ཆོས་མེད་རིང་ལུགས་པ་ཞིག་ཏུ་ཕྱིན་པ་ཡིན་ནའང་ཆོས་ཁས་མི་ལེན་པའི་རྐྱེན་གྱིས་བདེན་པ་ཡང་ཁས་མི་ལེན་པ་བྱེད་དགོས་པའི་རྒྱུ་མཚན་མེད་པ་རེད། བདེན་པ་ཞེས་པ་ནི་ཆོས་ཡོད་མེད་ཚང་མས་བརྩི་དགོས་པ་ཞིག་དང་ཁས་ལེན་དགོས་པ་ཞིག་ཡིན། གནས་ཚུལ་གང་ཞིག་ཐག་གཅོད་བྱེད་དགོས་ཀྱི་ཡོད་རུང་དང་པོ་དེ་བདེན་པ་ལ་གཞི་གདན་བཅོལ་དགོས་པ་དེ་གལ་ཆེ་ཤོས་ཡིན་པ་དང༌། བདེན་པ་ལ་གཞི་གདན་བཅོལ་བའི་ལས་ཀ་དེར་འཚེ་བ་མེད་པ་རེད། བདེན་པ་ཟེར་བ་ཙམ་གྱིས་འཚཻ་བ་མེད་པ་ཞེས་མ་བརྗོད་ཀྱང་ཆོག་པ་ཞིག་རེད།

བདག་ཉིད་ཆེན་པོ་གྷན་རྡིས་ག་དུས་ཡིན་ནའང་འཚེ་བ་མེད་པ་ཉིད་བདེན་པ་དང༌། བདེན་པ་ཉིད་འཚེ་བ་མེད་པ་རེད་ཅེས་གསུང་གི་ཡོད་པ་རེད། ང་ཚོས་དམིགས་སུ་བཀར་ཏེ་བདེན་པ་ལ་གཞི་བཅོལ་བ་ཙམ་དུ་མ་ཟད། ལག་ལེན་དངོས་སུ་བསྟར་བའི་སྐབས་སུ་ངེས་པར་དུ་འཚེ་བ་མེད་པ་ཡིན་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་ལྟ་གྲུབ་ཀྱི་གཞི་གདན་གཉིས་པ་དེ་འཚེ་བ་མེད་པ་ཞེས་པ་དེ་བཞག་དགོས་ཀྱི་ཡོད་པ་རེད། བདེན་པ་དང་འཚེ་བ་མེད་པའི་ལས་རིམ་དེ་དངོས་སུ་ལག་ལེན་དུ་བསྟར་བའི་སྐབས་ལ་ཆབ་སྲིད་ཀྱི་ལམ་སྲོལ་ག་འདྲ་ཞིག་བསྟར་དགོས་ཀྱི་རེད་དམ་ཞེ་ན། ཡང་དག་པའི་མང་གཙོའི་རིང་ལུགས་ལག་བསྟར་དགོས་ཀྱི་ཡོད་པ་རེད། མང་གཙོའི་རིང་ལུགས་ཞེས་ཚིག་དེ་གཅིག་པུ་མ་ཡིན་པར་དེའི་འགོ་ལ་ཡང་དག་པ་ཞེས་པའི་ཚིག་དེ་བཏགས་དགོས་ཀྱི་ཡོད་པ་རེད། དེ་ལྟར་སྦྱར་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། དེང་སྐབས་མང་གཙོ་ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་མཁན་འདྲ་མི་འདྲ་སྣ་ཚོགས་ཤིག་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམངས་གཙོ་ཟེར་བའི་ཚིག་དེ་གལ་ཆེན་ལ་རྩིས་ཀྱི་ཡོད་པ་རེད། དེ་བཞིན་ནུབ་ཕྱོགས་པའི་བསམ་ཚུལ་གྱི་མང་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ཀྱང་མང་པོ་ཞིག་ཡོད་པ་རེད།

དེ་ཚོ་ཚང་མ་སྟོན་པ་བདེ་བར་བཤེགས་པས་བསྟན་པའམ། ཡང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐུགས་ལ་དགོངས་པའི་མང་གཙོའི་རིང་ལུགས་ཆ་ཚང་བ་ཞིག་ཆགས་ཀྱི་མེད་པ་རེད། དེ་དག་ལ་འགྲེལ་བཤད་རྒྱས་པ་རྒྱག་མ་དགོས་པར་དེ་གས་འཐུས་པ་བྱེད་རྒྱུ་ཡིན། ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་བ་དེ་ག་འདྲ་ཞིག་དགོས་ཀྱི་རེད་དམ་ཞེ་ན། བསྡོམས་བརྒྱབས་ཏེ་བཤད་པ་ཡིན་ན་སྤྱི་ཚོགས་ནང་གི་དབང་འཛིན་པ་དང་དབང་དུ་བསྒྱུར་ཡུལ་གྱི་མང་ཚོགས་བར་དབྱེ་བ་དང་ཁྱད་པར་མེད་པ་ཞིག་དང༌། གཞུང་གི་དབང་འཛིན་པ་དེ་ཚོས་དབང་འཛིན་གྱི་ལས་དོན་བྱེད་ཕྱོགས་དང་དབང་འཛིན་གྱི་ལས་དོན་བྱེད་ཡུལ་གྱི་མི་མང་གཉིས་ཀྱི་དབར་རྒྱང་ཕད་མེད་པ་དང༌། ཁྱད་པར་མེད་པ་ཞིག་ཆགས་སོང་བ་ཡིན་ན་ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་གྱི་ཡོད་པ་རེད། དེ་ལྟར་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ནང་དུ་ཞིབ་ཚགས་པོས་ཕྱིན་པ་ཡིན་ན། དབང་ཆ་ཆ་བགོས་དང་དབང་ཆ་ཐ་དད། ལྗིད་མཉམ་བཏང་འཛིན་ཟེར་བ་སོགས་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་མང་པོ་ཞིག་སླེབས་ཀྱི་ཡོད་པ་རེད། སྒྲིག་འཛུགས་ཀྱི་ཆ་ནས། ལྟ་གྲུབ་ཀྱི་ཆ་ནས། དེ་གཉིས་ཆ་ཚང་བ་ཞིག་བྱུང་བ་ཡིན་ན་ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་གྱི་ཡོད་པ་རེད། དེ་འདྲའི་ལམ་སྲོལ་ཞིག་བརྒྱུད་ནས་ཐག་གཅོད་བྱེད་རྒྱུ་དེ་ང་ཚོས་འདོར་དུ་མི་རུང་བའི་ཕྱག་རྒྱ་གསུམ་པོ་དེ་རེད། བདེན་པ་མ་ཡིན་པ་ཞིག་བཤད་ན་སང་ཉིན་བོད་རང་བཙན་ཐོབ་ཀྱི་རེད་ཅེས་བརྗོད་ན་ང་ཚོས་སྐྱག་རྫུན་མི་བཤད་རྒྱུ་དེ་བདམས་རྒྱུ་ལས་སྐྱག་རྫུན་བཤད་ནས་བོད་རང་བཙན་ལེན་ཐབས་བྱེད་རྒྱུ་དེ་མི་བདམས་པ་རེད།

ཆུང་ས་ཞིག་ནས་ཆ་མཚོན་ནའང་སྒོར་འབུམ་ཕྲག་མང་པོ་ཞིག་གི་གྱོང་གུན་རག་གི་ཡོད་ནའང་སྐྱག་རྫུན་མི་བཤད་རྒྱུ་དེ་འདེམས་དགོས་ཀྱི་ཡོད་པ་རེད། གང་ལྟར་བདེན་པ་དང་རྫུན་མ་གཉིས་ཀྱི་བདམས་ཀ་དེ་ཁེ་གྱོང་གང་ཞིག་ཡོད་ཀྱང་བདེན་པ་དང་རྫུན་མ་མིན་པ་དེ་གདམ་རྒྱུ་ཡིན་པ་རེད། འཚེ་བ་མེད་པ་ཞེས་པ་དེའང་འཚེ་བ་ཕྲ་མོ་ཞིག་ཡོད་ཕྱིན་ཆད་ལ་ང་ཚོས་དོན་དག་རླབས་པོ་ཆེ་ག་འདྲ་ཞིག་སྒྲུབ་ཐུབ་ཀྱི་ཡོད་ནའང་འཚེ་བ་སྤང་དགོས་ཀྱི་ཡོད་པ་རེད། དཔེར་ན་དེ་རིང་འཚེ་བ་ཞིག་བྱས་ཚེ་སང་ཉིན་བོད་རང་བཙན་ཐོབ་ཀྱི་ཡོད་ནའང་ང་ཚོས་འཚེ་མེད་ཞི་བའི་ལམ་དེ་བདམས་ཏེ་རང་བཙན་བློས་གཏང་རྒྱུ་ཡིན་པ་རེད། མང་གཙོའི་རིང་ལུགས་དེ་བློས་བཏང་བ་ཡིན་ན་འགྲིག་གི་རེད། ད་ལྟ་ང་ཚོས་རང་དབང་གི་འཐབ་རྩོད་བྱེད་བཞིན་པའི་སྐབས་རེད་གསུང་མཁན་དེ་འདྲ་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་འཕྲལ་ཕུགས་རྒྱང་གསུམ་གྱི་ང་ཚོའི་གནས་སྟངས་ཀྱི་ཆ་ནས་མང་གཙོའི་རིང་ལུགས་བློས་གཏོང་ཐབས་མེད་པ་ཞིག་རེད། གོང་དུ་བཤད་པའི་གནད་དོན་དེ་དག་ནི་ང་ཚོའི་རྩ་འཛིན་གྱི་ཕྱག་རྒྱ་གསུམ་པོ་དེ་ཡིན། ད་ལྟ་བཙན་བྱོལ་བོད་གཞུང་གི་རྩ་འཛིན་གྱི་ཕྱག་རྒྱ་གསུམ་པོ་དེ་དང་བརྒྱ་ཆ་བརྒྱ་ཐམ་པ་མ་འགལ་བ་འགྲོ་ཐུབ་ཀྱི་ཡོད་དམ་ཞེས་དྲིས་པ་ཡིན་ན། དེ་དཀའ་ལས་ཁག་པོ་ཡིན་པ་རེད། གང་ཐུབ་ཀྱིས་ལག་ལེན་བསྟར་བཞིན་ཡོད་ནའང་སྒྲུབ་མ་ཐུབ་པའི་གནས་སྐབས་མང་པོ་ཞིག་ཡོང་གི་ཡོད་པ་རེད། ང་ཚོས་བདེན་པ་མ་ཡིན་པ་ཞིག་གསར་དུ་མི་བཤད་པའི་འབད་བརྩོན་བྱས་རུང༌། དེ་སྔོན་ནས་བདེན་པ་མ་ཡིན་པ་ཞིག་ལག་ལེན་བསྟར་ཚར་བ་ཡིན་ན། རྫུན་ཁུངས་བརྟོལ་རྒྱུའི་བློ་ཁོག་དེ་ང་ཚོར་རྙེད་ཀྱི་མེད་པ་རེད།

དེས་སྐྱག་རྫུན་བཤད་དགོས་པ་དེ་འདྲ་ཚར་འགའ་ཞིག་བྱུང་ཡོད་པ་རེད། ང་ཚོའི་རྩ་འཛིན་གྱི་ཕྱག་རྒྱ་རེད་དེ། མཚམས་རེ་འགལ་འགྲོ་གི་ཡོད་པ་རེད། འཚེ་བ་མེད་པ་ཞེས་པ་ནི་ཀུན་སློང་དང་འདུ་ཤེས་ལ་མང་ཆེ་བ་རག་ལས་ཡོད་ཙང་འཚེ་བ་མེད་པ་བྱ་རྒྱུ་དེ་བདེན་པ་ལས་ཅུང་ཟད་ལས་སླ་བ་ཡོད་པ་རེད། འོན་ཀྱང་མཚམས་རེར་དངོས་ཤུགས་བརྒྱུད་གསུམ་ནས་འཚེ་བ་བྱུང་ཡོད་ཀྱི་རེད་སྙམ། ང་ཚོ་ཉོན་མོངས་མ་སྤངས་པའི་གང་ཟག་ཤ་སྟག་ཡིན་ཙང་ཡོང་སྲིད་པ་ཞིག་རེད་བསམ་གྱི་འདུག ཡིན་ནའང་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བདེན་པ་དང་འཚེ་བ་མེད་པའི་ཐབས་ལམ་ཐོག་འགྲོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་བ་དེ་དཀའ་ལས་ཁག་ཤོས་དེ་ཡིན་པ་རེད། དེ་ནི་བཀའ་ཤག་དང་ྋགོང་ས་མཆོག་གི་ཕྱག་ལ་ཡོད་པ་ཞིག་མ་རེད། དེ་ནི་བོད་མི་མང་ཚོགས་སྤྱི་ཡོངས་ཀྱི་གནས་ཚད་དང་བསྟུན་དགོས་པ་ཞིག་རེད། ད་ལྟ་ང་ཚོས་གང་ཐུབ་ཅྀ་ཐུབ་ཀྱིས་མང་གཙོའི་རིང་ལུགས་ལག་བསྟར་བྱ་རྒྱུར་འབད་བརྩོན་བྱེད་བཞིན་དུ་ཡོད་ཀྱང༌། ཕྱི་ལོ་ ༡༩༩༩ ནས་ད་བར་དུ་ཕྱོགས་ཁ་ཤས་ནས་བལྟས་པ་ཡིན་ན། ལོ་ངོ་བཅོ་ལྔ་དང་བཅུ་དྲུག་ཙམ་གྱི་རིང་ལ་བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་རིང་ལུགས་ལག་བསྟར་བྱེད་ཀྱི་ཡོད་ནའང༌། ང་ཚོས་ཞིབ་ཚགས་པོས་བལྟས་པ་ཡིན་ན་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གནས་དགོས་ཀྱི་ཡོད་པ་རེད། དེ་ནི་མང་གཙོའི་རིང་ལུགས་སྲུང་སྐྱོབ་བྱེད་མཁན་གྱི་འགན་འཛིན་ཡོད་ན་མེད་ན་དེ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་ཡང་དག་པའི་མང་གཙོའི་རིང་ལུགས་ཡོང་དང་མི་ཡོང་གནས་ཚུལ་ཅི་རིགས་ཤིག་ཡོང་བསྡད་ཀྱི་ཡོད་པ་རེད། དེར་རྒྱ་ཆེ་མང་ཚོགས་ཀྱིས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་རེད། རྒྱ་ཆེ་མང་ཚོགས་ཀྱི་གནས་ཚད་མཐོ་རུ་མ་ཕྱིན་གྱི་བར་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་ཚད་མཐོ་རུ་འགྲོ་གི་མ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་གནས་ཚད་མཐོ་རུ་མ་ཕྱིན་གྱི་བར་དུ་ཡང་དག་པའི་མང་གཙོའི་རིང་ལུགས་ཟེར་བ་དེ་ཤོག་བུའི་ནང་དང༌། ཡང་མིན་ན་རས་ཕད་ཀྱི་ནང་དུ་ལུས་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། གཞི་འཛིན་ལྟ་གྲུབ་ཀྱི་ཕྱག་རྒྱ་གསུམ་པོ་བརྗོད་རྒྱུ་དེ་ཙམ་གྱིས་འགྲིག་པ་བྱ་རྒྱུ་ཡིན།

དེ་ནས་གཞུང་ཟེར་བ་དེ་ག་འདྲ་ཞིག་ཡིན་རུང༌། གཞུང་ཙམ་དུ་མ་ཟད་གང་ཟག་སྒེར་ཞིག་ཡིན་རུང༌། བྱ་བ་ག་འདྲ་ཞིག་བརྩམས་པ་ཡིན་ནའང་བྱ་བ་དེར་དམིགས་ཡུལ་ཞིག་དགོས་པ་རེད། རྟོག་ལྡན་གྱི་བྱ་བ་ལ་དགོས་པ་ཡོད་པའི་ཁྱབ་ཅེས་སྔར་གྱི་བཤད་སྲོལ་ཡོད་པ་ཞིག་རེད། དམིགས་ཡུལ་དང་དགོས་པ་གང་ཡིན་གསལ་པོ་ཞིག་མ་ཆགས་ཚེ་ལས་གང་ཞིག་བྱས་ཀྱང་དོན་མེད་ཀྱི་རང་བཞིན་ཆགས་ཀྱི་ཡོད་པ་རེད། དེང་སང་འཛམ་གླིང་གི་ནང་དུ་ན་གཞོན་མང་ཆེ་བ་ཞིག་གི་མི་ཚེ་འཕྲོ་བརླག་འགྲོ་གི་ཡོད་པ་དེ་མི་ཚེའི་ནང་དུ་སོ་སོ་འཚོ་བའི་དགོས་པ་དང་དམིགས་ཡུལ་གསལ་པོ་མ་ཤེས་པའི་དབང་གིས་ལྷགས་པས་གང་འཁྱེར་ལྟ་བུ་ཆགས་འགྲོ་གི་ཡོད་པའི་དབང་གིས་ཡིན་པ་རེད། བཙན་བྱོལ་གཞུང་གི་དགོས་དམིགས་གང་ཞིག་ཡིན་མིན་གསལ་པོ་བཟོ་དགོས་པ་དེ་མེད་དུ་མི་རུང་བའི་གལ་འགངས་ཆེ་ཤོས་ཡིན་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་གནང་བའི་བཙན་བྱོལ་གཞུང་གི་མཐར་ཐུག་གི་དམིགས་ཡུལ་དེ་བོད་ལྗོངས་ཡོངས་སུ་རྫོགས་པ་དེ་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང༌། དེའི་ནང་དུ་གནས་པའི་བོད་མི་ཡོངས་སུ་རྫོགས་པ་དེ་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་བཅས་ཡིན་པ་རེད། དེ་ནི་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་རེད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་འཚེ་མེད་ཞི་བའི་བསྟི་གནས་ཀྱི་སྤྱི་ཚོགས་བསྐྲུན་རྒྱུ་དེ་ཁོ་ན་ཡིན་པ་ལས་དེ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད། ྋགོང་ས་མཆོག་གི་ཞི་བའི་གྲོས་འཆར་གྱི་དོན་ཚན་ལྔ་ཡི་དང་པོ་དེར་བོད་དེ་འཚེ་མེད་ཞི་བའི་བསྟིེ་གནས་ལ་བསྒྱུར་རྒྱུ་ཞེས་འཁོད་ཡོད།

བོད་འདི་འཚེ་མེད་ཞི་བའི་བསྟིེ་གནས་ལ་བསྒྱུར་དགོས་དོན་ནི་སེམས་ཅན་སྤྱི་ཡོངས་ཀྱི་དོན་དུ་ཡིན་པ་ལས་བོད་པ་རྐྱང་པའི་ཆེད་དུ་མ་ཡིན། ས་ཁྲ་དང་དཔར་རིས་ཀྱི་ཐོག་རྒྱང་རིང་ནས་བལྟས་པ་ཡིན་ན། བོད་ཀྱི་ས་བབས་དཻ་འབུར་དུ་ཐོན་པའི་འཛམ་གླིང་གི་ཡང་རྩེར་བོད་པ་ཆགས་བསྡད་ཡོད་པ་ཞིག་རང་བཞིན་དུ་མཐོང་ཐུབ་ཀྱི་ཡོད། འཛམ་གླིང་གི་རྩེ་མོར་གནས་པའི་བོད་འདི་འཚེ་མེད་ཞི་བའི་བསྟིེ་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བར་བསྒྱུར་མ་ཐུབ་པ་ཡིན་ན། འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་ཡོང་རྒྱུ་ཡིན་པ་དེ་བརྗོད་མི་དགོས་པ་ཞིག་རེད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་བོད་དང་བོད་མིའི་སྤྱི་ཚོགས་དེ་འཚེ་མེད་ཞི་བའི་བསྟི་གནས་དང་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ཁོ་ན་ཡིན་པ་རེད། དམིགས་ཡུལ་དེ་སྒྲུབ་པ་བྱེད་པ་ལ་གནས་སྐབས་ཀྱི་དམིགས་ཡུལ་གང་ཡིན་པ་དེ་ངོས་ཟིན་དགོས་པ་དེ་ཡིན། གནས་སྐབས་ཀྱི་དམིགས་ཡུལ་དེར་ང་ཚོས་སྡེ་ཚན་གསུམ་གྱི་ནང་དུ་ཕྱོགས་སྡོམ་རྒྱག་གི་ཡོད། དང་པོ་དེ་ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞིག་འཐོབ་པ་བྱ་རྒྱུ། འཚེ་མེད་ཞི་བའིེ་བསྟི་གནས་ལ་བསྒྱུར་རྒྱུ་དང་འཚེ་མེད་ཞི་བའི་སྤྱི་ཚོགས་བསྐྲུན་རྒྱུར་བོད་མི་རིགས་ལ་ཆབ་སྲིད་ཀྱི་གནས་བབས་ཆ་ཚང་ཞིག་མེད་པ་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་ཤུགས་ཀྱིས་དབང་བསྒྱུར་འོག་ཏུ་ང་ཚོས་དེ་སྒྲུབ་ཐབས་མེད་པ་རེད། དེར་བརྟེན་ང་ཚོར་ད་ལྟ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་དགོས་པ་དེ་ཐབས་ལམ་ཞིག་རེད།

མཐར་ཐུག་གི་དམིགས་ཡུལ་དེ་གཉིས་སྒྲུབ་པའི་ཆེད་དུ་ཐབས་ལམ་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་དང་རང་སྲིད་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞིག་དགོས་པ་དེ་ཡིན། དེ་ནི་གནས་སྐབས་ཀྱི་ཐབས་ལམ་དང་ཡང་ན་མཐར་ཐུག་གི་དམིགས་ཡུལ་སྒྲུབ་པའི་ཐབས་ཟེར་ཡང་རུང༌། ང་ཚོའི་དམིགས་ཡུལ་དེ་མ་འགྲུབ་བར་དུ་བོད་ནང་དུ་ཡོད་པའི་བོད་མི་ཚོའི་དཀའ་ངལ་གང་ཐུབ་ཅི་ཐུབ་ཀྱིས་སེལ་ཐབས་སུ་རོགས་སྐྱོར་བྱ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཉིས་པ་དེ་ཡིན། གསུམ་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དེ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བོད་མིའི་རིག་གཞུང་དང་ལེགས་བྱང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། བཙན་བྱོལ་བོད་གཞུང་གི་མཐར་ཐུག་གི་དམིགས་ཡུལ་གོང་དུ་ཞུས་པ་དེ་གཉིས་ཀྱི་ཆེད་དུ་གནས་སྐབས་ཀྱི་དམིགས་ཡུལ་ལ་བོད་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་གི་གནས་བབས་འཐོབ་ཐབས་བྱེད་རྒྱུ་དང༌། བོད་ནང་གི་བོད་མི་ཚོར་དཀའ་ངལ་ཆུང་དུ་གཏོང་ཐབས། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་འཚོ་ཐབས་ཡར་རྒྱས་འགྲོ་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་གི་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུ་དེ་གསུམ་ཡིན། དེ་གསུམ་ནི་ང་ཚོས་འཕྲལ་དུ་སྒྲུབ་དགོས་པའི་གནས་སྐབས་ཀྱི་དམིགས་ཡུལ་གསུམ་པོ་དེ་ཡིན།

གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་དེ་ཚོ་སྒྲུབ་པར་བྱེད་པ་ལ་བཙན་བྱོལ་གཞུང་ལ་ལས་འགན་གང་དང་གང་ཡོད་དམ་ཞེ་ན། དང་པོ་དེ་བོད་མི་རིགས་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་འཐོབ་པའི་ཆེད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མེས་ཚིགས་མེར་གཏུགས་ཀྱིས་སྐད་ཆ་བཤད་རྒྱུ་དེ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྐད་ཆ་མ་བཤད་པར་ང་ཚོས་བོད་ནང་གི་ཆབ་སྲིད་ལ་འགྱུར་བ་གཏོང་ཐབས་མེད་པ་རེད། དེ་ནི་ང་ཚོའི་ལས་འགན་གཙོ་བོ་དེ་ཡིན། ང་ཚོའི་ལས་འགན་གཉིས་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་བོད་མིའི་གནས་ཡུལ་སྡོད་སྒར་ཁག་རྣམས་སོར་གནས་ཡོང་རྒྱུ་དང༌། ཤེས་ཡོན་གྱི་ལམ་སྲོལ་རྣམས་ཡར་རྒྱས་ཡོང་ཐབས། ན་གཞོན་ཚོར་ཤེས་ཡོན་སློབ་གསོ་ཚད་ལྡན་ཞིག་སྤྲད་ཐུབ་པ་བྱ་རྒྱུའི་ལས་འགན་དང༌། དེ་བཞིན་ད་དུང་བཙན་བྱོལ་དུ་རྒྱུན་རིང་གནས་དགོས་གྱུར་ཚེ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་གནས་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཁ་ཐོར་དུ་མ་འགྲོ་བར་གནས་ཐབས་བྱ་རྒྱུ་བཅས་ནི་ང་ཚོས་སྒྲུབ་དགོས་པའི་ལས་འགན་གཙོ་བོ་དེ་རྣམས་ཡིན་ཞེས་བརྗོད་རྒྱུ་ཡིན།

གོང་དུ་བཤད་པའི་མཐར་ཐུག་གི་དམིགས་ཡུལ་དང་གནས་སྐབས་ཀྱི་དམིགས་ཡུལ་དེ་དག་སྒྲུབ་པའི་ཆེད་དུ་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ཞིག་འཐོབ་པའི་ཆེད་དུ་རྩོད་གླེང་ཞིག་བྱེད་ཀྱི་ཡོད་པ་རེད། རྩོད་གླེང་བྱེད་པའི་སྐབས་སུ་ང་ཚོས་དཀའ་རྙོག་གི་གནས་སྟངས་དེ་གསལ་པོར་ངོ་ཤེས་དགོས་པ་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བགྲོ་གླེང་དང་འབྲེལ་མོལ་བྱེད་ཀྱི་ཡོད་ལ། འབྲེལ་བ་བྱས་ཏེ་དམིགས་ཡུལ་སྒྲུབ་པའི་ཆེད་དུ་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ང་ཚོའི་བར་གྱི་དཀའ་ངལ་དང་རྩོད་གཞི་གང་ཡིན་པ་དེ་བཙན་བྱོལ་གཞུང་གིས་གསལ་པོ་བྱས་ཏེ་ངོ་ཤེས་ཐུབ་པ་ཞིག་དགོས་རྒྱུ་དེ་གལ་གནད་ཤིན་ཏུ་ཆེ་བ་ཡིན། ཅི་སྟེ་དེ་གསལ་པོ་མ་རྟོགས་པ་ཡིན་ན་ང་ཚོའི་འཐབ་རྩོད་དེ་འབེན་མ་མཐོང་བར་མདའ་འཕེན་པ་ལྟ་བུ་ཞིག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཞིག་རེད།

ང་ཚོས་རྩོད་ལེན་བྱེད་བཞིན་པའི་འཐབ་རྩོད་ཀྱི་ངོ་བོ་གང་ཡིན་པ་དེ་གསལ་པོ་བྱས་ཏེ་ངོ་ཤེས་དགོས་ཀྱི་ཡོད་པ་རེད། ལྔ་བཅུ་ང་གྲངས་ཀྱི་འགོ་དང་དྲུག་ཅུ་རེ་གྲངས་ཀྱི་ལོ་འགོ་ཙམ་དུ་ནུབ་ཕྱོགས་པ་མང་པོ་ཞིག་གིས་ང་ཚོ་བོད་དང་རྒྱ་ནག་དབར་གྱི་འགལ་ཟླ་དེ་བཞིན་ཆབ་སྲིད་ཀྱི་ལྟ་གྲུབ་ཐད་ཀྱི་འགལ་ཟླ་ཞིག་དང༌། དེའང་དམར་པོའི་རིང་ལུགས་དང་མ་རྩའི་རིང་ལུགས་བར་གྱི་འཐབ་རྩོད་ཅིག་ཡིན་པར་ངོས་འཛིན་དང༌། བོད་ལ་རོགས་སྐྱོར་བྱ་རྒྱུ་དེ་བཞིན་དམར་པོ་འགོག་ཐབས་དང་མང་གཙོ་སྤེལ་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད། དེའི་ཆེད་དུ་ང་ཚོར་རོགས་པ་བྱེད་མཁན་མང་པོ་ཞིག་བྱུང་ཡོད་ཀྱང་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ངོ་མ་དེ་མ་རེད། ྋགོང་ས་མཆོག་གིས་རྒྱུན་དུ་བཀའ་སློབ་གནང་དོན་ཞིག་ལ། ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་ག་འདྲ་ཞིག་འཛིན་མིན་དེ་བོད་མི་མང་ཚོགས་ནས་ཐག་གཅོད་བྱ་རྒྱུ་ལས་འོས་གཞན་མེད་ཅེས་གསུངས་ཡོད།

བོད་མི་མང་ཚོགས་དམར་པོའི་རིང་ལུགས་ལ་འདོད་མོས་ཡོད་ན་དམར་པོའི་རིང་ལུགས་བྱ་རྒྱུ་དང༌། དཔལ་འབྱོར་གྱི་ཆ་ནས་མ་རྩའི་རིང་ལུགས་དང་ཆབ་སྲིད་ཀྱི་ཆ་ནས་མང་གཙོའི་རིང་ལུགས་གང་ཞིག་བློ་འདོད་ཡོད་ན་དེ་རང་བྱ་རྒྱུ་ལས་མི་གཞན་སུས་ཀྱང་འགོག་ཐབས་དང་ཡང་ན་བཙན་དབང་གིས་ང་ཚོར་མགོ་ཐོག་ཏུ་གཡོག་ཐབས་མེད་པ་ཞིག་རེད། དེ་ནི་བོད་མི་མང་རང་ཉིད་ནས་བདམས་ཀ་བྱས་ཏེ་ཐག་གཅོད་བྱ་རྒྱུ་དེ་རེད། ད་ལྟ་ང་ཚོའི་མདུན་དུ་ཡོད་པའི་དཀའ་ངལ་དེ་ཆབ་སྲིད་ཀྱི་ལྟ་གྲུབ་རྐྱེན་གྱིས་མ་ཡིན་པར་བོད་དང་བོད་མིའི་གཞི་རྩའི་ཁེ་ཕན་ཆེད་དུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་རོགས་ཕན་གནང་བ་དེ་བོད་མིའི་ཁེ་ཕན་ཆེད་དུ་ཡིན་དགོས་པ་ལས་རོགས་རམ་བྱེད་མཁན་དེའི་ཆབ་སྲིད་ཀྱི་ལྟ་གྲུབ་སྤེལ་ཐབས་ཆེད་དུ་ཡིན་ཚེ་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དང་མ་འཚམས་པ་རེད། དེ་ནི་སོ་སོའི་ཆོས་ལུགས་གཞན་ལ་སྤེལ་ཐུབ་པའི་ཆེད་དུ་རོགས་རམ་བྱས་པའི་ཐབས་ཤེས་དང་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད། ང་ཚོའི་འཐབ་རྩོད་དེ་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་མ་ཡིན་པར་གསལ་པོ་ཤེས་དགོས་པ་དེ་ཡིན། ཡང་འགའ་ཞིག་གིས་ང་ཚོའི་འཐབ་རྩོད་དེ་མི་རིགས་ཀྱི་འཐབ་རྩོད་ཅིག་དང་དེའང་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀྱི་འཐབ་རྩོད་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། ད་ལྟའི་གནས་སྐབས་སུ་བོད་ཀྱི་ནང་དུ་མི་རིགས་ཀྱི་འཐབ་རྩོད་ཡོད་པ་རེད། མི་རིགས་ཆེ་ཆུང་གིས་གཅིག་གིས་གཅིག་ལ་གཉའ་གནོན་དང་བཤུ་གཞོག་དང་འདྲ་མཉམ་མ་བྱས་པའི་རྐྱེན་གྱིས་དཔེར་ན་མི་གཉིས་འཁྲུངས་འཛིང་ཤོར་ཚེ་རིམ་བཞིན་མི་རིགས་ཀྱི་འཐབ་རྩོད་དུ་འགྱུར་འགྲོ་བ་དང༌། རྒྱ་གར་ལ་ཆ་མཚོན་ནའང་མི་གཉིས་འཁྲུགས་འཛིང་ཤོར་ཚེ་ཆོས་ལུགས་དང་མི་རིགས་ཀྱི་གནས་ཚུལ་ཆགས་འགྲོ་བ་དེ་འདྲ་ཡོད་བཞིན་པ་རེད། དེ་བཞིན་བོད་ནང་དུ་མི་གཉིས་འཁྲུགས་འཛིང་ཤོར་ཚེ་བོད་རྒྱ་མི་རིགས་ཀྱི་འཐབ་རྩོད་ལྟ་བུར་ཆགས་འགྲོ་གི་ཡོད་པ་རེད། འོན་ཀྱང་ང་ཚོའི་རྩ་བའི་འཐབ་རྩོད་དེ་མི་རིགས་གཉིས་མཉམ་གནས་མ་ཐུབ་པའི་གནས་སྟངས་རྩ་བ་ནས་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བསམ་ཚུལ་འཁྱེར་ཏེ་བཙན་འཛུལ་བྱས་པ་ཞིག་མ་རེད།

བོད་རྒྱ་མི་རིགས་གཉིས་མི་རིགས་འཐབ་རྩོད་ཀྱི་ལྟ་བ་འཁྱེར་ཏེ་དགྲ་འཛིན་བྱེད་པའི་གནད་དོན་ཞིག་མ་རེད། ད་ལྟའི་ཆར་ཡང་རྒྱ་རིགས་མང་པོ་ཞིག་ནས་བོད་ཀྱི་རྩ་དོན་ཆེད་དུ་རྒྱབ་སྐྱོར་ལྷག་བསམ་ཆེན་པོས་བྱེད་ཀྱིན་ཡོད་པ་རེད། རྒྱ་རིགས་ཡིན་ཕྱིན་ཆད་ལ་ང་ཚོས་ཁོ་ཚོ་དོར་དགོས་དོན་མེད། རྒྱ་རིགས་ནི་ང་ཚོའི་གྲོགས་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། བོད་ཀྱི་རྩ་དོན་ལ་གནོད་སྐྱོན་གཏོང་མཁན་རྒྱ་རིགས་ལས་བོད་རིགས་སྡུག་པ་ཡོད་པ་རེད། འདས་པའི་དུས་སུ་རྒྱ་མི་བོད་ལ་ཐོག་མར་ཡོང་བ་དང༌། བར་དུ་དབང་སྒྱུར་གྱི་དུས་རིམ་དང་ད་ལྟའི་གནས་སྐབས་བཅས་སུ་བོད་རྒྱ་ཞི་མོལ་མི་ཡོང་བའི་འགལ་རྐྱེན་དང་དཀྲོག་གཏམ་བཟོ་མཁན་གྲས་སུ་བོད་རིགས་མང་བ་ཡོད་པ་རེད། དེར་བརྟེན་བོད་ཀྱི་རྩ་དོན་གྱི་འཐབ་རྩོད་དེ་མི་རིགས་འཐབ་རྩོད་ཀྱི་ངོ་བོར་འགྱུར་ཐབས་མེད་པ་ཞིག་རེད། ཡང་ཁ་ཤས་ཀྱིས་སྲིད་དབང་གི་འཐབ་རྩོད་རེད་ཅེས་བཤད་ཀྱི་ཡོད་པ་རེད། དེའང་ྋརྒྱལ་བ་རིན་པོ་ཆེའི་སྲིད་དབང་ཤོར་ཙང་སྲིད་དབང་བསྐྱར་གསོ་བྱེད་རྒྱུའི་ཆེད་དུ་རེད། དེ་མཚུངས་རྒྱ་མིས་སྤྱི་ཚོགས་རྙིང་པ་དང༌། བཀས་བཀོད་རྒྱུད་འཛིན་རིང་ལུགས་རོ་ལངས་རྒྱག་རྒྱུའི་ཆེད་དུ་རེད་ཅེས་རྟག་ཏུ་བཤད་ཀྱི་ཡོད་པ་རེད། སྤྱི་ཚོགས་རྙིང་པ་དང་སྲིད་གཞུང་རྙིང་པའི་ལམ་ལུགས་སླར་གསོ་བྱ་རྒྱུར་ང་ཚོའི་རྨི་ལམ་དུ་ཡང་མེད་པ་ཞིག་རེད། ྋགོང་ས་མཆོག་གིས་ པྱི་ལོ་ ༡༩༩༢ ནས་བཟུང་གསལ་པོ་གསུང་དོན་ཞིག་ལ་བོད་རྒྱ་ཞི་མོལ་བྱུང་བའི་ཉིན་མོ་ནས་བཟུང་སྟེ་ྋརྒྱལ་བ་རིན་པོ་ཆེ་ལ་སྲོལ་རྒྱུན་ཐོག་ཡོད་པའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མཚམས་འཇོག་གནང་གི་ཡིན་ཞེས་བཀའ་གནང་ཡོད་པ་རེད། ད་ལྟའི་གནས་སྐབས་ལའང་མི་མང་གིས་ྋགོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་ཡོང་བ་ཞེས་རྩེ་གཅིག་གིས་གསོལ་འདེབས་ཞུས་དང་ཞུ་བཞིན་པ་ཞིག་ལས་ྋགོང་ས་མཆོག་ནས་ཆབ་སྲིད་ཐུགས་འགན་བཞེས་འདོད་ནམ་ཡང་གནང་གི་མེད་པ་རེད།

ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་ཆབ་སྲིད་ཀྱི་དབང་ཆ་བོད་རྒྱ་སུས་འཛིན་གྱི་ཡོད་མེད་ཀྱི་གནད་དོན་ཞིག་རྩ་བ་ནས་ཆགས་མེད་པ་རེད། ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་མ་ཡིན་པ་དང༌། མི་རིགས་ཀྱི་འཐབ་རྩོད་མ་ཡིན་པ། ཆབ་སྲིད་ཀྱི་དབང་ཆ་སུས་བཟུང་དང་མ་བཟུང་གི་འཐབ་རྩོད་མ་ཡིན་པ་བཅས་ལ་དབྱེ་བ་གསལ་པོ་ཕྱེ་དགོས་པ་ཞིག་ཡིན། ང་ཚོའི་འཐབ་རྩོད་དེ་ག་རེའི་ཆེད་དུ་ཡིན་ནམ་ཞེ་ན། ཆབ་སྲིད་ཀྱི་ལམ་སྲོལ་དང་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་སྟངས་བཅས་ཀྱི་ཐད་ད་ལྟའི་བྱེད་སྟངས་དེ་འགྲིག་གི་མི་འདུག་བརྗོད་ཀྱི་ཡོད་པ་རེད། བོད་མི་ལ་རང་དབང་དགོས་ཀྱི་འདུག རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད་པ་རེད། མ་འོངས་པར་ཞི་འགྲིགས་བྱུང་མཚམས་ཆབ་སྲིད་དབང་སྒྱུར་བྱེད་མཁན་གྱི་མི་དེ་བོད་རྒྱ་སུ་ཡིན་དབྱེ་བ་མེད་པ་རེད། གཙོ་བོ་འགོ་ཁྲིད་དེའི་ལས་ཀ་བྱེད་ཕྱོགས་དེ་བོད་མི་མང་གི་མངོན་འདོད་དང་འཚམས་ཀྱི་ཡོད་མེད་བལྟ་དགོས་པ་དེ་ཡིན་པ་རེད།

བོད་མི་མང་གི་མངོན་འདོད་དང་ཡོངས་སུ་མཐུན་པ་ཞིག་ཡིན་ཕྱིན་འགོ་ཁྲིད་ཀྱི་འགན་འཁུར་སུས་བྱེད་ཀྱང་ཆོག་པ་ཞིག་རེད། ང་ཚོས་སུས་དབང་སྒྱུར་བྱེད་མིན་ལ་ལྟ་གི་མེད་པར་དབང་སྒྱུར་བྱེད་སྟངས་དེར་ལྟ་གི་ཡོད་པ་རེད། བདེན་པ་དང་བདེན་པ་མ་ཡིན་པ་གཉིས་བར་གྱི་འཐབ་རྩོད། དྲང་བདེན་དང་དྲང་བདེན་མ་ཡིན་པ་གཉིས་ཀྱི་བར་གྱི་འཐབ་རྩོད། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གཉིས་ཀྱི་བར་གྱི་འཐབ་རྩོད་བཅས་ཡིན་པ་རེད། ང་ཚོའི་ད་ལྟའི་འཐབ་རྩོད་ནི་བདེན་པ་དང་རྫུན་མ་གཉིས་ཀྱི་འཐབ་རྩོད་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པ་གཉིས་དབར་གྱི་འཐབ་རྩོད་བཅས་ཡིན་པ་རེད། མི་རིགས་དང་ཆབ་སྲིད་ཀྱི་ལྟ་བ་དབང་ཆ་སུས་ཟིན་དང་མ་ཟིན་བཅས་ཀྱི་སྐད་ཆ་གང་ཡང་མེད། ད་ལྟའི་རྒྱའི་མི་རིགས་དང་རྒྱའི་རྒྱལ་ཁབ་བཅས་ལ་ང་ཚོས་ཁྱིམ་མཚེས་ཀྱི་འདུ་ཤེས་དང་གྲོགས་པོའི་འདུ་ཤེས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ་ཞིག་ཡིན་པའི་འདུ་ཤེས་བཟུང་སྟེ་བོད་ཀྱི་གནད་དོན་ཐད་རྒྱ་མི་དང་མཉམ་རྩོད་གླེང་དང་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་འཐབ་རྩོད་ཅེས་བཤད་ཀྱང་ཆོག་པ་ཞིག་རེད། ད་ལྟ་ང་ཚོས་ཆབ་སྲིད་ཀྱི་དཀའ་ངལ་ཡོད་བཞིན་པ་དེ་གཏན་ལ་ཕབ་སྟེ་ཚིག་ཉུང་བསྡུས་ཤིག་ནས་བརྗོད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་ཆབ་སྲིད་ཀྱི་དབང་བསྒྱུར་འཛིན་སྟངས་འགྲིགས་ཀྱི་མི་འདུག

དེ་མཚམས་འཇོག་བྱེད་དགོས་ཀྱི་འདུག དེ་བཞག་པའི་རྗེས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྲིད་རང་སྐྱོང་གི་ཆ་རྐྱེན་ཡོད་པ་དེ་མིང་དོན་མཚུངས་པའི་ལག་བསྟར་བྱེད་དགོས་འདུག་ཅེས་པ་དེ་ཡིན། ང་ཚོས་དཻ་དགོས་ཀྱི་ཡོད་བཤད་ཀྱང་ཁོང་ཚོས་དེ་སྤྲད་ཐུབ་ཀྱི་མི་འདུག་བརྗོད་ཀྱི་ཡོད་པ་རེད། ང་ཚོའི་དབར་མི་མཐུན་པའི་རྩོད་གཞི་དེ་གསལ་པོར་བཤད་ན་དེར་ཐུག་ཡོད་པ་རེད། ང་ཚོའི་ལས་འགན་གཉིས་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་བརྟན་ལྷིང་དང༌། བཙན་བྱོལ་བོད་མིའི་ན་གཞོན་ཚོར་ཡང་དག་པའི་ཤེས་ཡོན་འཐོབ་ཐུབ་པ་བྱ་རྒྱུ་རེད།

ད་ལྟ་ང་ཚོའི་དཀའ་ངལ་ཆེ་བ་དེ་རྣམས་བསྡོམས་བརྒྱབས་ཏེ་བཀའ་ཤག་གིས་ཆེས་མཐོའི་གྲོས་ཚོགས་སུ་ཞུ་རྒྱུའི་ནང་དུ་དཀའ་ངལ་ཆེ་བ་ཁག་ལྔར་ང་ཚོས་ངོས་འཛིན་བྱས་ཡོད། མཐོ་རིམ་དང་གཞི་རིམ་དམའ་རིམ་བཅས་ཀྱི་སློབ་གྲྭ་ཁག་ཏུ་ཤེས་ཡོན་སློབ་སྦྱོང་ཚད་ལྡན་མི་ཡོང་བར་ཉམས་ཆག་འགྲོ་བཞིན་པ། དེའང་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་པ་དང་མངོན་འདོད་དང་མི་མཚུངས་པ་དེ་ང་ཚོའི་དཀའ་ངལ་དང་པོ་དེ་ཡིན།

དཀའ་ངལ་གཉིས་པ་ནི་རྒྱ་བལ་འབྲུག་གསུམ་ཁུལ་དུ་ཡོད་པའི་བཙན་བྱོལ་བོད་མི་མཉམ་འདུས་ཀྱི་གཞིས་ཆགས་ཁག་ཁ་ཐོར་འགྲོ་བཞིན་པ་དེ་ཡིན། ང་ཚོའི་མི་འབོར་དེ་བྱེ་མ་ཆུ་སིམ་ལྟ་བུའི་མི་འབོར་ཆེ་བའི་རྒྱ་དམར་དང་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་དུ་ཡལ་འགྲོ་གི་ཡོད་པ་རེད། བོད་མི་མཉམ་འདུས་ཀྱི་གཞིས་ཆགས་ངོས་འཛིན་བྱ་ཡུལ་དུ་མེད་པར་གྱུར་ཚེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ནེཧརུ་རྣམ་གཉིས་ནས་བོད་མིའི་གཞིས་ཆགས་ཟུར་འཛུགས་གནང་དགོས་པའི་སྐོར་གྱི་ཕུགས་རྒྱང་རིང་པོའི་དགོངས་གཞི་འགྲུབ་པ་ཞིག་དང༌། འཕྲལ་སེལ་གྱི་དཀའ་ངལ་ཇི་ལྟར་འཕྲད་ཀྱང་བཙན་བྱོལ་བོད་མི་མཉམ་འདུས་ཀྱི་གཞིས་ཆགས་ཟུར་བཙུགས་གནང་བའི་དགོས་པ་དང་དམིགས་ཡུལ་བརླག་འགྲོ་གི་ཡོད་པ་རེད། བོད་མི་མཉམ་འདུས་ཀྱི་གཞིས་ཆགས་ཐོར་བའི་རྒྱུ་རྐྱེན་གཅིག་ནི་གསར་སྐྱེ་སློབ་ཐོན་པ་རྣམས་གཞིས་ཆགས་ནང་སྡོད་འདོད་མེད་པ་དེ་ཡིན་ཞིང༌། དེ་ནི་ང་ཚོའི་དཀའ་ངལ་ཆེ་ཤོས་གཉིས་པ་དེ་ཡིན།

གསུམ་པ་ནི་ན་གཞོན་བར་ལྡིང་ངམ་ཚིག་གཞན་ཞིག་ཏུ་ན་གཞོན་ལས་མེད་ཀྱི་མི་འབོར་ཁྱོན་ཆེ་ཡོད་པ་དེ་ཡིན། དེ་དག་ལས་ཀ་མ་བྱེད་པ་དང་བྱེད་འདོད་མེད་པ་ཞིག་ལས་ལས་ཀ་བྱེད་མཁན་ཡིན་ན་ལས་ཀ་མ་འཐོབ་པར་འཛམ་གླིང་ནང་ལྷག་མི་སྲིད་པ་ཞིག་རེད། སོ་སོས་ལག་གཉིས་ཀྱིས་སོ་སོའི་ཁ་གསོ་མི་ཐུབ་པ་མེད་ཀྱང་དེང་སྐབས་མཐོ་སློབ་ཐོན་པ་རྣམས་ལ་མི་གཞན་པས་ལས་ཀ་ཞིག་མ་བསྐུལ་ཚེ་སོ་སོས་རང་ཁ་རང་གསོ་བྱེད་མི་ཤེས་མཁན་ཞེ་ཅིག་ཡིན་པ་རེད། དེ་ནི་དབྱིན་ཇིས་རྒྱ་གར་ལ་བཞག་པའི་ཤེས་ཡོན་སྲིད་བྱུས་དེ་ཡིན་པ་རེད། དེར་མི་གཞན་ནས་ལས་ཀ་སྐུལ་མཁན་ཞིག་མ་བྱུང་ཚེ་བར་ལྡིང་གི་གནས་སུ་ལུས་འགྲོ་གི་ཡོད་པ་དེ་ཡིན། དེ་ནི་ང་ཚོའི་དཀའ་ངལ་གསུམ་པ་དེ་ཡིན།

ཡང་ང་ཚོ་བོད་མིར་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་ཡོད་པའི་རྐྱེན་གྱིས་སོ་སོས་ལས་ཀ་མ་བྱེད་པར་མི་ལ་རོགས་རམ་དང་སྦྱིན་བདག་སློང་སྟེ་འཚོ་ཐབས་བསྐྱལ་རྒྱུ་དེ་ཡིན། ྋགོང་ས་མཆོག་གི་མཚན་གནས་དང་མཛད་འཕྲིན་བཅས་ལ་བརྟེན་ནས་ང་ཚོ་བོད་མིར་རོགས་རམ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད། ཕ་མེས་ཀྱི་ལས་ཀ་བྱེད་མི་ཤེས་ལ། སོ་སོ་རང་ཉིད་ནས་ཀྱང་མི་ཤེས། དེ་མིན་ལས་ཀ་སྐུལ་མཁན་ཞིག་ཀྱང་མེད་པའི་བར་ལྡིང་གི་གནས་སུ་ལུས་ཏེ་འཚོ་ཐབས་བཙལ་མ་ཤེས་མཁན་གྱི་གནས་སྟངས་དེ་ནི་ང་ཚོའི་དཀའ་ངལ་གསུམ་པ་དེ་ཡིན་ཡང༌། དེ་ལས་ཚབས་ཆེ་བ་ཞིག་ནི་གཞན་བརྟེན་གྱི་རོགས་རམ་ཁོ་ནར་ལ་སྐྱབས་བཅོལ་ཏེ་འཚོ་ཐབས་བྱེད་མཁན་བོད་མིའི་སྤྱི་ཚོགས་ནང་མང་པོ་ཞིག་ཡོད་པ་དེ་ཡིན། ང་ཚོ་སྐྱབས་བཅོལ་དུ་ཐོག་མར་འབྱོར་སྐབས་སུ་ྋགོང་ས་མཆོག་གི་མཚན་སྙན་གྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་རོགས་རམ་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་རེད། སྐབས་དེར་ང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང༌། ད་ལྟའི་ཆར་ལྟ་དུས་སུ་གཞོན་སྐྱེས་ཚོར་གསོ་སྐྱོང་གང་འཚམས་བྱུང་ཡོད་པ་རེད། འོན་ཀྱང་ད་ལྟའང་རོགས་རམ་ལ་བརྟེན་ནས་འཚོ་ཐབས་བྱས་པ་ལས་སོ་སོའི་རང་ཁ་རང་གསོ་བྱེད་ཐུབ་པའི་བསམ་བློ་གཏོང་གི་མེད་པ་རེད། སྐྱབས་བཅོལ་དུ་སླེབས་ནས་མི་ལོ་ ༤༧ ཕྱིན་ཚར་ནའང་ད་དུང་རོགས་རམ་ལེན་གྱི་ཡོད་པ་རེད། འཛམ་གླིང་ཐོག་བོད་པ་ལས་གཞན་པའི་སྐྱབས་བཅོལ་དུས་ཡུན་ལོ་ ༤༧ ཕྱིན་ཚར་བ་རོགས་རམ་རག་མཁན་སྐྱབས་བཅོལ་བ་གཞན་མེད་པ་རེད། དེང་སྐབས་བོད་པ་མང་པོ་ཞིག་གི་བསམ་བློའི་ནང་གཞན་བརྟེན་གྱི་བསམ་བློ་དང༌། ལྷག་པར་དུ་མི་ཚང་ཁ་ཤས་ཀྱིས་ང་ཚོར་སྦྱིན་བདག་ལྔ་དང་དྲུག་ཡོད་ཅེས་ངོ་ཚ་རྒྱུའི་ཚབ་ཏུ་ངོམ་སོ་གཏོང་གི་ཡོད་པ་རེད། དེ་ནི་ངན་བྱས་ངོམ་སོ་བྱེད་པ་ཟེར་བ་དེ་རེད། དངོས་འབྲེལ་བཤད་ན་སྦྱིན་བདག་གཅིག་བཙལ་དགོས་བྱུང་ནའང་ངོ་ཚ་དགོས་པ་དང༌། དེ་ལ་འཚེར་སྣང་དང་འཛེམས་ཟོན་བྱེད་དགོས་པ་ཞིག་རེད། པྱི་ལོ་ ༡༩༠༥ ཡི་ལོར་རྡ་རམ་ས་ལའི་ཁུལ་དུ་ས་ཡོམ་གྱི་འཇིག་པ་བྱུང་ཡོད་པ་རེད། སྐབས་དེར་མི་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་ལ་བརྟེན་རོགས་སྐྱོར་ཚོགས་པ་གོ་སྒྲིག་གིས་མི་མང་ལ་ཟ་ཆས་འབྲས་དང་གྲོ་རྩམ་སོགས་སྤྲོད་མཁན་བྱུང་ཡང༌། མི་མང་ནས་ལེན་རོགས་མ་བྱས་པར་ཉིན་ཤས་ལྷག་ཡོད་པའི་ལོ་རྒྱུས་གསུང་མཁན་འདུག ཁོང་ཚོ་ལས་ཀ་མ་བྱེད་པར་གཞན་གྱི་ཟས་བཟའ་རྒྱུར་འཛེམས་ཀྱི་ཡོད་པ་རེད། ཁོང་ཚོ་ནི་རི་རྒྱུད་ཀྱི་མི་རིགས་ཡིན་སྟབས་ང་ཚོ་བོད་པ་དང་མཚུངས་ཀྱི་ཡོད་བརྗོད་ཆོག

འོན་ཀྱང་ང་ཚོ་བོད་པ་ལ་བསམ་བློ་དེ་ལྟ་བུ་ཞིག་མེད་པ་རེད། དེང་སྐབས་རོགས་སྐྱོར་བྱེད་མཁན་ཞིག་བྱུང་ཕྱིན་ཚང་མས་ལེན་རྒྱུའི་དུས་རབས་ཤིག་ཏུ་སླེབས་ཟིན་པ་རེད། འདས་པའི་ལོ་བརྒྱ་ཡི་གོང་དུ་ལས་ཀ་ཞིག་བྱས་ཏེ་རིན་འབབ་ལེན་རྒྱུ་ལས། དེ་མིན་ལེན་ཤེས་ཀྱི་མི་འདུག་བཤད་པར་བརྟེན། རྗེས་སུ་ལམ་བཟོ་རྒྱུ་དང༌། ཁང་པ་ཞིག་རོ་རྣམས་གཙང་སེལ་བྱ་རྒྱུའི་ཆེད་དུ་ལས་ཀ་བསྐུལ་ཏེ་ལས་གླ་ཚུལ་དུ་སྐྱབས་གསོ་བེད་སྤྱད་ཐབས་བྱེད་དགོས་བྱུང་ཡོད་པ་རེད། ལོ་བརྒྱ་ཡི་རྗེས་ཀྱི་དེང་གི་དུས་སུ་ལས་ཀ་བྱེད་མི་དགོས་པར་སྐྱབས་གསོ་དང་རོགས་རམ་ཡོད་ལབ་ན་མི་ཚང་མ་ཧབ་ཐོབ་བརྒྱབས་ཏེ་ཡོང་ངེས་ཡིན་པ་རེད། དེང་སྐབས་བོད་མི་ཚོར་ཇི་ཙམ་རོགས་རམ་ཐོབ་ཀྱང་ད་དུང་ཆོག་ཤེས་དང༌། ངོ་ཚ་འཚེར་སྣང་མེད་པ་དེ་ནི་ང་ཚོའི་དཀའ་ངལ་ཅིག་ཆགས་ཡོད་པ་རེད།

དཀའ་ངལ་ལྔ་པ་དེ་ནི་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་བཟོ་མ་ཐུབ་པ་དེ་ཡིན། དེ་ནི་ད་ལྟ་བྱུང་བའི་གནས་ཚུལ་ཞིག་མ་ཡིན་པར་བོད་སྲིད་པ་ཆགས་ནས་བཟུང་ལྷགས་པའི་གནད་དོན་ཞིག་ཡིན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ་བོད་རིགས་ནང་ཁུལ་འཆམ་མཐུན་དང༌། ཆིག་བསྒྲིལ་མེད་པའི་དབང་གིས་རྒྱ་ནག་དང་སོག་པོའི་བཙན་འཛུལ་དབང་བསྒྱུར་འོག་ཏུ་ཚུད་དགོས་བྱུང་ཡོད། གོང་གསལ་གྱི་དཀའ་རྙོག་དེ་ཚོ་གཞིར་བཟུང་སྟེ་བཙན་བྱོལ་གཞུང་གི་ལས་འཆར་བསྒྲིགས་ཏེ་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་གཏན་འབབས་བྱེད་དགོས་ཀྱི་ཡོད་པ་རེད། ལྟ་གྲུབ་ཀྱི་རྒྱབ་རྟེན། ཐོག་མའི་དམིགས་ཡུལ། དཀའ་ངལ་ངོས་འཛིན་བྱེད་ཕྱོགས་བཅས་གསལ་པོ་ངོ་ཤེས་དགོས་པ་ཞིག་དང༌། དེ་དག་ངོ་ཤེས་པའི་ཐོག་ནས་སྲིད་བྱུས་བཟོས་པ་ཡིན་ན། ལས་ཀ་བྱེ་བདེ་རུ་འགྲོ་གི་ཡོད་པ་རེད།