མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་མའི་ལྷན་དུ་གནང་བའི་བགྲོ་གླེང་ཐེངས་དང་པོ།

རིན་པོ་ཆེས། ཁྱེད་རང་ཚོས་གཅིག་གསུངས་དང༌། སློབ་མས། རིན་པོ་ཆེ་ཕྲུ་གུ་ཆུང་ཆུང་སྐབས་སུ་ག་རེ་གནང་གི་ཡོད། རིན་པོ་ཆེས། ཕྲུ་གུ་ཆུང་ཆུང་སྐབས་ཚང་མ་གཅིག་པ་རེད། ཁྱེད་རང་ཚོས་གྲངས་ཀ་བརྒྱབ་དང་ག་རེ་ག་རེ་གནང་གི་ཡོད། སློབ་སྦྱོང་གནང་རྒྱུ་དེ་གཅིག་བྱས།དེ་ནས།

སློབ་མས། ཞལ་འདོན།

རིན་པོ་ཆེས། ཞལ་འདོན་བྱས། དེ་ནས།

སློབ་མས། རྩེད་མོ།

རིན་པོ་ཆེས། རྩེད་མོ་བྱས། དེ་ནས།

སློབ་མས། རང་སྦྱོང༌།

རིན་པོ་ཆེས། རང་སྦྱོང་བྱས། དེ་ནས།

སློབ་མས། འཛིན་གྲྭ་ཚོགས་རྒྱུ།

རིན་པོ་ཆེས། འཛིན་གྲྭ་ཚོགས་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་གཅིག་པ་རེད་དམ། ཡང་ན་ལོགས་ཀ་རེད།

སློབ་མས། གཅིག་པ་རེད།

རིན་པོ་ཆེས། གཅིག་པ་ཡིན་ན་གཅིག་ཏུ་བརྩི་རྒྱུ་ཡིན། དེ་ནས།

སློབ་མས། ལུས་རྩལ།

རིན་པོ་ཆེས། ལུས་རྩལ་རྩེ་རྒྱུ་དེ་བྱས། ད་ག་ཚོད་ཆགས་སོང༌། ཡང་བསྐྱར་རྩིས་དང༌། གྲངས་ཀ་ཡག་པོ་རྒྱོབས་ཨང༌། དང་པོ་དེར་ཞལ་འདོན་འདོན་རྒྱུ་དེ་གཅིག་༼ས། དེ་ནས།

སློབ་མས། དབུགས་སྦྱོང༌།

རིན་པོ་ཆེས། དབུགས་སྦྱོང་བྱེད་རྒྱུ་དེ་གཉིས་བྱས། དེ་ནས།

སློབ་མས། སློབ་སྦྱོང༌།

རིན་པོ་ཆེས། སློབ་སྦྱོང་བྱེད་རྒྱུ་དེ་གསུམ་བྱས། དེ་ནས།

སློབ་མས། རྩེད་མོ།

རིན་པོ་ཆེས། རྩེད་མོ་རྩེ་རྒྱུ་དེ་བཞི་བྱས། དེ་ནས།

སློབ་མས། ཞལ་འདོན།

རིན་པོ་ཆེས། ཞལ་འདོན་བརྩི་ཚར་བ་ཡིན། དེ་ནས།

སློབ་མས། རང་སྦྱོང༌།

རིན་པོ་ཆེས། རང་སྦྱོང་བྱེད་རྒྱུ་དེ་ལྔ་བྱས། དེ་ནས།

སློབ་མས། བརྙན་འཕྲིན།

རིན་པོ་ཆེས། བརྙན་འཕྲིན་བལྟ་རྒྱུ་དེ་དྲུག་བྱས། དེ་ནས།

སློབ་མས། ཞལ་ལག

རིན་པོ་ཆེས། ཞལ་ལག་གལ་ཆེ་ཤོས་དེ་རྦད་དེ་ལུས་འདུག ཞལ་ལག་མཆོད་རྒྱུ་དེ་བདུན་བྱས། དེ་ནས།

སློབ་མས། གཟིམ་རྒྱུ།

རིན་པོ་ཆེས། གཉིད་ཉལ་རྒྱུ་དེ་བྱས།

སློབ་མས། གཙང་སྦྲ་བྱེད་རྒྱུ།

རིན་པོ་ཆེས། གཙང་སྦྲ་བྱེད་རྒྱུ་དེ་བྱས། ཁྱེད་རང་ཚོས་ད་ལྟ་གྲངས་ཀ་དགུ་བརྩིས་པའི་ནང་ང་ཆུང་ཆུང་སྐབས་ལ་གཅིག་བྱས་ན་ལུས་རྩལ་རྩེ་གི་ཡོད་མ་རེད། གཞན་ཕལ་ཆེར་ངས་བྱེད་ཀྱི་ཡོད་རེད། ད་ལྟ་ཁྱེད་རང་ཚོས་བྱེད་རྒྱུའི་སྣ་ཁ་དགུའམ་བཅུ་ཞིག་བྱུང་བ་དེའི་ནང་ལ་དཀའ་ལས་ཁག་ཤོས་ག་རེ་འདུག འདི་མེད་ན་འགྲིག་ས་རེད་བསམ་པ་དེ་འདྲ་འདུག་གམ།

སློབ་མས། ཚང་མ་ལས་སླ་པོ་རེད།

རིན་པོ་ཆེས། དེའི་ནང་དཀའ་ལས་ཁག་པོ་གཅིག་ཀྱང་མི་འདུག་གམ།

སློབ་མས། མི་འདུག

རིན་པོ་ཆེས། དེའི་ནང་ནས་ཁ་ཤས་ཕར་བཞག་ན་འགྲིག་པ་ག་རེ་འདུག འདི་མེད་ན་འགྲིག་ས་རེད་བསམ་པ་དེ་འདྲ་གང་འདུག་གམ།

སློབ་མས། མི་འདུག

རིན་པོ་ཆེས། ཚང་མ་བྱེད་དགོས་པ་ཤ་སྟག་རེད་འདུག་གམ། འཛིན་གྲྭར་འགྲོ་རྒྱུ་དེ་ཕར་ཕུད་ན་ག་རེ་བྱེད་ཀྱི་རེད།

སློབ་མས། སློབ་སྦྱོང་བྱེད་རྒྱུ་ཡོང་གི་མ་རེད།

རིན་པོ་ཆེས། སློབ་སྦྱོང་མ་བྱས་ན་ག་རེ་ཆགས་འགྲོ་གི་རེད།

སློབ་མས། ལྐུགས་པ་ཆགས་ཀྱི་རེད། མི་ཚེ་ལ་ཕན་པའི་མི་ཞིག་ཆགས་ཐུབ་ཀྱི་མ་རེད།

རིན་པོ་ཆེས། ཁྱེད་རང་ཚོས་ཉིན་ལྟར་གནང་རྒྱུའི་ཕྱག་ལས་དེ་ཚོའི་ནང་ལ་འཛིན་གྲྭར་འགྲོ་རྒྱུ་དང༌། སློབ་སྦྱོང་བྱེད་རྒྱུ་དེ་མི་དགོས་པ་བྱས་ན་སྐྱིད་པོ་ཡོང་གི་མ་རེད་དམ།

སློབ་མས། མ་རེད། སྐྱིད་པོ་ཡོང་གི་མ་རེད།

རིན་པོ་ཆེས། གཅིག་གིས་གསུངས་རོགས། སུས་གསུང་རྒྱུ་ཡིན་ནམ། ཁྱེད་རང་ཡར་བཞེངས་ནས་གསུངས་དང༌། འཛིན་གྲྭར་འགྲོ་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་དེ་ཕར་ཕུད་ན་ཉིན་གང་རྩེད་མོ་རྩེ་རྒྱུ་དང་བརྙན་འཕྲིན་བལྟ་རྒྱུ་ཡོད་རེད། དེ་བྱས་ན་ཡག་པོ་ཡོད་མ་རེད་དམ།

སློབ་མས། ང་ཚོ་ཉིན་ལྟར་རྩེད་མོ་རྩེ་བསྡད་ན་མ་འོངས་པ་ལ་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་མ་རེད།

རིན་པོ་ཆེས། མ་འོངས་པ་ལ་་་་་་་༌།

སློབ་མས། སྤྱི་ཚོགས་ལ་ཕན་གྱི་མ་རེད།

རིན་པོ་ཆེས། དེས་ན་རྩེད་མོ་རྩེ་རྒྱུ་དང་བརྙན་འཕྲིན་བལྟ་རྒྱུ་དེ་ཕར་ཕུད་ན་སྤྱི་ཚོགས་ལ་གང་ཡང་གནོད་ཀྱི་མ་རེད། མ་རེད་དམ།

སློབ་མས། དེ་དུས་ཚོད་དུས་ཚོད་ལ་རེད།

རིན་པོ་ཆེས། དེའི་དུས་ཚོད་དེ་མེད་པ་བྱས། དུས་ཚོད་དེ་འཛིན་གྲྭར་འགྲོ་རྒྱུའི་ཐོག་སྣོན་མ་བརྒྱབ་ན་ག་རེ་བྱེད་ཀྱི་རེད།

སློབ་མས། སྦུ་བསུབ་དོག་པོ་ཡོང་གི་རེད། གཟུགས་པོ་ལ་ངལ་གསོ་དགོས་རེད།

རིན་པོ་ཆེས། གཟུགས་པོ་ལ་ངལ་གསོ་རྩེད་མོ་རྩེ་དུས་ཐེབས་ཀྱི་རེད་དམ། གཟུགས་པོར་ངལ་གསོ་ཐེབས་དགོས་ན་ཉལ་བསྡད་དགོས་ཀྱི་རེད། མ་རེད་དམ།

སློབ་མས། བརྙན་འཕྲིན་ནང་ནས་གསར་འགྱུར་དེ་ཚོ་ཧ་གོ་གི་རེད།

རིན་པོ་ཆེས། ལགས།

སློབ་མས། བརྙན་འཕྲིན་བལྟས་ན་གནས་ཚུལ་དེ་ཚོ་ཧ་གོ་གི་རེད། ྋགོང་ས་མཆོག་ནས་བོད་ནང་གནས་སྟངས་གང་འདྲ་ཆགས་ཡོད་མེད་གསར་འགྱུར་ནང་ནས་ཧ་གོ་གི་རེད།

རིན་པོ་ཆེས། ཁྱེད་རང་ཡར་བཞེངས་ནས་གསུངས་དང༌། མགྱོགས་ཙམ་མགྱོགས་ཙམ་བྱེད་དང༌། མི་རྒས་འཁོགས་ལང་བ་བཞིན་དཀའ་ལས་ཁག་མདོག་ཁ་པོ་དེ་འདྲ་ཞིག་གནང་གི་འདུག ཁྱེད་རང་བརྙན་འཕྲིན་ག་རེ་ག་རེ་གཟིགས་ཀྱི་ཡོད་དམ།

སློབ་མས། ཀ་ཀྲུན། (Cartoon) ལྟ་གི་ཡོད།

རིན་པོ་ཆེས། ཀ་ཀྲུན་བྱས། ཀ་ཀྲུན་མ་ཡིན་པ་ག་རེ་གཟིགས་ཀྱི་ཡོད་དམ། ད་ལྟ་ཁྱེད་རང་གིས་གསར་འགྱུར་བལྟ་དགོས་གསུངས་སོང་ངམ། གསར་འགྱུར་ག་རེ་གཟིགས་ཀྱི་ཡོད།

སློབ་མས། གསར་འགྱུར་སྦི་སྦི་སི་འོལཌ་(BBC World) དང་དེ་ཚོ་རེད།

རིན་པོ་ཆེས། སྦི་སྦི་སི་འོལཌ་བྱས། དེ་ནས།

སློབ་མས། ནེའུ་སི། (NEWS) ཀུན་གླེང༌། སེམས་ཁམས་རིག་པ།

རིན་པོ་ཆེས། ད་རང་ཞོགས་པ་གཟིགས་སམ། ཡང་ན་ཁ་སང་གཟིགས་པ་ཡིན། ག་དུས་གཟིགས་པ་ཡིན།

སློབ་མས། གུང་སེང་སྐབས་མ་གཏོགས་བལྟ་རྒྱུ་རག་གི་ཡོད་མ་རེད།

རིན་པོ་ཆེས། ཁ་སང་གུང་སེང་ལ་ག་རེ་གཟིགས་པ་ཡིན། དེའི་སྔོན་མའི་གུང་སེང་ལ་ག་རེ་གཟིགས་པ་ཡིན།

སློབ་མས། བདུན་ཕྲག་སྔོན་མའི་གུང་སེང་ལ་ང་ཚོ་ཡི་གེ་སྦྱངས་པ་ཡིན།

རིན་པོ་ཆེས།བྱས་ན་བདུན་ཕྲག་གཉིས་འདུག་ཟེ་ལུས་པ་མ་རེད་དམ།

སློབ་མས། ང་ཚོ་ཡིག་ཚད་བཏང་བ་རེད།

རིན་པོ་ཆེས། ཡིག་ཚད་སུས་བཏང་སོང༌།

སློབ་མས། རྒན་བློ་ཚེ་ལགས་ཀྱིས།

རིན་པོ་ཆེས། གཏང་གི་མིན་གསུངས་མེད་དམ། ང་ཚོ་བརྙན་འཕྲིན་བལྟ་དགོས་ཡོད། ཡིག་ཚད་གཏོང་གི་མིན་མ་གསུངས་སམ།

སློབ་མས། ལགས་མེད།

རིན་པོ་ཆེས། བཏང་ཤག་ཤག་རེད་དམ། ཁྱེད་རང་ཡར་བཞེངས་ནས་གསུངས་དང༌། ཁྱེད་རང་ཉེ་ཆར་ཐག་ཉེ་ཤོས་ལ་བརྙན་འཕྲིན་ག་རེ་གཟིགས་པ་དེ་གསུངས་དང༌།

སློབ་མས། གསར་འགྱུར་ཕྱོགས་བསྡུས་བྱས།

རིན་པོ་ཆེས། གསར་འགྱུར་ཕྱོགས་བསྡུས་ནང་ག་རེ་བཤད་སོང༌། དྲན་གྱི་འདུག་གམ།

སློབ་མས། ཨོ་བ་མ་(Obama) གིས།

རིན་པོ་ཆེས། ཨོ་བ་མ་སུ་རེད།

སློབ་མས། ཨ་རིའི་སྲིད་འཛིན་རེད།

རིན་པོ་ཆེས། ཨ་རིའི་སྲིད་འཛིན་གྱི་མིང་ཆ་ཚང་ག་རེ་རེད།

སློབ་མས། སྦ་རཀ་ཨོ་བ་མ།

རིན་པོ་ཆེས། ཨོ་བ་མའི་ལོ་རྒྱུས་ག་འདྲ་རེད། ཁྱེད་རང་རྗེས་མ་ཨོ་བ་མ་ནང་བཞིན་ཆགས་ས་རེད་དམ།

སློབ་མས། ང་གཉིས་མི་ཁ་ཁ་རེད།

རིན་པོ་ཆེས། ཁྱེད་རང་རྗེས་མ་ཡར་ཆེན་པོ་ཆགས་ན་ཨོ་བ་མ་ནང་བཞིན་བྱེད་ཐུབ་ས་རེད་དམ།

སློབ་མས། ཧ་གོ་གི་མི་འདུག

རིན་པོ་ཆེས། ཧ་གོ་གི་མི་འདུག་གམ། དྲི་བ་དང་པོ་དེ་འགྲིག་པ་བྱས། ད་དེ་མིན་པའི་དྲི་བ་གཞན་པ་ག་རེ་ཡོད།

སློབ་མས། རིན་པོ་ཆེ་ཁྱེད་རང་བཀའ་བློན་ཁྲི་པ་གནང་ནས་དཀའ་ངལ་ག་རེ་ག་རེ་འཕྲད་སོང༌།

རིན་པོ་ཆེས། ཨོ་ཧོ། བཀའ་བློན་ཁྲི་པ་གནང་ནས་ག་དུས་ཡིན་ནའང་དཀའ་ངལ་ཤ་སྟག་རེད། ཁྱེད་རང་བྱས་ན་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་རེད་དགོངས་ཀྱི་འདུག ཁྱེད་ཚོ་ཕྱི་ལོགས་བཞུགས་མཁན་ཚོས་ཚོད་དཔག་བྱས་ན་བཀའ་བློན་ཁྲི་པ་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་ས་རེད།

སློབ་མས། བོད་ཀྱི་སྐོར་ལ།

རིན་པོ་ཆེས། བོད་ཀྱི་སྐོར་ལ། བཀའ་བློན་ཁྲི་པ་དང་བཀའ་བློན་ཁྲི་པས་འགོ་ཁྲིད་པའི་བཀའ་ཤག་གི་བཀའ་བློན་ཚང་མའི་བསམ་བློའི་ནང་ལ་དཀའ་ངལ་ཆེ་ཤོས་དེ་བོད་ནང་ལ་རྒྱ་མིས་བོད་པ་ཚོ་ལ་བཙན་དབང་བྱས། སྡུག་པོ་བཏང༌། བསད་བརྡུངས་བརྩོན་ཁང་ལ་བཅུག་པ་སོགས་བྱེད་པའི་སྐབས་ལ་ང་ཚོ་བཙན་བྱོལ་ལ་སྡོད་མཁན་གྱི་བོད་མི་ཚོ་དང་བཙན་བྱོལ་གཞུང་གིས་ཁོང་ཚོ་ལ་ཕན་པ་གང་ཡང་བྱེད་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོ་བསྐྱབ་ཐུབ་ཀྱི་ཡོད་མ་རེད། དེ་ཚོའི་ཐོག་ནས་བསམ་བློའི་ནང་ག་འདྲ་ཞིག་ཚོར་ས་རེད། དཀའ་ལས་ཁག་པོ་ཡོང་ས་མ་རེད་དམ། དཔེར་ན་ཁྱེད་རང་ཚོ་ཕྲུ་གུ་ཁ་ཤས་ཤིག་ཁང་པའི་ནང་ལ་བཀག་ནས་མར་འགྲོ་ས་མེད་པ་བྱས། སྒེའུ་ཁུང་ནང་ནས་མར་བལྟ་ས་ཡོད་པ་བྱས། མ་གིའི་ཕྱི་ལོགས་མཐོང་ས་དེར་ཁྱེད་རང་ཚོའི་འཛིན་གྲོགས་དང་གྲོགས་པོ་དང་སྤུན་མཆེད་དེ་འདྲ་མི་ཚོས་བརྡུངས་བསད་དེ་འདྲ་བྱེད་པ་ཡིན་ན་གང་འདྲ་ཞིག་ཚོར་ས་རེད།

སློབ་མས། སྡུག་པོ་ཚོར་ས་རེད།

རིན་པོ་ཆེས། སྡུག་པོ་ཚོར་ས་རེད་དམ། བསྐྱབ་ནི་ཐུབ་ཀྱི་ཡོད་མ་རེད། མཐོང་ནི་མཐོང་བསྡད་ཀྱི་ཡོད་རེད། དེ་དཀའ་ངལ་ཆེན་པོ་ཞིག་ཡོང་ས་མ་རེད་དམ།བྱས་ཙང་ང་ཚོ་བཙན་བྱོལ་ལ་སྡོད་མཁན་གྱི་དཀའ་ངལ་ཆེ་ཤོས་དེ་དེ་རང་རེད། དེ་ནས་དཀའ་ངལ་གཉིས་པ་དེ་ག་རེ་ཡིན་ས་རེད། བཙན་བྱོལ་ནང་ལ་རང་དབང་ཡོད་ནས་བྱས་ན་བྱེད་ཐུབ་རྒྱུ་ཡོད་པ་བྱས། ཡང་མ་བྱས་པ་དང་མ་བསྒྲུབས་པ་དེ་འདྲ་ཡོད་རེད་དམ།

སློབ་མས། སྐད་ཡིག

རིན་པོ་ཆེས། སྐད་ཡིག་གཅིག་བྱས།

སློབ་མས། རིག་གཞུང་དང་ཆོས། འཛིན་གྲྭ་བཅུ་གཉིས་ལ་སླེབས་ནའང་རྩོམ་ཡིག་བྲིས་མ་ཐུབ་མཁན་དང་དགོངས་ཤོག་བྲིས་མ་ཐུབ་མཁན་དེ་འདྲ་ཡོད་རེད།

རིན་པོ་ཆེས། ཁྱེད་རང་ཚོ་འཛིན་གྲྭ་བཅུ་གཉིས་ལ་སླེབས་དུས་རྩོམ་ཡིག་བྲིས་མ་ཐུབ་མཁན་དེ་འདྲ་ཆགས་ཀྱི་མ་རེད་དམ།

སློབ་མས། ཆགས་ཀྱི་མ་རེད།

རིན་པོ་ཆེས། བཙན་བྱོལ་ནང་ལ་དཀའ་ངལ་ཆེ་ཤོས་དེ་ན་གཞོན་ཚོ་ལ་སློབ་སྦྱོང་སྤྲད་རྒྱུ་དེ་རེད། དཀའ་ངལ་གཞན་པ་དེ་ཚོ་སེལ་ཐུབ་ན་ཐུབ་པ་རེད། སེལ་མ་ཐུབ་ནའང་ཧ་ཅང་འཐུས་ཤོར་འགྲོ་རྒྱུ་ཡོད་མ་རེད། དཔེར་ན་མི་དར་མ་ཞིག་ལ་ལས་ཀ་ཞིག་སྤྲོད་དགོས་ཀྱི་ཡོད་རེད། ཁོ་ལ་འཚོ་ཐབས་ཤིག་དགོས་ཀྱི་ཡོད་རེད། འཚོ་ཐབས་ཤིག་བཙལ་ཐུབ་ན་ཡག་པོ་རེད། དེ་འདྲ་མ་བྱུང་བར་ལོ་གཅིག་གཉིས་འགྱངས་པ་ཡིན་ནའང་ཁོ་རང་རང་མགོ་ཐོན་འགྲོ་གི་ཡོད་རེད། ཁོའི་མི་ཚེའི་ནང་ལ་ཧ་ཅང་འཐུས་ཤོར་འགྲོ་རྒྱུ་ཞིག་མེད། འོན་ཀྱང་ཁྱེད་རང་ཚོའི་ལོ་ཚོད་ཀྱི་ཕྲུ་གུའི་སློབ་སྦྱོང་ལ་ལོ་གཅིག་འཐུས་ཤོར་ཕྱིན་ན་མི་ཚེའི་ནང་ལ་ལོ་གཅིག་ཕྱིན་ཚར་བ་དེ་ཚུར་ལོག་ཐབས་མེད། གལ་ཏེ་ལོ་ལྔ་འཐུས་ཤོར་ཕྱིན་ན་མི་ཚེའི་ནང་ལ་འཐུས་ཤོར་ཆེན་པོ་ཕྱིན་ཚར་བ་རེད། དེ་དཀའ་ལས་ཆེན་པོ་རེད།

རེད་འདུག་གམ། དེ་ནས་དེ་མ་ཡིན་པའི་དཀའ་ངལ་ག་རེ་ཡོད་ས་རེད། ཚོད་ཐིག་གི་འདུག་གམ། དེ་ནས་དྲི་བ་གཞན་པ་ཞིག་དྲིས་ཤོག

སློབ་མས། འཇམ་དཔལ་དབྱངས་དེ་ཤེས་རབ་ཀྱི་ལྷ་ག་རེ་བྱས་ནས་རེད།

རིན་པོ་ཆེས། འཇམ་དབྱངས་དེ་ཤེས་རབ་ཀྱི་ལྷ་ག་རེ་བྱས་ན་རེད་ཅེས་གསུངས་སོང༌། འཇམ་དཔལ་དབྱངས་དེ་ཤེས་རབ་ཀྱི་ལྷ་ག་རེ་བྱས་ནས་མ་རེད་ཅེས་ཕར་ལ་དྲིས་ན་གསུང་རྒྱུ་ཡོད་དམ། སྔོན་ལ་ཁྱེད་རང་ཚོ་ཚང་མས་འཇམ་དཔལ་དབྱངས་ངོ་ཤེས་ཀྱི་ཡོད་དམ།

སློབ་མས། ངོ་ཤེས་ཀྱི་ཡོད།

རིན་པོ་ཆེས། ག་འདྲ་ཞིག་ཡོད་རེད། ཕྱག་གཡས་པའི་ནང་ལ་ག་རེ་ཡོད་རེད།

སློབ་མས། རལ་གྲི

རིན་པོ་ཆེས། རལ་གྲི་བྱས། ཕྱག་གཡོན་མར།

སློབ་མས། མེ་ཏོག་པདྨ།

རིན་པོ་ཆེས། མེ་ཏོག་པདྨའི་སྒང་ལ།

སློབ་མས། དཔེ་ཆ།

རིན་པོ་ཆེས། དཔེ་ཆ་ཟེར་ན་གང་རེད།

སློབ་མས། ཕྱག་དཔེ།

རིན་པོ་ཆེས། ཕྱད་དཔེ་ག་རེ་རེད།

སློབ་མས། ཤེས་རབ་ཀྱི་མཚོན་རྟགས་རེད།

རིན་པོ་ཆེས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟེར་གྱི་རེད། མཚན་གཞན་པ་ལ་ཡུམ་གྱི་མདོ་ཡང་ཟེར་གྱི་རེད། སྟབས་བདེ་པོ་བྱས་ན་བརྒྱད་སྟོང་པ་རེད། ཤ྄ལོཀ་སྟོང་ཕྲག་བརྒྱད་ཡོད་ཙང་བརྒྱད་སྟོང་པ་ཞེས་བརྗོད་ཀྱི་ཡོད། དེ་ནས་འཇམ་དཔལ་དབྱངས་ཞབས་གང་འདྲ་བྱས་ནས་བཞུགས་འདུག་གམ།

སློབ་མས། རྡོ་རྗེ་སྐྱིལ་ཀྲུང་བྱས་ནས་བཞུགས་ཡོད།

རིན་པོ་ཆེས། རྡོ་རྗེ་སྐྱིལ་ཀྲུང་ག་འདྲ་བྱས་ནས་བསྡད་དགོས་རེད།

སློབ་མས། དེ་འདྲ་བྱས་ནས་ཞེས་ལུས་ཀྱི་རྣམ་པ་དེ་བསྟན།

རིན་པོ་ཆེས། རྐང་པ་ལག་པས་མ་འཐེན་པར་རྡོ་རྗེ་སྐྱིལ་ཀྲུང་བྱེད་ཐུབ་ཀྱི་ཡོད་དམ། ཁྱེད་རང་ཚོ་ལོ་ཆུང་བ་དེ་ཚོས་རྡོ་རྗེ་སྐྱིལ་ཀྲུང་བྱེད་དུས་མི་རྒས་འཁོགས་བཞིན་རྐང་པ་ལག་པས་འཐེན་མ་དགོས་པ་ཞིག་དགོས་ཀྱི་རེད། ད་ལྟ་ཁྱེད་རང་གིས་འཇམ་དཔལ་འབྱངས་ཤེས་རབ་ཀྱི་ལྷ་ག་རེ་བྱས་ནས་རེད་ཅེས་གསུངས་པ་རེད། དྲི་བ་དྲི་བའི་སྐབས་ལ་འཇམ་དཔལ་དབྱངས་ངོ་ཤེས་པ་༼ས། དེ་ལྷ་ཡིན་པའང་ཤེས་པ་བྱས། ད་ཤེས་རབ་ཀྱི་ལྷ་ག་རེ་བྱས་ནས་རེད་ཟེར་དུས་ཤེས་རབ་ཟེར་བ་དེ་ག་འདྲ་ཞིག་རེད་དགོངས་ཀྱི་འདུག

སློབ་མས། རིགས་པ་བཏང་བ་ལ། རིགས་པ་ལ།

རིན་པོ་ཆེས། རིགས་པ་ལ་ཤེས་རབ་ཡིན་ན། རིགས་པ་ཟེར་བ་གང་དུ་ལབ་ཀྱི་རེད།

སློབ་མས། བསམ་བློ། བསམ་བློ།

རིན་པོ་ཆེས། རིགས་པ་གང་དུ་ཡོད་རེད། དེ་བར་ཞིག་ལ་ཡོད་དམ།

སློབ་མས། ཀླད་པ།

རིན་པོ་ཆེས། ཀླད་པ་དང་རིགས་པ་གཅིག་པ་རེད་དམ།

སློབ་མས། མ་རེད།

རིན་པོ་ཆེས། ཀླད་པ་དེ་རིགས་པ་ཡིན་ན་འཇམ་དཔལ་དབྱངས་ལ་བྱེད་རྒྱུ་གང་ཡང་མེད། ཀླད་པ་ཁྱེད་རང་སྐྱེས་དུས་ནས་ག་རེ་ཡོད་པ་དེ་རེད་མ་གཏོགས། འཇམ་དཔལ་དབྱངས་ཀྱིས་ཁྱེད་རང་གི་མགོའི་ནང་ལ་ཀླད་པ་གསར་པ་ཞིག་བླུག་ས་རག་གི་མ་རེད། སྤྱིར་བཏང་ནས་ཁྱེད་རང་ལ་ཤེས་རབ་ག་ཚོད་ཙམ་ཞིག་ཡོད། དཔེ་ཆ་བློ་ལ་འཛིན་མྱོང་ངམ།

སློབ་མས། ཟིན་མྱོང་ཡོད།

རིན་པོ་ཆེས། ག་རེ་ག་རེ་ཟིན་མྱོང་ཡོད་དམ།

སློབ་མས། སྒྲོལ་མ།

རིན་པོ་ཆེས། སྒྲོལ་མ་བློ་ལ་འཛིན་དུས་ག་ཚོད་འགོར་གྱི་འདུག ཉིན་མ་ག་ཚོད་འགོར་སོང༌།

སློབ་མས། ཁྱུག་ཙམ་ཞིག་ལ། ལམ་སེང༌།

རིན་པོ་ཆེས། ལམ་སེང་བློ་ལ་བཟུང་སོང་ངམ། འཇམ་དཔལ་དབྱངས་དེ་ཁྱེད་རང་ཚོས་ལྷ་རེད་ཟེར་གྱི་ཡོད་རེད། དེ་ཡང་འགྲིག་གི་འདུག་ལ། འཇམ་དཔལ་དབྱངས་སངས་རྒྱས་རེད་ཅེས་ལབ་ནའང་འགྲིག་གི་ཡོད་རེད། ད་དྲི་བ་ག་རེ་ལྷག་གི་ཡོད་རེད་ཟེར་ན། སངས་རྒྱས་ཡིན་ན་སངས་རྒྱས་ཚང་མ་ཤེས་རབ་ཀྱི་ལྷ་ཡིན་དགོས་ཀྱི་མ་རེད་དམ་ཟེར་བ་དེ་རེད། སངས་རྒྱས་ཁ་ཤས་ཤེས་རབ་ཀྱི་ལྷ་ཡིན་མཁན་དང༌། སངས་རྒྱས་ཁ་ཤས་སྙིང་རྗེའི་ལྷ་ཡིན་མཁན། སངས་རྒྱས་ཁ་ཤས་ནུས་སྟོབས་ཀྱི་ལྷ་ཡིན་མཁན་ཡོད་རེད། དེ་ཚོར་ཁྱད་པར་ག་རེ་བྱས་ནས་རྒྱུགས་པ་རེད། སངས་རྒྱས་དེ་ཚོ་སངས་མ་རྒྱས་པའི་སྔོན་ལ་སངས་རྒྱས་རྒྱུའི་ཐབས་ཤེས་བྱེད་སྡོད་པའི་སྐབས་ལ་སོ་སོའི་བསམ་བློའི་ནང་དམ་བཅའ་འཁྱེར་སྟངས་མི་འདྲ་བ་རེ་རེ་ཡོད་རེད། དཔེར་ན་ང་སངས་རྒྱས་སོང་ན་སེམས་ཅན་ཐམས་ཅད་ལ་ཤེས་རབ་སྤྲོད་མཁན་བྱེད་ཀྱི་ཡིན། ཤེས་རབ་མེད་ན་སྡུག་བསྔལ་གྱི་ནང་ལ་མནར་གྱི་རེད། དཀའ་ལས་ཁག་པོ་ཡོང་གི་རེད། ལྷག་པར་དུ་སློབ་སྦྱོང་མ་ཤེས་པ་ཡིན་ན་སོ་སོའི་དཀའ་ངལ་དེ་ཡང་མེད་པ་བཟོས་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་ཙང་ང་ཤེས་རབ་ཀྱི་ལྷ་བྱེད་ཀྱི་ཡིན་བསམ་པའི་བསམ་བློ་བཏང་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་སངས་རྒྱས་སོང་ན་ཤེས་རབ་ཀྱི་ལྷ་ཆགས་འགྲོ་གི་ཡོད་རེད། ང་མི་ཚོར་ནད་མེད་པ་དང༌། ནད་སེལ་མཁན་གྱི་ལྷ་བྱེད་ཀྱི་ཡིན་བསམས་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་སྨན་བླ་ལ་སོགས་པ་ན་ཚ་སེལ་མཁན་གྱི་ལྷ་ཆགས་འགྲོ་གི་ཡོད་རེད། ང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྤྲོད་མཁན་གྱི་ལྷ་བྱེད་ཀྱི་ཡིན་བསམས་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ་རྗེས་མ་སངས་རྒྱས་སོང་ན་སྤྱན་རས་གཟིགས་ལྟ་བུ་སྙིང་རྗེའི་ལྷ་ཆགས་འགྲོ་གི་ཡོད་རེད།བྱས་ཙང་འཇམ་དཔལ་དབྱངས་སངས་མ་རྒྱས་སྔོན་ནས་མ་འོངས་པར་ང་སངས་རྒྱས་སོང་ན་སེམས་ཅན་ཚོ་ལ་རིགས་པའམ་ཤེས་རབ་སྤྲོད་མཁན་གྱི་ལྷ་བྱེད་རྒྱུའི་ཐུགས་བསྐྱེད་པ་རེད། ཐུགས་བསྐྱེད་པ་ཟེར་བའི་ཚིག་དེ་གོ་མྱོང་ངམ། དེ་ལ་ཞེ་ས་མ་བྱས་ན་སེམས་བསྐྱེད་པ་ཟེར་གྱི་རེད། བསམ་བློའི་ནང་ནས་ཐག་བཅད་པ་ཞིག་ལ་ཟེར་གྱི་རེད། དེ་འདྲའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དབང་གིས་རྗེས་མ་སངས་རྒྱས་དུས་ཤེས་རབ་ཀྱི་ལྷ་ཆགས་འགྲོ་བ་རེད། ཡིན་ནའང་འཇམ་དཔལ་དབྱངས་ཤེས་རབ་ཀྱི་ལྷ་ཡིན་པ་རྐྱང་རྐྱང་གིས་ཁྱེད་རང་ལ་ཤེས་རབ་རག་གི་མ་རེད། ཁྱེད་རང་གིས་འཇམ་དཔལ་དབྱངས་ལ་དད་པ་བྱས་ནས་བསྒྲུབ་དགོས་ཀྱི་ཡོད་རེད། འཇམ་དཔལ་དབྱངས་ཀྱི་སྔགས་འདོན་དགོས་ཀྱི་ཡོད་རེད། འཇམ་དཔལ་དབྱངས་ཀྱི་སྔགས་འདོན་ཤེས་ཀྱི་ཡོད་དམ།

སློབ་མས། ལགས་ཡོད།

རིན་པོ་ཆེས། ག་རེ་རེད།

སློབ་མས། གང་བློ་མ་རེད།

རིན་པོ་ཆེས། གང་བློ་མ་དེ་སྔགས་མ་རེད། སྔགས་ཟེར་དུས་རྒྱ་གར་སྐད་ལ་ཡོད་པ་དེ་མ་རེད་དམ།

སློབ་མས། ཨོཾ་ཨ་ར་པ་ཙ་ན་དྷིཿ།

རིན་པོ་ཆེས། ཨོཾ་ཨ་ར་པ་ཙ་ན་དྷིཿལ་ཡི་གེ་ག་ཚོད་འདུག

སློབ་མས། ཨོཾ་ཨ་ར་པ་ཙ་ན་དྷིཿལ་ཡི་གེ་བདུན་འདུག

རིན་པོ་ཆེས། བདུན་ག་འདྲ་འདུག

སློབ་མས། ཨོཾ་ཨ་ར་པ་ཙ་ན་དྷིཿ།

རིན་པོ་ཆེས། ཨོཾ་ཨ་ར་པ་ཙ་ན་བཅས་ལ་འཇམ་དཔལ་དབྱངས་ཀྱི་མཚན་སྔགས་ཟེར་གྱི་རེད། སྔགས་དྲུག་ཡོད་རེད། དྷིཿནི་འཇམ་དཔལ་དབྱངས་ཀྱི་ས་བོན་རེད། ས་བོན་ཟེར་དུས་སོན་གྱི་བཟོ་འདྲ་ཞིག་རེད། འཇམ་དཔལ་དབྱངས་གང་ལས་གྲུབ་པའི་སོན་དེ་རེད། མདེ་གཅིག་པུ་འདོན་ནའང་འགྲིག་གི་རེད།

ཁྱེད་རང་ཚོས་དྷིཿ དྷིཿ དྷིཿ དྷིཿ དྷིཿ ཞེས་ལབ་ཀྱི་ཡོད་དམ།

སློབ་མས། ཨོ་ཨ་ར་པ་ཙ་ན་དྷིཿ དྷིཿ དྷིཿ དྷིཿ དྷིཿ དྷིཿ དྷིཿ དྷིཿ དྷིའཿ དྷིཿ།

རིན་པོ་ཆེས། ཁྱེད་ཚོས་དྷིཿ དྷིཿ དྷིཿ དྷིཿ དྷིཿ ཞེས་ལབ་ཀྱི་ཡོད་དམ། དྷིཿ དེ་ཡིག་འབྲུ་གཅིག་པ་ཟེར་རྒྱུ་དེ་རེད། ཁོང་ཚོ་མཉམ་དུ་བསྡོམས་ན་ཡི་གེ་འབྲུ་བདུན་ཆགས་སོང་ངམ། ད་འཇམ་དཔལ་དབྱངས་ཀྱི་སྔགས་དང་གང་བློ་མ་འདོན་ནས་གསོལ་བ་སྨོན་ལམ་བཏབ་ན་སོ་སོ་རིགས་པ་ཡག་པོ་ཆགས་ཀྱི་རེད། དཔེ་ཆ་གཅིག་བློ་ལ་ཟིན་རྒྱུར་ཚར་བཅུ་འདོན་དགོས་མཁན་ཞིག་རིགས་པ་ཡག་པོ་ཆགས་སོང་ན་ཚར་གཉིས་འདོན་ན་བློ་ལ་འཇགས་འགྲོ་གི་རེད། འཛིན་གྲྭའི་ནང་ལ་གང་བསླབས་པ་དེ་ཚོ་ལམ་སེང་བློ་ལ་འཇགས་མཁན་ཆགས་སོང་ན་རིགས་པ་ཡག་པོ་ཆགས་པ་རེད། དགེ་རྒན་གྱིས་ཚར་བརྒྱ་བསླབས་པ་ཡིན་ནའང་ད་དུང་བློ་ལ་ངེས་ཀྱི་མི་འདུག་ན་རིགས་པ་ཡག་པོ་ཡོད་མ་རེད། ཁྱེད་རང་གི་དྲི་བ་དེར་ལན་འགྲིག་སོང་ངམ། ཡང་བསྐྱར་འདྲི་རྒྱུ་གང་ཡོད། འཕྲོས་དོན་དྲི་བ་ཞིག་ཡོད་དམ། ང་ཚོའི་གྲོས་ཚོགས་ནང་ལ་འཕྲོས་དོན་དྲི་བ་ཟེར་རྒྱུ་ཞིག་ཡོད་རེད། ད་དྲི་བ་གཞན་པ་སུ་ལ་ཡོད་དམ།

སློབ་མས། རིན་པོ་ཆེ་ཁྱེད་རང་ཆུང་དུས་ནང་གི་གནས་སྟངས་ག་འདྲ་ཡོད།

རིན་པོ་ཆེས། ང་མི་ཚང་ཧ་ཅང་སྐྱོ་པོ་ཞིག་གི་ནང་སྐྱེས་པ་རེད། ནང་གི་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཡོད་རེད། ང་སྐྱེ་སའི་གྲོང་གསེབ་དེ་ཆུང་ཆུང་ཞིག་རེད། སྤྱིར་བཏང་ནས་གྲོང་པ་གཡས་གཡོན་ཚང་མས་ངའི་གྲོང་གསེབ་དེ་སྐྱོ་པོ་དང་མི་ལྐུགས་པ་ཡོང་ས་ཞིག་ཏུ་བརྩི་གི་ཡོད་རེད། གྲོང་གསེབ་དེའི་མིང་ལ་ནགས་འབྲུག་ཟེར། ནགས་ནི་ཤིང་ནགས་རེད། འབྲུག་ནི་གནམ་གྱི་འབྲུག་རེད། དེ་འདྲ་བྱས་ནའང་འགྲིག་གི་རེད། ཡང་འབྲོག་པའི་འབྲོག་དེ་བྱས་ནའང་འགྲིག་གི་རེད། ཤིང་ནགས་དཀྱིལ་ལ་ཡོད་པའི་ང་སྐྱེ་སའི་གྲོང་གསེབ་དེའི་ནང་ལ་མི་ཚང་བརྒྱད་དགུ་ཞིག་

མ་གཏོགས་མེད། དེའི་ནང་ནས་མི་ཚང་སྐྱོ་ཤོས་ནི་ངའི་ནང་དེ་རེད། ཁང་པ་ཡང་ཐབས་ཆག་ཅིག་མ་གཏོགས་ཡོད་མ་རེད། ཨ་ཕ་དང༌། ཨ་མ། ཨ་ཁུ། སྤོ་ལགས། རྨོ་ལགས། སྤུན་མཆེད་སོགས་ཚང་མ་བསྡོམས་ན་ཕལ་ཆེར་མི་བཅུ་གསུམ་བཅུ་བཞི་ཞིག་ཡོད་རེད། ཚང་མ་ནང་ལ་ཤོང་གི་མ་རེད། རྒས་འཁོགས་དེ་ཚོ་ནང་ལ་ཉལ། གཞོན་པ་དེ་ཚོ་ཕྱི་ལོགས་བར་ཁྱམས་ལ་ཉལ་ན་མ་གཏོགས་ཁང་པ་ཆུང་ཆུང་ཞིག་མ་གཏོགས ཡོད་མ་རེད། ཞིང་ལས་དང་སྒོ་ཕྱུགས་གསོ་སྐྱོང་ནི་ནང་གི་འཚོ་ཐབས་རེད། ང་སྐྱེས་ནས་ལོ་ལྔའི་ཐོག་ཟམ་གདོང་བླ་མའི་ཡང་སྲིད་ལ་ངོས་འཛིན་བྱས་ཏེ་ང་དགོན་པའི་ནང་ལ་ཕྱིན་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོའི་ཕ་ཡུལ་གྱི་རྫོང་དཔོན་དེས་ངའི་ནང་ལ་ཁྲལ་སྤྲད་མི་དགོས་པ་དང༌། འུ་ལག་རྒྱུག་མི་དགོས་པ་མ་ཟད། ས་ཞིང་འཐོལ་པ་བཏབ་རྒྱུའང་ཏོག་ཙམ་གནང་འདུག འུ་ལག་རྒྱུག་ཟེར་དུས་གཞུང་གི་དོན་དུ་ལས་ཀ་བྱེད་རྒྱུ་དེ་རེད། དེ་ནས་ང་ལོ་བཅུ་གཅིག་བཅུ་གཉིས་ཆགས་པའི་སྐབས་ལ་ནང་གིས་ཐོག་བརྩེགས་གཉིས་ཡོད་པའི་ཁང་པ་གསར་པ་ཞིག་བརྒྱབས། སྒོ་ཕྱུགས་སེམས་ཅན་ཡང་ཏོག་ཙམ་མང་དུ་ཕྱིན། ཞིང་ཁ་ཡང་མང་དུ་ཕྱིན་འདུག ཁྲལ་སྤྲོད་མི་དགོས་པ་ཡིན་ཙང་ལོ་ལྔ་དྲུག་ནང་མི་ཚང་གང་ཙམ་ཕྱུག་པོ་ཆགས་ཡོད་རེད། ཡིན་ནའང་ཕན་ཐོགས་གང་ཡང་མ་བྱུང་བ་རེད། དེའི་རྗེས་ལ་གུང་བྲན་སླེབས་ཏེ་ཚང་མ་བཅོས་བསྒྱུར་བཏང་ནས་སྔོན་མ་ནང་བཞིན་བཟོས་པ་རེད། ལྷག་པར་དུ་ངའི་ནང་དེ་ལོ་ལྔ་དྲུག་ཅིག་རིང་ལ་ཏོག་ཙམ་ཕྱུག་པོ་བྱས་པའི་རྐྱེན་གྱིས་ས་བདག་གྲལ་རིམ་མམ་མངའ་བདག་གྲལ་རིམ་ཞེས་པའི་ནང་དུ་ཚུད་དེ་ཡང་བསྐྱར་སྤྲང་པོ་ཆགས་པ་རེད། མདོར་ན་ང་ནང་ལ་ལོ་བཞི་ལྔ་ཞིག་མ་གཏོགས་བསྡད་ཡོད་མ་རེད། དེ་ནས་ལོ་བཅུ་གཉིས་སྐབས་ཕ་ཡུལ་བཞག་ནས་བོད་དབུས་ལ་ཚུར་ཡོང་སྟེ། ཉིན་མ་བདུན་ཅུ་དོན་བཞི་དོན་ལྔ་ཞིག་རྗེས་གཞི་ནས་ལྷ་སར་འབྲས་སྤུངས་དགོན་པར་སླེབས་པ་རེད། དེ་ནས་ངས་ཕ་ཡུལ་མཐོང་ཡོད་མ་རེད། ཆུང་ཆུང་སྐབས་ལ་ནང་གི་གནས་སྟངས་ད་ལྟ་ཁྱེད་རང་ཚོ་ནང་བཞིན་སྐྱིད་པོ་གང་ཡང་ཡོད་མ་རེད། ཡིན་ནའང་ནང་ལ་རྒྱུན་རིང་པོ་བསྡད་ཡོད་མ་རེད། དགོན་པ་ལ་ཕྱིན་པ་ཡིན་ཙང་དགོན་པའི་ནང་ལ་གྲ་རྒྱས་པོ་ཡོད་རེད། ཁྱེད་ཚོའི་དྲི་བ་མང་ཆེ་བ་ཕྲུ་གུ་ཆུང་ཆུང་སྐབས་ཀྱི་གནས་ཚུལ་ཤ་སྟག་རེད་འདུག རྒས་འཁོགས་ཆགས་ནས་ག་རེ་བྱེད་ཀྱི་ཡོད་ཅེས་འདྲི་རྒྱུ་མིན་ནམ། ད་ལྟ་གཅིག་གིས་བཀའ་བློན་ཁྲི་པ་ལ་དཀའ་ལས་ག་རེ་འདུག་ཅེས་དྲིས་སོང་ངམ། ད་དྲི་བར་ལན་ཐེབས་སོང་ངམ། གཞན་པ་ག་རེ་ཡོད། རྒྱབ་ལོགས་ལ་སྡོད་མཁན་ཚོས་གསུང་རོགས་གནང༌།

སློབ་མས། ཁྱེད་རང་བོད་ལ་སྐྱེས་པ་རེད། རྒྱ་གར་ནང་སླེབས་ནས་མྱོང་ཚོར་ག་འདྲ་བྱུང༌།

རིན་པོ་ཆེས། བོད་ལ་སྐྱེས་པ་ཙམ་གྱིས་ཚད་ཀྱི་མ་རེད། བོད་ལ་ལོ་ཉི་ཤུ་བསྡད་པ་རེད། ལོ་བཅུ་གཉིས་བར་དུ་སོ་སོའི་ཕ་ཡུལ་དུ་བསྡད་པ་རེད། ལོ་བཅུ་གཉིས་ནས་བོད་དབུས་ལ་ཡོང་ནས་འབྲས་སྤུངས་ནང་ལོ་ཉི་ཤུ་བར་དུ་བསྡད་པ་རེད། དེས་ན་ལོ་ཉི་ཤུ་བོད་ལ་བསྡད་པའི་ཚོར་བ་དང་བག་ཆགས་དེ་ཧ་ཅང་གཏིང་ཟབ་པོ་ཡོད་རེད། ལོ་ཉི་ཤུ་བོད་ཀྱི་ནང་བསྐྱལ་བ་རེད། ལོ་ལྔ་བཅུ་རྒྱ་གར་ནང་བསྐྱལ་བ་རེད། རིང་ཐུང་བྱས་ན་རྒྱ་གར་ལ་རིང་བ་རེད། ཡིན་ནའང་བསམ་བློའི་ནང་བོད་ནང་ལ་ཡོད་པའི་ཚོར་སྣང་དེ་ཧ་ཅང་གཏིང་ཟབ་པ་འདུག དགའ་པོ་ཡིན་ནའང་རེད། སྡུག་པོ་ཡིན་ནའང་རེད། ཧ་ཅང་གཏིང་ཟབ་པ་ཡོད་རེད། ཡིན་ནའང་གཟབ་གཟབ་བྱས་ཏེ་བསམ་བློ་གཏིང་ཟབ་བཏང་བ་ཡིན་ན། ང་ཚོ་གྲྭ་པ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ནང་དང་ཕ་ཡུལ་ཚང་མ་གཡུགས་ནས་དགོན་པའི་ནང་གྲྭ་པ་བྱས་པ་རེད། ཁྱིམ་པ་མི་ནག་ནང་བཞིན་ཕ་ཡུལ་ལ་ཞེན་ཆགས་དང༌། ལུང་པ་གཞན་ལ་འདྲིས་མ་ཐུབ་པ་དེ་འདྲ་རང་ཡོད་མ་རེད། གར་སྐྱིད་

ཕ་ཡུལ་དང་སུ་བྱམས་ཕ་མ་ཡིན་ཟེར་བའི་བོད་ཀྱི་གཏམ་དཔེ་ཞིག་ཡོད་རེད། སྐྱིད་པོ་གང་དུ་བྱུང་ནའང་དེ་ཕ་ཡུལ་ཆགས་འགྲོ་གི་ཡོད་རེད། སུས་བྱམས་པོ་བྱས་པ་ཡིན་ནའང་དེ་ཕ་མ་ཆགས་འགྲོ་གི་ཡོད་རེད། ཞིབ་ཚགས་པོས་བལྟས་ན་མི་ཚེ་དེ་ཧ་ཅང་ཐུང་ཐུང་རེད། སོ་སོ་སྐྱེ་ས་དང་སྐྱེ་ས་མིན་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་མ་རེད། ཡིན་ནའང་བོད་ཀྱི་ཚོར་བ་དེ་གཏིང་ཟབ་པ་ཡོད་རེད་ཅེས་ངས་ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། ད་ལྟ་ང་བོད་ལ་ཡོད་པ་ནང་བཞིན་བསྡད་ཡོད་རེད། ཕྱི་རྒྱལ་ལ་སླེབས་ནས་དུས་རབས་ཉི་ཤུ་རྩ་གཅིག་པའི་དེང་རབས་ཀྱི་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོད་ཀྱང༌། དེ་ཚོས་ང་ཚོའི་བསམ་བློའི་ཐོག་ལ་ཤུགས་རྐྱེན་གཅིག་ཀྱང་ཐེབས་ཀྱི་ཡོད་མ་རེད། གློག་བརྙན་བལྟས་པ་ཡིན་ནའང་རེད། བརྙན་འཕྲིན་བལྟས་པ་ཡིན་ནའང་རེད། གསར་ཤོག་བལྟས་པ་ཡིན་ནའང་རེད། རྒྱལ་ཁབ་ག་ས་ག་ལ་ཕྱིན་པ་ཡིན་ནའང་རེད། གང་ལྟར་ག་རེ་བྱས་པ་ཡིན་ནའང་དེང་རབས་ཀྱི་ཁྲ་ཁྲ་ཟིང་ཟིང་དེ་ཚོས་ང་ཚོའི་ཡིད་འཕྲོག་གི་ཡོད་མ་རེད། ག་ཚོད་ཀྱིས་དེང་རབས་ཀྱི་ཁྲ་ཁྲ་ཟིང་ཟིང་མཐོང་བ་དེ་ཙམ་གྱིས་བོད་ཀྱི་རིག་གཞུང་དང༌། བོད་ཀྱི་ལེགས་བྱང་དེ་ཧ་ཅང་ཡག་པོ་ཞིག་དང༌། ཁྱད་པར་འཕགས་པ་ཡིན་པ། ཕུན་སུམ་ཚོགས་པ་ཡིན་པ་དེ་བསམ་བློའི་ནང་ལ་ཚོར་ཤུགས་ཆེ་རུ་འགྲོ་གི་ཡོད་རེད། དེ་འདྲ་ཡིན་ཙང་ལོ་ཉི་ཤུའི་བག་ཆགས་དེ་ལོ་ལྔ་བཅུའི་བག་ཆགས་ལས་ཧ་ཅང་གཏིང་ཟབ་པ་དང་མཐུག་པ་ཆགས་ཡོད་རེད། མཁྱེན་སོང་ངམ།

སློབ་མས། ཤེས་སོང༌།

རིན་པོ་ཆེས། གཞན་པ་ག་རེ་འདུག རྒྱབ་ཏུ་བཞུགས་མཁན་ཚོ་ལ་གསུང་རྒྱུ་མེད་དམ།

སློབ་མས། རིན་པོ་ཆེ་ཁྱེད་རང་རིག་གནས་སྦྱངས་མྱོང་ཡོད་དམ།

རིན་པོ་ཆེས། ཏོག་ཙམ་སྦྱངས་མྱོང་ཡོད།

སློབ་མས། རིན་པོ་ཆེ་ཁྱེད་རང་རིག་གནས་སྦྱངས་ནས་ཕན་ཐོགས་ག་རེ་བྱུང་སོང༌།

རིན་པོ་ཆེས། རིག་གནས་སྦྱངས་ནས་་་་་་་་་་་ཧ་ཧ་ཧ། སྔོན་ལ་ཁྱེད་རང་གི་དྲི་བ་དེ་ལ་༔འགྲེལ་བཤད་ཅིག་བརྒྱབ་དགོས་འདུག ཁྱེད་རང་གིས་རིག་གནས་སྦྱངས་༔མྱོང་ངམ་ཟེར་དུས། རིག་གནས་དེ་གང་དུ་ལབ་ཀྱི་ཡོད།

སློབ་མས། བོད་ཀྱི་རིགས་ལམ།

རིན་པོ་ཆེས། རིགས་ལམ་དང་རིག་གནས་གཉིས་གཅིག་པ་མ་རེད། རིག་གནས་ཟེར་༔དུས་ཁྱེད་རང་བསམ་བློའི་ནང་ག་འདྲ་ཞིག་ལ་གོ་སོང༌། ཁྱེད་རང་ཚོ་ད་ལྟ་འཛིན་གྲྭའི་ནང་ལ་སྦྱང་རྒྱུ་དེ་རིག་གནས་རེད་དམ་མ་རེད།

སློབ་མས། རེད། རེད།

རིན་པོ་ཆེས། རིག་གནས་ལ་ག་ཚོད་ཡོད་རེད། ང་ཚོ་བོད་སྐད་ནང་རིག་གནས་ཟེར་དུས་སློབ་ཚན་ཆ་ཚང་ལ་ལབ་ཀྱི་ཡོད་རེད། སློབ་ཚན་ཡོངས་སུ་རྫོགས་པ་དེ་རིག་གནས་ནང་ལ་བསྡུས་འགྲོ་བ་རེད། གལ་སྲིད་རིག་གནས་དེ་རྒྱ་ཆེན་པོར་དབྱེ་བ་ཕྱེ་ན་ལྔ་ཡོད་རེད། སྒྲ་རིག་པ་དང༌། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་བཅས་རེད། གོ་མྱོང་ངམ།

སློབ་མས། ལགས། གོ་མྱོང༌།

རིན་པོ་ཆེས། སྒྲ་རིག་པ་ནི་སྐད་ཡིག་དེ་ཚོ་ལ་ཟེར་གྱི་ཡོད་རེད། ཚད་མ་རིག་པ་ནི་རིགས་ལམ་ལ་ཟེར། གསོ་བ་རིག་པ་ནི་སྨན་གྱི་སྐོར་རེད། བཟོ་རིག་པ་ནི་ལག་ཤེས་དང༌། ཐང་ཀ་འབྲི་རྒྱུ། ཤིང་བཟོ། མགར་བ། འཚེམ་བུ་བརྒྱབ་རྒྱུ་སོགས་རེད།

སློབ་མས། ལྷད་མ་བསླ་རྒྱུ། ཤོག་བཟོ། ་་་་་་༌། ་་་་་་༌།

རིན་པོ་ཆེས། དེ་ཚོ་ཚང་མ་བཟོ་རིག་པ་ཟེར་གྱི་རེད། ནང་དོན་རིག་པ་ནི་ཆོས་ཀྱི་སློབ་སྦྱོང་བྱེད་རྒྱུ་དེ་རེད། གཞི་ལམ་འབྲས་བུའི་སྐོར་དེ་འདྲ་རེད། དེ་འདྲ་བྱེད་དུས་ལོ་ཆུང་དུས་རིག་གནས་བསླབས་མྱོང་ཞེས་ལབ་དགོས་ཀྱི་རེད། སྒྲ་རིག་པའི་ནང་ལ་སྐད་ཡིག་དང༌། ཚིག་རྒྱན། སྙན་ངག་ལ་སོགས་པ་དེ་༤༣༧

ཚོ་ཏོག་ཙམ་བསླབས་ཡོད་རེད། དེ་ནས་ཚད་མ་རིག་པའི་སྐོར་ལ་ནི་ང་ཚོ་དགོན་པའི་ནང་བསྡད་སྐབས་ཚད་མ་རིག་པ་མ་བསླབ་པར་འགྲོ་ས་ཡོད་མ་རེད། འོན་ཀྱང་ཞིབ་ཚགས་པོ་བྱས་ནས་གསོ་བ་རིག་པ་བསླབས་མྱོང་ཡོད་མ་རེད། ཡིན་ནའང་ངའི་རྒན་ལགས་དེ་སྨན་པ་ཆེན་པོ་ཞིག་སོང་ཙང༌། གསོ་བ་རིག་པའི་སྐོར་ལ་གོ་མྱོང་ཐོས་མྱོང་མང་པོ་ཡོད་རེད། ནང་དོན་རིག་པ་ནི་ནང་པའི་ཆོས་པ་ཞིག་ཡིན་ཙང་རང་བཞིན་གྱིས་སློབ་སྦྱོང་བྱེད་རྒྱུ་གཙོ་བོ་དེ་ཆགས་ཀྱི་ཡོད་རེད། རིག་གནས་ཕྲན་བུ་བསླབས་པ་དེས་ད་ལྟ་གནས་ཚུལ་ག་འདྲ་ཞིག་ལ་ཐུག་པ་ཡིན་ནའང་ཤེས་བྱའི་གནས་ལ་བླང་དོར་འབྱེད་རྒྱུའི་ནུས་པ་ཆེན་པོ་ཞིག་རག་ཡོད་རེད། ཕན་ཐོགས་ག་རེ་བྱུང་ཟེར་ན། སོ་སོ་ལ་བསམ་བློ་གཏང་རྒྱུའི་ནུས་པ་ཞིག་སླེབས་ཡོད་རེད། བརྙན་འཕྲིན་ནང་ཡག་སྡུག་ལབ་པ་དེ་ལ་ལམ་སེང་ཆ་བཞག་གི་ཡོད་མ་རེད། ཕྱི་རྒྱལ་གྱི་ཚན་རིག་པ་ཞིག་སླེབས་ནས་དེ་དེ་འདྲ་རེད། དེ་དེ་འདྲ་མ་རེད་ཅེས་ལབ་ཡིན་ནའང༌། སྔོན་ལ་ཉན་ནས་རྗེས་མ་དེ་རེད་འདུག་གམ་མི་འདུག་སོ་སོས་བརྟག་དཔྱད་བྱས་ནས་ཐག་གཅད་ཀྱི་རེད་མ་གཏོགས། མིས་ག་རེ་ལབ་པའི་རྗེས་སུ་རྒྱུག་གི་མ་རེད།བྱས་ཙང་རིག་གནས་བསླབས་ནས་ཕན་ཐོགས་ག་རེ་བྱུང་ཞེ་ན། སོ་སོ་རང་དབང་གི་ཐོག་ནས་བསམ་བློ་གཏོང་ཐུབ་མཁན་ཞིག་ཆགས་སོང་ཞེས་ལབ་ན་འགྲིག་གི་ཡོད་རེད། ད་ཁྱེད་རང་གི་དྲི་བ་དེ་རིག་གནས་མིན་པར། རིགས་ལམ་བསླབས་ནས་ཕན་ཐོགས་ག་རེ་བྱུང་སོང་ཞེས་ལབ་ན། རིགས་ལམ་བསླབས་པའི་དགོས་པ་གཙོ་བོ་དེ་མིས་གང་བཤད་ལ་ཆ་བཞག་གི་ཡོད་མ་རེད། མིག་གིས་མཐོང་ཚད་དང་ཨམ་ཆོག་གིས་གོ་ཚད་ལ་ཆ་བཞག་གི་ཡོད་མ་རེད། སོ་སོའི་རིགས་པའི་སྒོ་ནས་བརྟག་དཔྱད་བྱེད་རྒྱུ་ཞིག་ཤེས་ཀྱི་ཡོད་རེད། ང་ཚོ་བོད་པའི་གཏམ་དཔེ་ལ་བླུན་པོ་ཆུ་སྣ་གར་འཁྲིད་ཟེར་བ་ཞིག་ཡོད་རེད། མི་ཡོན་ཏན་མེད་མཁན་རིགས་ལམ་དང་རིག་གནས་མ་སྦྱོང་མཁན་༤༣༨

དེ་ཚོ་གང་དུ་འཁྲིད་འཁྲིད་ཅིག་ཡོད་རེད། ཡར་རེད་ཟེར་ན་ཡར་ཡིན་པ་ལ་ཆ་བཞག མར་རེད་ཟེར་ན་མར་ཡིན་པ་ཆ་བཞག་པ་མ་གཏོགས། སོ་སོ་རང་གི་ངོས་ནས་ཡིན་པ་དང་མིན་པ་ཐག་བཅད་ཐུབ་ཀྱི་ཡོད་མ་རེད། རིགས་ལམ་སློབ་མཁན་དང་རིག་གནས་སློབ་མཁན་རྣམས་ལ་ཕན་ཐོགས་ཆེ་ཤོས་ག་རེ་ཡོད་རེད་ཅེ་ན། བསམ་བློ་ལ་རང་དབང་འཐོབ་ཀྱི་རེད། བསམ་བློ་མིས་གང་དུ་འཁྲིད་འཁྲིད་འགྲོ་གི་མ་རེད། བདེན་པ་ཡིན་མིན་བརྟག་དཔྱད་བྱེད་རྒྱུའི་རང་དབང་དང་ནུས་པ་ཡོད་པ་ཆགས་ཀྱི་རེད། མཁྱེན་སོང་ངམ།

སློབ་མས། ལགས། ཤེས་སོང༌།

རིན་པོ་ཆེས། ཁྱེད་རང་ཚོའང་རིག་གནས་བསླབས་ནས་རྗེས་མ་བསམ་བློ་བཏང་ཤེས་མཁན་དང་བརྟག་དཔྱད་བྱེད་ཤེས་མཁན་ཞིག་ཆགས་དགོས་ཀྱི་རེད། དེ་མིན་མིས་ག་རེ་ལབ་པར་ཆ་བཞག་མཁན་ཞིག་ཆགས་ན་མ་བསླབ་པ་དང་གཅིག་པ་ཆགས་འགྲོ་གི་རེད། འགྲིག་སོང་ངམ། ད་དཀའ་ལས་ཁག་སོང་ངམ།

སློབ་མས། དཀའ་ལས་ཁག་མ་སོང༌།

རིན་པོ་ཆེས། དཀའ་ལས་ཁག་མ་སོང་ན་གཞན་དག་གཅིག་དྲིས་དང༌།

སློབ་མས། རིན་པོ་ཆེས་ཁྱེད་རང་ཆུང་དུས་ནས་གྲྭ་པ་བྱེད་འདོད་ཡོད་དམ།

རིན་པོ་ཆེས། ཡོད། གྲྭ་པ་བྱེད་རྒྱུ་ལ་ལོ་བདུན་ལོན་དགོས་རེད། ལོ་བཞི་ལྔ་དྲུག་ལ་གྲྭ་པ་བྱེད་ཆོག་གི་ཡོད་མ་རེད། སངས་རྒྱས་ཀྱིས་འདུལ་བའི་བཅས་མཚམས་ནང་ཕྲུ་གུ་དང་པོ་གྲྭ་པར་ཞུགས་རྒྱུར་ལོ་བདུན་ལོན་མཁན་བྱ་རོག་དཀྲོགས་ནུས་མཁན་ཞིག་དགོས་རེད།བྱ་རོག་སླེབས་ན་ཕར་དཀྲོགས་ཐུབ་མཁན། དོན་དུ་ཏོག་ཙམ་ཕར་ཚུར་འགྲོ་ཐུབ་མཁན། ལས་ཀ་ཏོག་ཙམ་བྱེད་ཐུབ་མཁན། དེ་འདྲ་ཞིག་མ་བྱུང་ན་གྲྭ་པ་བྱེད་ཆོག་གི་ཡོད་མ་རེད། ང་ཚོའི་ནང་གི་ཉེ་འགྲམ་དུ་ཕལ་ཆེར་ཀི་ལོ་མི་ཊར་བཅོ་ལྔ་བཅུ་དྲུག་གི་མཚམས་ལ་དགོན་པ་ཞིག་ཡོད་རེད། དེའི་ནང་ངའི་ཨ་ཞང་གཅིག་ཀྱང་གྲྭ་པ་རེད། ང་ཆུང་དུས་ཁ་གྲག་ཤེས་ལ་མ་ཤེས་དང༌། གོམ་པ་རྒྱག་ཐུབ་ལ་མ་ཐུབ་དེ་འདྲ་ཞིག་ལ་ཨ་ཞང་ལགས་དེ་ག་དུས་ནང་ལ་ཕེབས་ནའང་ཕར་ལོག་སྐབས། ང་དགོན་པར་འགྲོ་གི་ཡིན། དགོན་པར་འཁྲིད་རོགས་ཞེས་ཕྲུ་གུ་ཆུང་ཆུང་སྐབས་ནས་ལབ་བསྡད་ཀྱི་ཡོད་འདུག དེ་ནས་ང་ལོ་བཞི་ལྷག་ཙམ་སོན་སྐབས་ཉིན་ཞིག་ཨ་ཞང་ལགས་ཕེབས་སྐབས་ངས་ཡིན་གཅིག་མིན་གཅིག་དགོན་པར་འཁྲིད་རོགས་ཞེས་ལབ་པར་བརྟེན། པ་ལགས་དང་ཨ་མ་ལགས་ཀྱིས་དགོན་པ་ལ་བཏང་ན། སང་ཉིན་ཚུར་ལོག་གི་རེད་དགོངས་ནས་ང་ཨ་ཞང་ལགས་མཉམ་དུ་དགོན་པའི་ནང་དུ་བཏང་བ་རེད། འོན་ཀྱང་ཨ་ཞང་ལགས་ལ་ཟུར་དུ་པ་ལགས་ཀྱིས་སང་ཉིན་གནངས་ཉིན་ཞིག་ལེན་དུ་ཡོང་གི་ཡིན་ཞེས་གསུངས་འདུག དེ་ནས་ང་དགོན་པ་ལ་འཁྲིད་པ་རེད། དགོན་པར་སླེབས་ཚར་ནས་ཕྲུ་གུ་ཆུང་ཆུང་དགོན་པར་སྡོད་ཆོག་གི་ཡོད་མ་རེད། གྲྭ་པ་ནི་ཆགས་ཡོད་མ་རེད། ད་ལྟ་ཁྱིམ་པ་ཕྲུ་གུ་ཆུང་ཆུང་ལོ་བཞི་ལྷག་ཙམ་ཁ་གྲག་ཤེས་ལ་མ་ཤེས། གོམ་པ་རྒྱག་ཐུབ་ལ་མ་ཐུབ་དེ་འདྲ་ཞིག་ཡོད་རེད། དགོན་པར་འཁྲིད་ཡོང་ཙང་དགོན་པའི་ནང་དགོང་དག་ཕྲུ་གུ་ཉར་ཆོག་གི་མེད་པར་བརྟེན། དེའི་དགོང་མོ་དཀའ་ལས་ཁག་པོ་བྱུང་འདུག ཡིན་ནའང་རྗེས་མ་དགོན་པའི་དགེ་བསྐོས་དང་མཁན་པོ་དེ་ཚོས་དོ་དགོང་སང་ཉིན་ཕྲུ་གུ་བསྐྱལ་ས་མེད་ན་ཉར་ན་འགྲིག་གི་རེད། སང་ཉིན་གནངས་ཉིན་ཕ་སླེབས་ན་ལམ་སེང་གཏང་དགོས་ཞེས་ལབ་ཡོད་ས་རེད། རྗེས་སུ་པ་ལགས་ལེན་དུ་སླེབས་སྐབས་ངས་འགྲོ་གི་མིན་ཞེས་བཤད་ནས་དགོན་པའི་ནང་ལྷག་པ་རེད། ང་ཆུང་དུས་ནས་དགོན་པའི་ནང་ལ་བསྡད་པ་རེད། གྲྭ་པ་ནི་དེ་དུས་བྱེད་རྒྱུ་རེད། ལོ་བཞི་ལྷག་ཙམ་ནས་དགོན་པའི་ནང་བསྡད་པ་རེད། དགོན་པའི་ནང་འཚར་ལོངས་བྱས་པ་རེད།

དེ་ནས་ལོ་ལྔ་ལོན་སྐབས་ཟམ་གདོང་བླ་མ་ཆགས་པ་རེད། ཟམ་གདོང་བླ་མ་ཆགས་ཚར་དུས་དགོན་པའི་ནང་ལ་མ་བསྡད་རང་བསྡད་རེད། ང་དང་པོ་བསྡད་སའི་དགོན་པ་དེ་མ་རེད། ཟམ་གདོང་བླ་མའི་དགོན་པ་དེ་ཡང་ངའི་ནང་ནས་ཕལ་ཆེར་ཀི་ལོ་མི་ཊར་དྲུག་ཅུ་བདུན་ཅུ་ཙམ་ཡོད་རེད། རྟ་བཞོན་ནས་འགྲོ་དུས་ཉིན་གཉིས་ཙམ་འགོར་གྱི་རེད། དེར་གྲྭ་ཆས་གྱོན་ནས་ལོ་བདུན་བར་དུ་བསྡད་པ་རེད། དེ་ནས་ལོ་བདུན་པར་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་གྲྭ་པ་ངོ་མ་བྱས་པ་རེད། དེ་འདྲ་བརྩི་ན་ད་གྲྭ་པ་བྱས་ནས་ལོ་དྲུག་ཅུ་རེ་གསུམ་རེ་བཞི་ཞིག་འགྲོ་གི་ཡོད་རེད། འགྲིག་སོང་ངམ། གཞན་ག་རེ་འདུག ཁྱེད་རང་ལ་ག་རེ་གསུང་རྒྱུ་ཡོད་དམ།

སློབ་མས། རྡ་རམ་ས་ལར་གཙུག་ལག་ཁང་དང༌། ྋགོང་ས་མཆོག་གི་ཕོ་བྲང་བཞེངས་དགོས་དོན་གང་རེད།

རིན་པོ་ཆེས། ཨོ་ཧོ། ཁྱེད་རང་བྱས་ན་ག་རེ་ཡིན་ས་རེད། ཕྱི་ལོ་༡༩༥༩ ལོར་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་མོན་རྟ་དབང་དང༌། འབུམ་སྡེ་ལ། ཨ་སམ། ཨ་རུ་ན་ཅལ་པར་དེཤ་བརྒྱུད་ནས་ཚུར་ཕེབས་པ་རེད། དེ་དུས་རྟ་དབང་དང་འབུམ་སྡེ་ལ་དེ་ཚོར་བཞུགས་ནུས་ཀྱི་ཡོད་མ་རེད། རྒྱ་མིས་ལམ་སེང་རྗེས་འདེད་ཡོང་གི་རེད་བསམས་ནས་ས་མཚམས་ནས་ཚུར་ཐག་རིང་པོ་ཞིག་ཏུ་མ་ཕེབས་རང་ཕེབས་ཆགས་བསྡད་ཡོད་རེད། ང་ཚོ་བོད་པ་ཚོ་རྒྱ་གར་གྱི་རྒྱ་ཐང་ནང་ལ་ཚ་བ་བཟོད་ཐུབ་ཀྱི་ཡོད་མ་རེད། རྒྱལ་དབང་རིན་པོ་ཆེ་དིལླིའ་ལྟ་བུར་བཞུགས་ཐུབ་ཐབས་ཡོད་མ་རེད། དེ་དུས་རྒྱ་གར་གཞུང་གིས་གནམ་གཤིས་དང་ཁང་པ་གྲ་སྒྲིག་བྱེད་རྒྱུས་མཚོན་མང་པོ་ཞིག་ལ་གཟིགས་ནས་སྐུ་མདུན་མ་སཱུ་རིའ་ལ་གདན་འདྲེན་ཞུས་པ་རེད། ཡིན་ནའང་མ་སཱུ་རིའ་ནི་དེ་དུས་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་དང༌། མིའང་མང་པོ་ཞིག་ཡོད་པས། ས་ཆའང་དཀོན་པོ། ཁང་པ་སྟོང་པའང་ཧ་ཅང་དཀོན་པ་བཅས་ལ་བརྟེན།

ྋསྐྱབས་མགོན་རིན་པོ་ཆེ་མ་སཱུ་རིའ་ལ་གཏན་འཇགས་བཞུགས་རྒྱུའི་གྲྭ་དེ་འགྲིག་ཡོད་མ་རེད། མ་སཱུ་རི་ལ་ཕེབས་ནས་ལྷིང་འཇགས་ཏེ་ཟླ་བ་ཁ་ཤས་སོང་རྗེས། རྒྱལ་དབང་རིན་པོ་ཆེ་རྒྱུན་རིང་ཙམ་རྒྱ་གར་ལ་བཞུགས་དགོས་བྱུང་ན་བཞུགས་ས་དེ་གཏན་འཁེལ་པོ་ཞིག་དགོས་ཀྱི་རེད་ཅེས་རྒྱ་གར་གཞུང་དང་བཙན་བྱོལ་གཞུང་མཉམ་འབྲེལ་གྱི་ཐོག་ནས་ག་ས་ག་ལ་ས་ཆ་གཟིགས་ཀར་ཕེབས་པ་རེད། དེ་དུས་སིམ་ལའི་ཁ་གཏད་ཀྱི་རི་གཅིག་གི་མགོ་ལ་ཅེལ་ཟེར་བའི་ས་ཆ་ཞིག་ཡོད་རེད། རྩེད་ཐང་ཡོད་པ་ཞིག་དང༌། མཧཱརཱཇཱ་པཊིཡཱལཱའི་ཕོ་བྲང་ཡོད་ས་དེར་ཡག་པོ་འདུག་ཅེས་ཕལ་ཆེར་དེར་སྤོ་རྩིས་ཀྱང་བྱས་པ་རེད། དེ་ནས་ཌལཧོསིའ་ལའང་གཟིགས་པ་རེད། དྷརྨཤཱལཱར་ཡང་གཟིགས་ཀར་ཕེབས་པ་རེད། དེ་དུས་ཤེས་རིག་བཀའ་བློན་ཀུན་བདེ་གླིང་ཛ་སག་འོད་ཟེར་རྒྱལ་མཚན་ཞུ་བ་དེ་ས་ཆ་གཟིགས་མཁན་གཙོ་བོ་དེ་རེད། དེ་དུས་དགོངས་པ་བཞེས་དགོས་པའི་གནས་ཚུལ་གལ་ཆེ་ཤོས་གཅིག་ནི་རྒྱལ་དབང་རིན་པོ་ཆེའི་སྐུའི་སྲུང་སྐྱོབ་དེ་རེད། དེ་དུས་དྷརྨཤཱལཱ་ཧ་ལམ་སྟོང་པ་འདྲ་པོ་རེད། དེ་དུས་མེག་ལོཌ་གན་ཇི་ལ་ཁང་པ་གསུམ་རང་ཡོད་རེད། ནཱརཽཇཱིའི་ཚོང་ཁང་དེ་གཅིག་རེད། དེའི་ཚུར་ཙམ་ལ་ལཱལཱ་ཨམར་ནཱཐ་ཟེར་བ་དེའི་ཚོང་ཁང་གཅིག་རེད། དེ་ནས་བཞི་མདོ་དེ་ལ་དེ་དུས་དེའི་མིང་ལ་བཞི་མདོ་ཀུ་ཀྲི་ཞེས་བརྗོད་ཀྱི་རེད། ད་ལྟ་བུད་མེད་མཉམ་ལས་ཀྱི་ཚོང་ཁང་ཡོད་ས་དེ་རེད། དེར་ཁང་པ་གཅིག་མ་གཏོགས་གཞན་ཚང་མ་སྟོང་པ་སྟོང་རྐྱང་རེད། དེ་ནས་སྐུ་མདུན་བཞུགས་ས་དེ་ད་ལྟ་རི་ལ་འཛེགས་མཁན་གྱི་སློབ་གྲྭ་ཞིག་འདུག་གམ། དེ་ལ་དེ་དུས་སྭརྒཨཱཤྲམ་ཞུ་བ་རེད། དེའི་ཐོད་ལ་ནཱརཽཇཱིའི་ཀོཋཱི་ཟེར་བ་དེ་རེད། དེའི་ཕར་ཕྱོགས་དེ་ལ་གླིང་རིན་པོ་ཆེ་བཞུགས་སའི་གཟིམ་ཤག་དེ་རེད། དེ་དུས་ཁང་པ་སྟོང་པ་ཡོད་རེད།བྱས་ཙང་དྷརྨཤཱལཱ་དེ་ཡག་ཤོས་མཐོང་བ་རེད། ལྷག་པར་དུ་མིང་དེའང་ཧ་ཅང་ཡག་པོ་ཡོད་རེད།

དྷརྨཤཱལཱ་བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་ལྟེ་གནས་རེད། དེའང་རྟེན་འབྲེལ་ཡག་པོ་འདུག་བསམས་ནས་སྐུ་ངོ་ཀུན་བདེ་གླིང་གིས་ས་ཆ་ཚང་མ་སྐོར་བ་བརྒྱབས་ནས་མ་སཱུ་རཱི་ལ་ལས་བསྡོམས་སྙན་ཞུ་ཞིག་ཕུལ་བ་རེད། སྐུ་ངོ་ཀུན་བདེ་གླིང་ནམ་རྒྱུན་ནས་ཞལ་ཤོབ་ཚ་པོ་ཞིག་ཡོད་རེད། ཁོང་གིས་ལས་བསྡོམས་ནང་མ་སཱུ་རཱིའི་འོ་མ་ལས་དྷརྨཤཱལཱའི་ཆུ་ཞིམ་པ་འདུག་ཅེས་བཀོད་ཡོད་རེད། དེ་དུས་མ་སཱུ་རིའའི་འོ་མ་སླ་པོ་མེད་འགྲོ དེ་ནས་དྷརྨཤཱལཱར་བཞུགས་གཏན་འཁེལ་ནས་༡༩༦༠ ཕྱི་ཟླ་བཞི་པའི་ནང་མ་སཱུ་རིའ་ནས་དྷརྨཤཱལཱར་སྤོས་གནང་བ་རེད། དེ་དུས་སྐུ་མདུན་བཞུགས་ས་སྭརྒཨཱཤྲམ་ཞེས་ད་ལྟ་རི་འཛེགས་སློབ་གྲྭ་ཡོད་ས་དེ་རེད། ཁྱེད་རང་ཚོ་དེ་ནས་ཡར་འགྲོ་མྱོང་ངམ། མེག་ལོཌ་གན་ཇིའི་བཞི་མདོ་ད་ལྟ་རླངས་འཁོར་འགག་ས་ནཱརཽཇིའའི་ཚོང་ཁང་ཡོད་ས་ཞིག་འདུག་གམ། དེ་ནས་བུ་གསོ་ཁང་ལ་ཕར་འགྲོ་སའི་ལམ་གཅིག་དང༌། དྷརྨཤཱལཱ་ཤོད་ལ་མར་འགྲོ་སའི་ལམ་གཅིག་འདུག་གམ། ད་ལྟ་གཡས་གཡོན་ཚང་མ་ཚོང་ཁང་འདུག དེའི་དཀྱིལ་ལ་ཡར་འགྲོ་ས་ཞིག་འདུག་གམ། དེ་ནས་ཡར་ཀི་ལོ་མི་ཊར་གཅིག་ཙམ་ལ་ཁང་པ་ཞིག་ཡོད་རེད། དེ་རིང་སང་ཉིན་རི་ལ་འཛེགས་མཁན་གྱི་མི་དེ་ཚོའི་སློབ་སྦྱོང་བྱེད་ས་ཞིག་རེད། ཁྱེད་ཚོ་དེར་མཇལ་དུ་འགྲོ་དགོས། སྔོན་མ་སྐུ་མདུན་བཞུགས་ས་ག་འདྲ་ཞིག་འདུག་གཟིགས་དགོས། དེར་སྐུ་མདུན་ལོ་བདུན་བརྒྱད་ཅིག་བཞུགས་ཡོད་ཀྱི་རེད། དེ་ནས་ད་ལྟ་ཕོ་བྲང་དང་གཙུག་ལག་ཁང་ཡོད་ས་དེར་དེ་དུས་ཀཱཔཱུརཐཱལཱ་ཧའོ་སི་ཞེས་ལབ་ཀྱི་ཡོད་རེད། མཧཱརཱཇཱ་ཀཱཔཱུརཐཱལཱའི་ས་ཆ་རེད་འདུག རྗེས་མ་ང་རང་ཚོ་བོད་གཞུང་གི་ངོས་ནས་ས་ཆ་དེ་ཉོས་པ་རེད། ད་ལྟ་ས་ཆ་དེ་རང་བདག་རེད། སྔོན་མ་བཞུགས་སའི་སྭརྒཨཱཤྲམ་དེའི་གཟིམ་ཆུང་ཡང་སྐྱོ་པོ་ཞིག་མ་གཏོགས་ཡོད་མ་རེད། དེ་ནས་གཟིམ་ཆུང་ད་ལྟ་བཞུགས་ས་དེར་སྤོས་གནང་བ་རེད།

རྣམ་རྒྱལ་གྲྭ་ཚང་དང་གཙུག་ལག་ཁང་ཡང་ལོགས་སུ་དགོས་ཀྱི་ཡོད་ཙང༌། ད་ལྟའི་གཙུག་ལག་ཁང་དེ་གཞི་ནས་བཞེངས་པ་རེད། གཞིས་ཆགས་སྟངས་དེ་ལྟར་རེད། འོན་ཀྱང་སྐུ་མདུན་དེར་ཕེབས་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེས་དྲིས་པ་ཡིན་ན། དེ་དུས་ས་ཆ་སྟབས་བདེ་ཤོས་དང་ཡག་ཤོས་ཤིག་ལ་གཟིགས་པ་ཡིན་ཙང་ཕེབས་པ་རེད། ཡིན་ནའང་དེའི་དྲི་བ་དེ་གཏིང་ཟབ་པོ་དྲིས་པ་ཡིན་ན་དེ་ལའང་ལས་དང་སྨོན་ལམ་གྱི་འབྲེལ་བ་ང་ཚོས་ཧ་མ་གོ་བ་དེ་འདྲ་མང་པོ་ཡོད་ཀྱི་རེད། འགྲིག་སོང་ངམ།

སློབ་མས། འགྲིག་སོང༌།

རིན་པོ་ཆེས། དྲི་བར་ལན་ཐེབས་སོང་ངམ།

སློབ་མས། ཐེབས་སོང༌།

རིན་པོ་ཆེས། དེ་ནས་གཞན་པ་ག་རེ་ཡོད། གསུངས་དང༌།

སློབ་མས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་མ་སཱུ་རིའ་ལ་དང་པོ་བཙུགས་པ་རེད། དེ་ནས་གངས་སྐྱིད་ལ་བཙུགས་དགོས་དོན་གང་རེད།

རིན་པོ་ཆེས། ཨོ་ཧོ་ད་འདི་་་་་་་་༌། ག་རེ་ལབ་དགོས་ཀྱི་ཡིན་ནམ། དེ་ལ་ལན་ཐེབས་ས་མ་རེད། དྲི་བ་ཚང་མ་ལ་ལན་རྒྱག་དགོས་ཀྱི་ཡོད་དམ། གདམ་ག་བྱེད་རྒྱུ་ཡོད་མ་རེད་དམ། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་མ་སཱུ་རིའ་ལ་བཙུགས་པ་མ་རེད། དེ་ལོ་སུམ་བརྒྱ་དྲུག་ཅུ་རེ་ལྔ་རེ་དྲུག་ཅིག་གི་སྔོན་ལ་བོད་ནང་བྱུང་བ་ཞིག་རེད། ཕྱི་ལོ་༡༦༤༢ ལོ་ལ་རྒྱལ་དབང་ལྔ་པའི་ཕྱག་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་དབང་དེ་སོག་པོའི་དམག་དཔོན་གུ་ཤྲི་ཁཱང་ཟེར་མཁན་དེས་ཕུལ་བ་རེད། དེ་དུས་རྒྱལ་དབང་རིན་པོ་ཆེ་བཞུགས་སའི་ཕོ་བྲང་དེ་འབྲས་སྤུངས་ལ་ཡོད་རེད། ཕོ་བྲང་དེའི་མཚན་ལ་དགའ་ལྡན་ཕོ་བྲང་ཟེར་གྱི་ཡོད་རེད། རྒྱལ་དབང་སྐུ་ཕྲེང་གཉིས་པ་ནས་འབྲས་སྤུངས་དགོན་པར་བཞུགས་སྐབས་ཁང་པ་གཅིག་དགོས་ཀྱི་ཡོད་ཙང༌། སྣེའུ་རྫོང་གི་དཔོན་པོ་དེས་ཁང་པ་ཞིག་ཕུལ་བ་རེད། ཁང་པ་དེ་ཉམས་གསོ་བྱས་ཏེ་དེའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་མཚན་བཏགས་པ་རེད། དེའི་ནང་རྒྱལ་དབང་སྐུ་ཕྲེང་གཉིས་པ་དང༌། གསུམ་པ། བཞི་པ། ལྔ་པ་བཅས་བཞུགས་པ་རེད། གྲ་ཤྲི་ཁཱང་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱལ་དབང་ལྔ་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་དབང་དེ་ཕུལ་སྐབས་གཞུང་གསར་པ་ཞིག་ཆགས་པ་རེད། གཞུང་འདིའི་མིང་ལ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བརྗོད་པ་རེད། ཕྱོགས་ལས་རྣམ་རྒྱལ་ཟེར་བ་དེ་གཞུང་བཙུགས་ནས་གཞི་ནས་བཏགས་པ་ཞིག་རེད། དེ་ནས་༡༩༥༩ ཕྱི་ཟླ་༣ ཚེས་༡༠ ཉིན་མོར་བོད་ལ་མི་མང་གིས་ངོ་རྒོལ་བྱས་པ་རེད། དེའི་ཚེས་པ་བཅུ་བདུན་གྱི་མཚན་ལ་རྒྱལ་དབང་རིན་པོ་ཆེ་དང༌། བཀའ་བློན་གཉིས་མ་གཏོགས་པའི་བཀའ་བློན་གཞན་པ་ཚོ་བཅས་ཚང་མ་ནོར་བུ་གླིང་ཁ་ནས་ཐོན་ནས་ཚེས་ཉི་ཤུ་རྩ་གཅིག་རྩ་གཉིས་དེ་འདྲ་ཞིག་ལ་ལྷོ་ཁ་ལྷུན་རྩེ་རྫོང་དུ་བསྐྱར་དུ་བྱེས་ཀྱི་གཞུང་གཅིག་བཙུགས་པ་རེད། དེར་ཉིན་མ་གཅིག་གཉིས་མ་གཏོགས་བཞུགས་རྒྱུ་བྱུང་མེད། དེ་ནས་མ་སཱུ་རིའ་ལ་བཙན་བྱོལ་བོད་གཞུང་དང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་བཙུགས་པ་རེད། མ་སཱུ་རིའ་ནས་སྐྱབས་མགོན་རིན་པོ་ཆེ་དྷ྄རྨཤཱལཱར་ཕེབས་སྐབས་གཞུང་དེའང་མཉམ་དུ་སླེབས་པ་རེད། བོད་གཞུང་དེ་སྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ་འགྲོ་བ་རེད། དྷ྄རྨཤཱལཱར་སླེབས་དུས་གངས་ཅན་སྐྱིད་གཤོངས་དེ་ཡོད་མ་རེད། དེ་དུས་བཙན་བྱོལ་བོད་གཞུང་དེ་མག་ལོཌ་གན་ཇིའི་འཁྲིས་ལ་བྷག་སུ་མགྲོན་ཁང་ཟེར་བ་ཞིག་མི་འདུག་གམ། མཐོང་སོང་ངམ།

སློབ་མས། མཐོང་སོང༌།

རིན་པོ་ཆེས། བྷག་སུ་མགྲོན་ཁང་གི་ཕར་ངོས་ལ་རྒྱ་གར་གཞུང་གི་སྣེ་ལེན་སྐུ་ཚབ་བཞུགས་སའི་ཁང་པ་ཞིག་ཡོད་རེད། དེའི་ནང་ལ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཚང་མ་ཡོད་རེད། ང་དྷརྨཤཱལཱར་སླེབས་སྐབས་ད་ལྟ་སྣེ་ཤན་བཞུགས་སའི་ཁང་པ་དེའི་རྒྱབ་ཏུ་བ་ཕྱུགས་བཏགས་སའི་ཁང་པ་ཆུང་ཆུང་དེ་འདྲ་ཁ་ཤས་ཤིག་ཡོད་རེད། དེ་ཚོའི་ནང་ང་ཚོ་བླ་མ་ཁ་ཤས་ཤིག་ལོ་གཅིག་གཉིས་ཤིག་བསྡད་པ་རེད། དྲུག་ཅུ་རེ་དགུའི་ལོ་དེར་ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་བཅུ་འཁོར་བའི་དུས་ཆེན་དེ་གངས་ཅན་སྐྱིད་གཤོངས་སུ་བྱས་པ་རེད། དེ་དུས་གངས་ཅན་སྐྱིད་གཤོངས་ཉོས་ནས་ལོ་གཉིས་གསུམ་མ་གཏོགས་ཕྱིན་མེད། ཕལ་ཆེར་དྲུག་ཅུ་རེ་དྲུག་རེ་བདུན་དེ་འདྲ་ཞིག་ལ་གངས་ཅན་སྐྱིད་གཤོངས་ཉོས་པ་རེད། དེ་ནས་གངས་ཅན་སྐྱིད་གཤོངས་ལ་སླེབས་པ་རེད། དེར་སླེབས་དགོས་དོན་ཡང་དེ་ལ་ས་ཆ་རག་པ་ཙམ་ཞིག་རེད་མ་གཏོགས། གཞན་རྒྱུ་མཚན་གང་ཡང་མེད། གལ་ཏེ་རྒྱུ་མཚན་བཤད་རྒྱུ་ཡོད་ན་ཀུན་བདེ་གླིང་ལ་ཡོད་ཀྱི་རེད། ཀུན་བདེ་གླིང་ནི་ཕེབས་ཚར་བ་རེད། གཞན་གསུང་མཁན་ཡོད་དམ།

སློབ་མས། རིན་པོ་ཆེ་ཡིན་གཅིག་མིན་གཅིག་གྲྭ་པ་གནང་དགོས་ཀྱི་འདུག་གམ། མནའ་མ་ཞིག་ག་རེ་བྱས་ནས་བཙལ་མེད།

རིན་པོ་ཆེས། ཧ། ཧ། ཧ། ཧ། ད་ལྟ་མནའ་མ་བཙལ་རྒྱུ་ཕྱིས་དྲགས་པ་རེད། སྔོན་མ་ཆུང་ཆུང་སྐབས་ལ་མ་རག་པ་རེད། ད་ཕྱིས་དྲགས་པ་རེད། ཁྱེད་རང་མ་ཕྱིས་པར་བཙལ་ཤོག་ཨང༌། ཕྱིས་དྲགས་ན་མནའ་མ་མ་རག་པའི་ཉེན་ཁ་ཡོད་རེད། དྲི་བ་དེ་ག་རེ་བྱས་ནས་སླེབས་པ་རེད། ཡིན་གཅིག་མིན་གཅིག་གྲྭ་པ་བྱེད་དགོས་ཀྱི་འདུག་གམ་ཟེར་བའི་བསམ་བློ་དེ་ག་རེ་བྱས་ནས་འཁོར་གྱི་ཡོད་རེད། གྲྭ་པ་དང་ཁྱིམ་པ་གང་བྱེད་མི་སོ་སོའི་རང་དབང་རེད། སོ་སོའི་འདོད་པ་རེད། གྲྭ་པ་བྱེད་འདོད་ཡོད་མཁན་དེས་གྲྭ་པ་བྱེད་ཀྱི་རེད། གྲྭ་པ་བྱེད་འདོད་མེད་མཁན་རྣམས་དང་པོ་གྲྭ་པ་བྱས་ཀྱང་རྗེས་མ་གྲྭ་པ་ལོག་མཁན་དེ་འདྲའང་ཡོད་རེད།

བོད་ལ་ཡིན་ན་མང་ཆེ་བ་གྲྭ་པ་བྱས་ནས་བསྡད་ཀྱི་རེད། དེ་འདྲ་བྱེད་དུས་ཡིན་གཅིག་མིན་གཅིག་གྲྭ་པ་བྱེད་དགོས་པ་ག་རེ་རེད་ཟེར་བའི་དྲི་བ་དེ་སླེབས་དགོས་ཀྱི་མེད། དྲི་བ་འདྲི་དགོས་དོན་ཡོད་མ་རེད་བསམ་གྱི་འདུག ཁྱཻད་རང་གིས་ག་རེ་བྱས་ནས་དྲིས་པ་དེ་ངས་ཤེས་ཀྱི་མེད། ཡིན་ནའང་དེ་འདྲ་འདྲི་མཁན་ཡོད་རེད། དཔེར་ན། བཀའ་བློན་ཁྲི་པ་དེ་གྲྭ་པ་མིན་པ་ཞིག་བྱུང་ན་ཡག་གི་རེད་ཅེས་ཤོད་མཁན་ཡོད། དེ་དང་འབྲེལ་བ་ཡོད་པ་ཡིན་ན་གཅིག་བྱས་ན་དྲི་བ་དེ་ལ་བསམ་བློ་གཏང་རྒྱུ་ཡོད་རེད་བསམ་གྱི་འདུག ཕྱི་ལོ་༢༠༠༡ ལོར་ང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་སྐབས་སྡོམ་པ་ཕུལ་ནས་མར་བབས་ན་ཡག་གི་རེད་ཟེར་མཁན་དེ་འདྲ་བྱུང་བ་རེད། རང་དབང་ཡོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ན། གྲྭ་པས་མི་ཆོག་པའི་ལས་ཀ་མང་པོ་ཞིག་བྱེད་དགོས་ཡོང་སྲིད་ཀྱི་རེད། དཔེར་ན། དམག་མི་དང༌། ཁྲིམས་ཁང༌། ཉེན་རྟོག་སྐོར་རྒྱག་པ་བཙུག་རྒྱུ་སོགས་ཡོད་རེད། ཏན་ཏན་གྲྭ་པས་མི་ཆོག་པའི་ལས་ཀ་དེ་འདྲ་ཡིན་ན་བཀའ་བློན་ཁྲི་པ་དེ་ཁྱིམ་པ་དགོས་མཁན་ཞིག་ཡོད་རེད། འོན་ཀྱང་ང་ཚོ་སྐྱབས་བཅོལ་གཞུང་ལ་རྒྱལ་ཁབ་ཡོད་མ་རེད། ལུང་པ་ཡོད་མ་རེད། གྲྭ་པས་མི་ཆོག་པའི་ལས་དོན་ཐག་གཅོད་བྱེད་དགོས་པ་གང་ཡང་སླེབས་ཀྱི་ཡོད་མ་རེད། སྐབས་དེ་དུས་ཀྱང་ངས་ལབ་རྒྱུ་བྱུང༌། ད་ལྟའི་གནས་སྐབས་ལ་ངས་གྲྭ་པ་བཞག་དགོས་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང༌། ཉིན་གཅིག་བཀའ་བློན་ཁྲི་པའི་ལས་འགན་གྱི་ནང་གྲྭ་པས་བྱེད་མི་ཆོག་པའི་གནས་ཚུལ་ཞིག་སླེབས་ན། དེའི་ཉིན་མོར་གྲྭ་པ་བཞག་དགོས་ཀྱི་འདུག་གམ། ཡང་ན་བཀའ་བློན་ཁྲི་པ་བཞག་དགོས་ཀྱི་འདུག་དེ་བལྟ་རྒྱུ་རེད་ཅེས་ལབ་རྒྱུ་བྱུང༌། ཡིན་ནའང་ད་བར་བཀའ་བློན་ཁྲི་པའི་ལས་དོན་ནང་གྲྭ་པ་བཞག་དགོས་པའི་གནས་ཚུལ་དེ་འདྲ་གང་ཡང་བྱུང་ཡོད་མ་རེད། སྤྱིར་བཏང་ཁྱེད་རང་གི་དྲི་བ་དེ་བདེན་པ་འདྲ་ཞིག་རེད། ཡིན་གཅིག་མིན་གཅིག་གྲྭ་པ་བྱེད་དགོས་པ་མེད། གྲྭ་པ་མ་བྱས་ནའང་ཆོས་བྱེད་རྒྱུ་ཡོད་རེད། མཁས་པའི་བྱ་བ་བྱེད་རྒྱུ་མང་པོ་ཡོད་རེད། ཁྱིམ་པས་ཁྱིམ་པ་རྡོ་རྗེ་འཛིན་པ་བྱེད་ཆོག་གི་རེད། ཡིན་ནའང་གྲྭ་པ་བྱེད་འདོད་ཡོད་མཁན་ཚོར་གྲྭ་པ་བྱེད་རྒྱུའི་རང་དབང་དེའང་ཡོད་དགོས་ཀྱི་རེད། འགྲིག་སོང་ངམ། དྲི་བ་འདྲི་མཁན་ཚང་མ་མདུན་ལ་སྡོད་མཁན་རྣམས་མ་གཏོགས། རྒྱབ་ལོགས་དེ་ཚོ་དྲི་བ་འདྲི་རྒྱུ་མེད་མཁན་ཤ་སྟག་རེད་དམ།

སློབ་མས། གོང་ས་མཆོག་བོད་ནས་རྒྱ་གར་ལ་ཕེབས་དུས་ཐོག་མར་ཕྱག་ལས་ག་རེ་གནང་བ་རེད།

རིན་པོ་ཆེས། སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་ཕེབས་པ་ནས་བཟུང་ཕྱག་ལས་གནང་རྒྱུ་དེ་བོད་མི་སྐྱབས་བཅོལ་བ་དེ་ཚོའི་འགྲོ་སྟངས་སྡོད་སྟངས་བཟོ་རྒྱུ་དང༌། བོད་ཀྱི་རྩ་དོན་ཐོག་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གཉིས་པོ་དེ་རེད། དེ་ལས་གཞན་པའི་ཕྱག་ལས་གང་ཡང་མེད། སྐྱབས་མགོན་རིན་པོ་ཆེས་༡༩༥༩ ཕྱི་ཟླ་༤ ཚེས་༡༧ ཉིན་མོར་ཏེཇ་པུར་ལ་ཐོག་མ་ཡིག་ཐོག་ནས་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གསར་འགོད་གསལ་བསྒྲགས་གནང་བ་རེད། དེ་དུས་སྐྱབས་མགོན་རིན་པོ་ཆེ་དངོས་སུ་གསར་འགོད་པ་ཚོ་དང་མཇལ་གནང་ཡོད་མ་རེད། ཕལ་ཆེར་བཀའ་བློན་ཟུར་ཁང་ཡིན་པ་ཡོད། ཁོང་གིས་བོད་ཀྱི་ནང་ལ་གནས་ཚུལ་ག་རེ་བྱུང་བ་དང༌། སྐྱབས་མགོན་རིན་པོ་ཆེ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་ཕེབས་དགོས་པའི་རྒྱུ་མཚན་ག་རེ་ཡིན་པ། རྒྱ་མིའི་ངོས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་ཁ་དན་ཚིག་ལ་མ་གནས་པ་ག་རེ་བྱས་པ་བཅས་འཁོད་པའི་རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་མདོར་བསྡུས་ཤིག་ཏེཇ་པུར་ལ་གནང་ཡོད་རེད། དེ་ལ་རྒྱ་ནག་གིས་རྒྱལ་དབང་རིན་པོ་ཆེ་བཀའ་བློན་རྣམ་པ་ཚོ་དང་ཡོངས་འཛིན་རྣམ་པ་ཚོས་ཕྱི་རྒྱལ་ལ་བཙན་འཁྲིད་བྱས་པ་རེད་ཟེར་བ་དང༌།

རྒྱལ་དབང་རིན་པོ་ཆེ་ཕྱི་རྒྱལ་ལ་ཕེབས་རྒྱུའི་ཐུགས་འདོད་ཡོད་མ་རེད། ཡིན་ནའང་རྒྱལ་དབང་རིན་པོ་ཆེའི་གཡས་གཡོན་ལ་ཡོད་པའི་སྐུ་དྲག་བོད་ཀྱི་བཀས་བཀོད་རྒྱུན་འཛིན་པ་དེ་ཚོས་བཙན་དབང་གི་ཐོག་ནས་ཕྱི་རྒྱལ་ལ་འཁྲིད་ཕྱིན་པ་རེད། ཏེཇ་པུར་གྱི་གསུང་འཕྲིན་དེའང་རྒྱལ་བ་རིན་པོ་ཆེས་དངོས་སུ་ཞལ་ནས་གསུངས་པ་ཞིག་མིན་པར། ཁོང་ཚོས་བཟོས་པ་རེད་ཅེས་དྲིལ་བསྒྲགས་བྱས་པ་ཡིན་ཙང༌། མ་སཱུ་རཱི་ལ་ཕྱི་ཟླ་བཞི་པའི་ཟླ་མཇུག་གམ་ཕྱི་ཟླ་ལྔ་པའི་ཚེས་ཤར་ཞིག་ལ་ཡིན་པ་ཡོད། སྐྱབས་མགོན་རིན་པོ་ཆེས་དངོས་སུ་གསར་འགོད་གསལ་བསྒྲགས་ཐེངས་དང་པོ་དེ་གནང་བ་རེད། གསར་འགོད་གསལ་བསྒྲགས་ཐེངས་དང་པོ་དེའི་ནང་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ལ་བཏང་བ་དང༌། སྐྱབས་མགོན་རིན་པོ་ཆེ་ཐུགས་རང་དབང་གི་ཐོག་ནས་སྐྱབས་བཅོལ་ལ་ཕེབས་པ་ཡིན་པ། གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ལ་བཏང་དགོས་པའི་རྒྱུ་མཚན་ནི་ཐོག་མར་བཙན་འོག་ཏུ་བཞག་པ་དང༌། རྗེས་ལ་རྒྱ་མིའི་ངོས་ནས་བརྩི་སྲུང་མ་བྱས་པ་ཡིན་ཙང༌། ང་ཚོའི་ངོས་ནས་བརྩི་སྲུང་བྱེད་དགོས་མེད་པ། ད་ནས་བོད་རང་བཙན་བསྐྱར་གསོའི་ལས་དོན་འགོ་བརྩམ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་རེད། མ་སཱུ་རིའ་ལ་ཕེབས་པའི་བདུན་ཕྲག་དང་པོའི་ནང་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་དེ་མང་གཙོའི་ལམ་ལ་བསྒྱུར་རྒྱུའི་ཕྱག་ལས་དེ་འགོ་འཛུགས་གནང་བ་རེད། འོན་ཀྱང་དེའི་སྔོན་དུ་ལས་ཁུངས་ཁག་བགོས་པ་རེད། ཆོས་དོན་ལས་ཁུངས་དང༌། ཤེས་རིག་ལས་ཁུངས།

སློབ་མས། ནང་སྲིད་ལས་ཁུངས།

རིན་པོ་ཆེས། ནང་སྲིད་ལས་ཁུངས།

སློབ་མས། འཕྲོད་བསྟེན་ལས་ཁུངས། བདེ་སྲུང་ལས་ཁུངས།

རིན་པོ་ཆེས། དེ་དུས་འཕྲོད་བསྟེན་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་ཡོད་མ་རེད། དེ་མ་ཡིན་པའི་ལས་ཁུངས་རྣམས་མ་སཱུ་རཱི་ལ་རྒྱལ་དབང་རིན་པོ་ཆེ་ཕེབས་པ་དང་འགོ་འཛུགས་གནང་བ་རེད། བཀའ་བློན་རྣམ་པ་ཚོར་ལས་ཁུངས་བགོས་ཏེ་ཕྱག་ལས་གནང་རྒྱུའི་འགོ་དེ་མ་སཱུ་རིའ་ནས་བཙུགས་པ་རེད། རྒྱལ་དབང་རིན་པོ་ཆེ་མཆོག་རྒྱ་གར་ལ་ཕེབས་ནས་ཕྱག་ལས་དང་པོ་ག་རེ་གནང་བ་རེད་ཅེ་ན། རྒྱལ་སྤྱི་ལ་གསལ་བསྒྲགས་གནང་རྒྱུ་དེ་རེད། གཞུང་གི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་མང་གཙོ་ལ་བསྒྱུར་རྒྱུའི་འགོ་འཛུགས་ཤིག་གནང་ཡོད་རེད། བོད་རིགས་ན་གཞོན་ཚོ་ལ་ཤེས་ཡོན་སློབ་སྦྱོང་ཆེད་སློབ་གྲྭ་བཙུག་རྒྱུའི་ལས་དོན་དེ་འགོ་བཙུགས་པ་རེད། མ་སཱུ་རཱི་ལ་ཕེབས་ནས་ཟླ་བ་གཅིག་གཉིས་ནང་བོད་མི་ན་གཞོན་ལྔ་བཅུ་ཐམ་པ་ཞིག་གི་སློབ་གྲྭ་ཞིག་མ་སཱུ་རི་ལ་བཙུགས་གནང་བ་རེད། དེ་ནི་བོད་པས་རྒྱ་གར་ལ་སློབ་གྲྭ་བཙུགས་པ་དང་པོ་དེ་རེད། དེ་ནས་རྡོ་རྗེ་གླིང་དང༌། སིམ་ལ་ལ་བཙུགས་པ་རེད། ཕྱི་ལོ་༡༩༦༡ ལོར་རྒྱ་གར་གཞུང་གིས་སློབ་གྲྭ་རྩིས་ལེན་སྐབས་ང་ཚོས་འགོ་འཛུགས་ཟིན་པའི་སློབ་གྲྭ་གསུམ་ཡོད་རེད། སློབ་གྲྭ་བཙུགས་གནང་རྒྱུ་དེ་ཕྱག་ལས་དང་པོའི་གྲས་རེད། དེའི་རྗེས་བོད་ཀྱི་དོན་དག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཐེངས་གསུམ་བཏང་གནང་བ་རེད། ད་ཁྱེད་རང་གི་དྲི་བར་བསྡོམས་བརྒྱབས་ནས་ཞུས་པ་ཡིན་ན། སྐུ་མདུན་རྒྱ་གར་ལ་ཕེབས་མ་ཐག་ཕྱག་ལས་གང་རེ་གནང་ཡོད་ཟེར་ན། ཕྱག་ལས་དང་པོ་དེ་མང་གཙོའི་ལམ་སྲོལ་བཙུག་རྒྱུ་དང༌། སློབ་གྲྭ་བཙུག་རྒྱུ། བོད་མི་སྐྱབས་བཅོལ་བ་རྣམས་ཁ་མ་ཐོར་བར་གཞིས་ཆགས་ཁག་ལ་མཉམ་དུ་བསྡད་ཐུབ་པའི་འཆར་གཞི་བསྒྲིག་རྒྱུ། བོད་ཀྱི་གནད་དོན་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་སོགས་རེད། གསལ་པོ་ཆགས་སོང་ངམ།

སློབ་མས། ཆགས་སོང༌།

རིན་པོ་ཆེས། ཁྱེད་རང་ལ་གསུང་རྒྱུ་ཡོད་པ་འདྲ། གསུངས་དང༌།

སློབ་མས། ྋགོང་ས་མཆོག་ཐོག་མར་བོད་ནས་རྒྱ་གར་ལ་ཕེབས་དུས་ཅཱཅཱ་ནེཧརཱུ་མཉམ་དུ་བཀའ་མོལ་གནང་སྐབས་སྐད་ཡིག་ག་རེ་བེད་སྤྱོད་གནང་བ་རེད།

རིན་པོ་ཆེས། དེ་དུས་ྋསྐྱབས་མགོན་རིན་པོ་ཆེས་བོད་སྐད་ནང་ལ་གསུང་གི་ཡོད་རེད། ཅཱཅཱ་ནེཧརཱུས་དབྱིན་ཇིའི་སྐད་ནང་ལ་ཞུ་གི་ཡོད་རེད། དེའི་བར་ལ་གསུང་སྒྱུར་ཡོད་རེད། སྐུ་མདུན་རྒྱ་གར་ལ་ཕེབས་ནས་ལོ་གང་ཙམ་ཞིག་གི་བར་དུ་ཡིན་གཅིག་མིན་གཅིག་གསུང་སྒྱུར་ཞིག་དགོས་ཀྱི་ཡོད་རེད། རྒྱལ་དབང་རིན་པོ་ཆེ་ཕྱི་ལོ་༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་ལོ་དེ་ལ་རྒྱ་གར་ལ་གནས་གཟིགས་ཕེབས་པ་རེད། དེ་དུས་རྒྱ་གར་གཞུང་གི་ངོས་ནས་རྒྱུན་དུ་སྣེ་ལེན་ཞུ་མཁན་དེ་འབྲས་སྤྱི་བློན་ཆེན་ཨ་པ་ཝི་པནྟ་ཞུ་མཁན་ཞིག་ཡོད་རེད། ཁོང་རྒྱ་གར་པུ་ཎེ་ནས་ཡིན་པ་རེད། ཁོང་དང་མཉམ་དུ་རྒྱལ་བ་རིན་པོ་ཆེའི་གཞུང་འབྲེལ་གྱི་གསུང་སྒྱུར་ཞུ་མཁན་ཡེ་པ་སྟོབས་རྒྱལ་ལགས་ཞུ་མཁན་ཞིག་ཡོད་རེད། ཡེ་པ་སྟོབས་རྒྱལ་ལགས་ནི་འབྲས་ལྗོངས་ཀྱི་མི་རེད། བོད་སྐད་ཧ་ཅང་ཡག་པོ་མཁྱེན་གྱི་ཡོད་རེད། ལྷ་སར་སློབ་སྦྱོང་གནང་མྱོང་མཁན་ཞིག་རེད། དབྱིན་ཇི་ཡང་ཧ་ཅང་ཡག་པོ་མཁྱེན་གྱི་ཡོད་རེད། སྐབས་དེ་དུས་ཡེ་པ་སྟོབས་རྒྱལ་ལགས་སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་ཞུ་མཁན་གྲས་ལ་ཡོད་འདུག ཕྱི་ལོ་༡༩༥༩ ལོར་རྒྱལ་དབང་རིན་པོ་ཆེ་ཕེབས་པའི་སྐབས་ལའང་རྒྱ་གར་གཞུང་གིས་ཡེ་པ་སྟོབས་རྒྱལ་ལགས་ཆེད་མངགས་མ་སཱུ་རིའ་དང་དྷརྨ་ཤཱལཱ་ལ་བཞག་པ་རེད། དེ་དུས་ཡེ་པ་གཉིས་ཡོད། ཡེ་པ་སྟོབས་རྒྱལ་ལགས་དང༌། ཁོང་གི་ཕྱག་རོགས་གཞན་དག་ཅིག་ཡོད། དེའི་མཚན་དེ་བརྗེད་འདུག ཁོང་གཉིས་དྲུག་ཅུ་རེ་གྲངས་བར་དུ་དྷརྨཤཱལཱ་ལ་རྒྱལ་དབང་རིན་པོ་ཆེའི་གསུང་སྒྱུར་གྱི་ཞབས་ཕྱི་ཞུས་ཏེ་བཞུགས་པ་རེད། ཕལ་ཆེར་དྲུག་ཅུ་རེ་བརྒྱད་རེ་དགུ་ཙམ་ལ་ང་ཚོའི་ནང་ནས་གསུང་སྒྱུར་ཞུ་མཁན་བཀའ་ཟུར་བསྟན་འཛིན་དགེ་བྱེད་ལགས་དང༌།

ཁོང་ཚོ་དབྱིན་ཇི་མཁྱེན་མཁན་དགུང་ལོ་གཞོན་པ་མང་པོ་ཞིག་ང་ཚོའི་ལས་བྱེད་ནང་ལ་སླེབས་པ་རེད། ཡེ་པ་སྟོབས་རྒྱལ་ལགས་འཕོས་ཚར་ནས་རྒྱ་གར་གཞུང་གིས་གསུང་སྒྱུར་གང་ཡང་བཞག་མ་སོང༌། ང་ཚོའི་ནང་ལ་གསུང་སྒྱུར་ཞུ་མཁན་མང་པོ་ཡོད་རེད། ཐོག་མ་ཕེབས་སྐབས་ནེཧརཱུདང་བཀའ་མོལ་གནང་བ་ཡིན་ནའང་རེད། སུ་དང་བཀའ་མོལ་གནང་བ་ཡིན་ནའང་རེད། གསུང་སྒྱུར་བརྒྱུད་ནས་བཀའ་མོལ་གནང་གི་ཡོད་རེད། ད་དྲི་བ་རྫོགས་སོང་ངམ།

སློབ་མས། རྫོགས་མ་སོང༌།

རིན་པོ་ཆེས། རྫོགས་མ་སོང་ན་དྲིས་དང༌།

སློབ་མས། རིན་པོ་ཆེ་ཆུང་དུས་ནས་དམིགས་ཡུལ་གཙོ་བོ་བཀའ་བློན་ཁྲི་པ་གནང་རྒྱུ་དེ་རེད་དམ།

རིན་པོ་ཆེས། ཧ། ཧ། ཧ། ཧ། ང་ཆུང་ཆུང་སྐབས་ལ་བཀའ་བློན་ཁྲི་པ་ཟེར་བ་ཞིག་ཡོད་མ་རེད། ད་གིན་ངས་ཞུས་ཟིན་པ་ཡིན། ང་ཆུང་ཆུང་སྐབས་ནས་གྲྭ་པ་བྱེད་རྒྱུའི་འདོད་པ་ཡོད་རེད། ལོ་བཞི་ཙམ་ནས་དགོན་པའི་ནང་ཕྱིན་པ་རེད། གྲྭ་པ་བྱེད་རྒྱུའི་ལོ་ཚད་མ་ལོན་གོང་ནས་གྲྭ་པ་བྱེད་རྒྱུའི་ཐབས་ཤེས་བྱས་པ་རེད།བྱས་ཙང་དམིགས་ཡུལ་ཨ་མ་དེ་གྲྭ་པ་བྱེད་རྒྱུ་དེ་མིན་འགྲོ བོད་ལ་ཡིན་ན་བཀའ་བློན་བླ་མ་ཟེར་གྱི་རེད། ཡང་མིན་ན་སྲིད་བློན་ཟེར་གྱི་རེད། བཀའ་བློན་ཁྲི་པ་ཟེར་བ་དེ་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པ་ནས་བཟུང་བཀའ་བློན་ཁྲི་པའི་མིང་དེ་བྱུང་བ་རེད། དེའི་སྔོན་ལ་བཀའ་བློན་བགྲེས་པ་དང་རྒྱུན་བཞུགས་བཀའ་བློན་ཞེས་མིང་བཏགས་ནས་བསྡད་པ་རེད། བོད་ལ་ཡིན་ན་བཀའ་བློན་བླ་མ་ཟེར་གྱི་རེད། བཀའ་བློན་བླ་མའི་སྒང་ལ་སྲིད་བློན་ཞིག་ཡོད་རེད། དེ་མ་གཏོགས་གཞན་བཀའ་བློན་ཁྲི་པ་ཟེར་བ་ཞིག་ཡོད་མ་རེད།བྱས་ཙང་བཀའ་བློན་ཁྲི་པ་དེ་ཕྱི་ལོ་༡༩༩༡ རྗེས་ལ་བྱུང་བ་ཡིན་ཙང་ངའི་ཐོག་མའི་དམིགས་ཡུལ་དེ་བཀའ་བློན་ཁྲི་པ་མིན་པ་དེ་ཧ་ཅང་གསལ་པོ་རེད། ད་དུང་གཅིག་འདྲི་རྒྱུ་ཡོད་དམ།

སློབ་མས། རིན་པོ་ཆེ་གྲྭ་པ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

རིན་པོ་ཆེས། ཁྱེད་རང་བྱས་ན་ག་རེ་ཡིན་ས་རེད། གྲྭ་པ་བྱེད་དགོས་པའི་རྒྱུ་མཚན་ཁྱེད་རང་ཚོས་ཚོད་དཔག་བྱས་ན་ག་རེ་ཡིན་ས་རེད།

སློབ་མས། ལམ་སེང་སངས་རྒྱས་རྒྱུའི་ཆེད་དུ།

རིན་པོ་ཆེས། ལགས། ག་རེ་གསུངས་པ་ཡིན།

སློབ་མས། སངས་རྒྱས་རྒྱུ་དང༌། སྒྲིབ་པ་དག་རྒྱུའི་ཆེད་དུ།

རིན་པོ་ཆེས། འོ། ལམ་སེང་སངས་རྒྱས་རྒྱུའི་ཆེད་དུ།

སློབ་མས། དགེ་བ་གསག་རྒྱུའི་ཆེད་དུ།

རིན་པོ་ཆེས། སྤྱིར་བཏང་གྲྭ་པ་བྱེད་རྒྱུ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཆེད་དུ་རེད།བྱས་ཙང་གྲྭ་པ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ངམ་སངས་རྒྱས་ཀྱི་གོ་འཕང་མགྱོགས་པོ་ཐོབ་ན་སྙམ་ནས་གྲྭ་པ་བྱས་པ་རེད་ཅེས་ལབ་ན་འགྲིག་གི་མེད་འགྲོ དགེ་བ་གསག་རྒྱུ་དང༌། སྡིག་པ་སྤང་རྒྱུ། སངས་རྒྱས་རྒྱུ། དགྲ་བཅོམ་པའི་གོ་འཕང་འཐོབ་རྒྱུ་བཅས་ཀྱི་ཆེད་དུ་གྲྭ་པ་བྱས་པ་རེད། དཀྱིལ་ནས་ལག་པ་ཞིག་བརྐྱངས་སོང༌། གསུངས་དང༌།

སློབ་མས། རྩ་བའི་ཁ་དོག་དང་ཡན་ལག་ཁ་དོག་བཅས་དབྱེ་བ་མང་པོ་ཡོད་རེད། དབྱེ་བ་དེ་ཚོ་སྦྱངས་ནས་ང་ཚོ་ལ་ཕན་ཐོགས་ག་རེ་ཡོད་རེད།

རིན་པོ་ཆེས། དབྱེ་བ་དེ་ཚོ་མ་ཤེས་ན་ག་རེ་བྱེད་ས་རེད། ད་ལྟ་ཁྱེད་རང་དཀར་པོ་ག་རེ་ཡིན་པ་དང༌། སྔོན་པོ་ག་རེ་ཡིན་པ་མཁྱེན་གྱི་ཡོད་དམ། ཁོའི་སྟོད་ཐུང་དེ་དཀར་པོ་རེད་དམ། ཁྱེད་རང་གི་སྟོད་ཐུང་དེ་ག་རེ་རེད།

སློབ་མས། སྔོན་པོ། སྔོ་ནག

རིན་པོ་ཆེས། ད་ཁྱེད་རང་གིས་ཁོའི་སྟོད་ཐུང་དེ་དཀར་པོ་རེད། ངའི་སྟོད་ཐུང་འདི་སྔོན་པོ་རེད། སྔོ་ནག་རེད་ཟེར་བའི་དབྱེ་བ་དེ་མ་ཤེས་ན་ག་རེ་བྱེད་ས་རེད། དཀར་པོ་དང་སྔོན་པའི་དབྱེ་བ་མ་ཤེས་ན་ཁྱད་པར་འདུག་གམ། དེ་ཤེས་པ་དེས་ཕན་ཐོགས་ག་རེ་འདུག འདུག་མི་འདུག

སློབ་མས། འདུག

རོན་པོ་ཆེས། ཁོ་རང་ལ་འདྲི་དགོས། ཁྱེད་རང་གིས་སྟོད་ཐུང་སྔོན་པོ་རེད་ཅེས་ལབ་མ་ཤེས་ན་འགྲིག་ས་རེད་དམ།བྱས་ཙང་སྔོན་པོ་ག་རེ་ཡིན་པ་དང༌། དཀར་པོ་ག་རེ་ཡིན་པ། སེར་པོ་ག་རེ་ཡིན་པ། ལྗང་ཁུ་ག་རེ་ཡིན་པ། དེ་ཚོ་ཤེས་དགོས་ཀྱི་ཡོད་རེད། དེ་ཚོ་ཚང་མ་ཤེས་དགོས་པའི་ཤེས་བྱ་རེད།བྱས་ཙང་ཤེས་བྱ་དེ་དག་དང་པོ་སློབ་དུས་སྐབས་ནས་མཚན་ཉིད་དེ་འདྲ་ཞིག་རེད། དབྱེ་བ་དེ་འདྲ་ཞིག་རེད་ཅེས་བསླབ་པ་ཡིན་ན། གསལ་པོ་ཤེས་ཀྱི་རེད། སྔོན་དང་པོ་དེར་ཁ་དོག་ཟེར་ན་ག་རེ་ལ་ཟེར་གྱི་རེད། ཁ་དོག་གི་དོན་དག་དེ་ཚོ་ཤེས། དེའི་རྗེས་ལ་ནང་གསེས་ཀྱི་དབྱེ་བ་ག་རེ་ག་རེ་ཡོད་པ་དེ་ཚོ་ཤེས་དགོས་ཀྱི་རེད། དེ་བསྡུས་གྲྭ་དང་མཚན་ཉིད་སློབ་དུས་གཅིག་པུར་ལབ་རྒྱུ་ཞིག་མ་རེད། ནུབ་ཕྱོགས་པ་དེ་ཚོས་ཕྲུ་གུ་ཆུང་ཆུང་ལ་ཐོག་མར་སློབ་སྦྱོང་སྤྲད་དུས་ཚོས་གཞི་དེ་ཚོ་སློབ་ཀྱི་འདུག་གམ། ཀ་ཁ་སློབ་ཀྱི་འདུག་གམ། ཀ་ཁ་བསླབས་ནས་ག་རེ་ཕན་གྱི་རེད། མ་བསླབ་པ་ཡིན་ན་ཡི་གེ་ཤེས་ཀྱི་མ་རེད་དམ། བོད་ཡིག་ཤེས་པ་ལ་ཀ་ཁ་ནས་འགོ་བཙུགས་དགོས་ཀྱི་རེད། དེ་བཞིན་བསྡུས་གྲྭ་དང་མཚན་ཉིད་ཤེས་པ་ལ་ཁ་དོག་དཀར་དམར་ནས་འགོ་བཙུགས་དགོས་རེད། དེ་ཚོ་ཚང་མ་མཐོ་པོ་ཞིག་ལ་འཛེགས་རྒྱུའི་སྐས་རིམ་དང་པོ་གཉིས་པ་དེ་རེད། ཁྱེད་རང་ཐོག་ཁར་ཡོང་དུས་སྐས་འཛེགས་བཅོ་ལྔ་བཅུ་དྲུག་འཛེག་དགོས་ཀྱི་ཡོད་ན། སྐས་འཛེགས་དང་པོ་དེ་འཛེགས་ནས་ག་རེ་ཕན་ཐོགས་ཀྱི་རེད་ཅེས་འདྲི་ན་འགྲིག་གམ། སྐས་འཛེགས་དང་པོ་དེ་འཛེགས་ན་གཉིས་པ་འཛེགས་རྒྱུ་ལ་ཕན་ཐོགས་ཀྱི་རེད། གཉིས་པ་དེ་འཛེགས་ན་གསུམ་པ་ལ་འཛེགས་རྒྱུར་ཕན་ཐོགས་ཀྱི་རེད། དེ་ནས་དེར་སླེབས་ཀྱི་རེད་དམ། སྐས་འཛེགས་དང་པོ་དེ་མ་འཛེགས་པར་ལམ་སེང་མཆོང་ཐུབ་ཀྱི་མ་རེད། དེ་བཞིན་ཁ་དོག་གི་དབྱེ་བ་དེ་ཚོ་ཤེས་ན་རྗེས་མ་རྒྱ་ཆེན་པོ་ཤེས་རྒྱུར་ཕན་ཐོགས་ཀྱི་ཡོད་རེད། ཤེས་སོང་ངམ། ད་ཁྱེད་རང་གསུངས་དང༌།

སློབ་མས། སངས་རྒྱས་བཅོམ་ལྡན་འདས་ལ་དགེ་ཕྲུག་དང་པོ་ཤ་རིའི་བུ་གང་འདྲ་བྱས་ནས་བྱུང་བ་རེད།

རིན་པོ་ཆེས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་དང་པོ་དེ་ཤ་རིའི་བུ་མ་རེད།

སློབ་མས། མོང་གལ་གྱི་བུ།

རིན་པོ་ཆེས། མོང་གལ་གྱི་བུ་ཡང་མ་རེད།

སློབ་མས། རིགས་ཀྱི་བུ། ཀུན་དགའ་བོ།

རིན་པོ་ཆེས། ཀུན་དགའ་བོ་རྗེས་སུ་བྱུང་བ་ཞིག་རེད།

སློབ་མས། རིགས་ཀྱི།་་་་་་་༌། ་་་་་་་་༌། ་་་་་་་་༌།

རིན་པོ་ཆེས། ཧ། ཧ། ཧ། ་་་་་་་་༌། འགྲིག་འདུག སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་བདུན་ཕྲག་བདུན་གྱི་བར་དུ་རྡོ་རྗེ་གདན་གྱི་གཡས་གཡོན་དུ་བཞུགས་པ་རེད། དེ་ནས་ཝཱརཱཎསཱི་ལ་ཕེབས་ནས་འཁོར་ལྔ་སྡེ་བཟང་པོ་ཞེས་པའི་དགེ་སློང་ལྔ་ཞིག་ཡོད་པ་དེ་ལ་ཆོས་དང་པོ་གསུངས་པ་རེད། འཁོར་ལྔ་སྡེ་བཟང་པོ་གོ་མྱོང་ངམ། འཁོར་དགེ་སློང་ལྔ་པོ་དེ་སངས་རྒྱས་ཀྱི་དགེ་ཕྲུག་དང་པོ་དེ་རེད། འཁོར་ལྔ་སྡེ་བཟང་པོའི་རྗེས་ལ་གྲྭ་པ་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་རེད། ཤ་རིའི་བུ་དང་མོང་གལ་གྱི་བུས་སངས་རྒྱས་མཇལ་དུས་སངས་རྒྱས་ལ་སློབ་མ་སྟོང་ཕྲག་ཁ་ཤས་ཆགས་ཚར་བ་རེད། སངས་རྒྱས་ཝཱརཱཎ་སཱི་ནས་བསྐྱར་དུ་རྒྱལ་པོའི་ཁབ་ཟེར་བའི་ལུང་པ་ཞིག་ཡོད་པ་དེར་ཕེབས་ཏེ་བཞུགས་པའི་སྐབས་ལ་ཤ་རིའི་བུ་གཞི་ནས་སངས་རྒྱས་མཇལ་ཏེ་སློབ་མ་ཆགས་པ་རེད། ཤ་རིའི་བུ་སངས་རྒྱས་ཀྱི་དགེ་ཕྲུག་ཆགས་དུས་སངས་རྒྱས་ལ་དགེ་ཕྲུག་མང་པོ་ཡོད་རེད། ཡིན་ནའང་ཤ་རིའི་བུ་དང་མོང་གལ་གྱི་བུ་གཉིས་སངས་རྒྱས་ཀྱི་གཡས་གཡོན་དུ་བྲིས་པ་དེ་དགེ་ཕྲུག་དང་པོ་ཡིན་པའི་རྒྱུ་མཚན་གྱིས་མ་རེད། དགེ་ཕྲུག་སྐད་གྲགས་ཆེ་ཤོས་དང་དགེ་ཕྲུག་ཡོན་ཏན་ཆེ་ཤོས་ཡིན་པའི་དབང་གིས་དེ་ལ་མཆོག་ཟུང་ཞུ་བ་རེད། མཆོག་ཟེར་དུས་ཡག་ཤོས་ལ་ཟེར་གྱི་ཡོད་རེད། ཟུང་ཟེར་དུས་གཉིས་ལ་ཟེར་གྱི་རེད། ཤ་རིའི་བུ་དེ་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་རེད། སངས་རྒྱས་ཀྱི་སློབ་མའི་ནང་ཤེས་རབ་ཡག་ཤོས་དེ་སུ་རེད་ཅེས་དྲིས་ན། ཤ་རིའི་བུ་ཡིན་པ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཙང༌། ཤ་རིའི་བུ་དེ་སངས་རྒྱས་ཀྱི་སློབ་མའི་ནང་ནས་ཤེས་རབ་ཆེ་ཤོས་སུ་བརྩི་བ་རེད། དེ་ནས་མོང་གལ་གྱི་བུ་དེ་རྫུལ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་རེད། རྫུ་འཕྲུལ་ཟེར་ན་མཁྱེན་གྱི་ཡོད་དམ། རྫུལ་འཕྲུལ་ཆེ་ཤོས་བསྟན་རྒྱུ་ཡོད་པ་དེ་མོང་གལ་གྱི་བུ་ཡིན་ཙང༌། སངས་རྒྱས་ཀྱིས་མོང་གལ་གྱི་བུ་ལ་རྫུལ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་རེད། རྫུལ་འཕྲུལ་ཅན་གྱི་མཆོག་དང་ཤེས་རབ་ཅན་གྱི་མཆོག་གཉིས་པོ་ལ་མཆོག་ཟུང་ཞེས་ཞུ་བ་རེད། ཤ་རིའི་བུ་དེ་སངས་རྒྱས་ཀྱི་སློབ་མའི་ནང་ཤེས་རབ་ཆེ་ཤོས་ཡིན་ཙང༌། སངས་རྒྱས་ཀྱི་ཆོས་མང་པོ་ཞིག་ཡར་མར་དྲི་བ་ཞུ་མཁན་དེ་ཤ་རིའི་བུ་རེད། ཤེས་རབ་སྙིང་པོའི་ནང་དུའང་ཤ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་་་་་་་་་་་་་ཞེས་ཡོང་གི་འདུག་གམ། བཀའ་འགྱུར་ནང་ལ་བལྟས་པ་ཡིན་ན། མདོ་མང་ཆེ་བ་ཞིག་ཤ་རིའི་བུས་ཡར་མར་ཞུས་ཡོད་རེད།བྱས་ཙང་ཤ་རིའི་བུ་དགེ་ཕྲུག་དང་པོ་མ་རེད། དགེ་ཕྲུག་ཤེས་རབ་ཆེ་ཤོས་དེ་རེད།

སློབ་མས། མོང་གལ་གྱི་བུ་རྫུལ་འཕྲུལ་ཆེ་ཤོས་རེད་འདུག

རིན་པོ་ཆེས། རྫུལ་འཕྲུལ་ཟེར་ན་མཁྱེན་གྱི་ཡོད་དམ།

སློབ་མས། ཇཱདཱུ་མ་རེད་དམ།

རིན་པོ་ཆེས། ཇཱདཱུ་རང་ལྟ་མ་རེད།

སློབ་མས། སྤྲུལ་པ། སྤྲུལ་པ། ་་་་༌།

རིན་པོ་ཆེས། སྤྲུལ་པ་བྱེད་རྒྱུ་དེ་རེད། འོ། གསུངས་དང༌། གསུངས་དང༌།

སློབ་མས། ང་ཚོའི་ལྷན་ཁང་བདུན་བོད་ལ་མ་བཙུགས་ནས་རྒྱ་གར་བཙུགས་དགོས་དོན་གང་རེད།

རིན་པོ་ཆེས། སྔོན་མ་བོད་ལ་རྒྱལ་དབང་སྐུ་ཕྲེང་བཅུ་པ་བཅུ་གཅིག་སོགས་ཀྱི་སྐབས་སུ་ལྷན་ཁང་ལོགས་སུ་སོ་སོར་བཙུགས་དགོས་པའི་བསམ་ཚུལ་ཡོད་མ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ལ་བོད་ནང་སློབ་གྲྭ་བཙུག་རྒྱུ་དང༌། བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་མང་གཙོ་ནང་བཞིན་བསྒྱུར་བཅོས་གཏང་རྒྱུའི་དགོངས་བཞེས་ཐབས་ཤེས་གནང་བ་རེད་དེ། སྐབས་དེ་དུས་ཀྱི་བོད་ཀྱི་སྲི་ཞུ་བ་ཚོས་རྒྱལ་དབང་རིན་པོ་ཆེའི་དགོངས་གཞི་ནང་བཞིན་བསྒྲུབས་ཐུབ་མེད། ད་ལྟའི་རྒྱལ་དབང་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་སྐབས་རྒྱ་མི་བོད་ལ་སླེབས་ཚར་བ་རེད། རྒྱ་མིས་ཆབ་མདོ་བཟུང་ཚར་ནས་གཞི་ནས་རྒྱལ་དབང་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞེས་པ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་མང་གཙོ་ལ་བསྒྱུར་རྒྱུའི་ཆེད་དུ་ཕྱི་ལོ་༡༩༥༡ ལོར་ཆབ་སྲིད་ཀྱི་སྐུ་དབང་བཞེས་འཕྲལ་ལེགས་བཅོས་ལས་ཁུངས་ཟེར་བ་ཞིག་བཅོས་བསྒྱུར་གཏོང་མཁན་གྱི་ལས་ཁུངས་ཆེན་པོ་ཞིག་བཙུགས་པ་རེད། ཡིན་ནའང་རྒྱ་མིས་དེ་ཁྱོན་ནས་ལམ་ལྷོང་དུ་བཏང་མེད། བུ་ལོན་རྙིང་པ་དང་ཁྲལ་ཆག་ཡང་གཏང་རྒྱུ་ཁ་ཤས་ཤིག་མ་གཏོགས་ལས་དོན་མང་པོ་ལག་ལེན་དུ་བསྟར་ཐུབ་མེད། དེ་འདྲ་བྱས་ཏེ་བོད་ནང་གནང་མ་ཐུབ་པ་རེད། ཡིན་ནའང་རྒྱ་གར་ལ་ཕེབས་འཕྲལ་དེ་ཚོ་འགོ་བཙུགས་པ་རེད། བོད་ལ་གནང་རྒྱུའི་ཐུགས་འདོད་མེད་པ་མ་རེད་དེ། ཕྱོགས་གཅིག་ནས་ང་ཚོའི་ལས་བྱེད་ཀྱི་ནུས་པས་མ་འདང་བ་དང༌། ཕྱོགས་གཞན་པ་ཞིག་ནས་རྒྱ་མིས་ཐེ་བྱུས་བྱས་པའི་དབང་གིས་བོད་ལ་ལྷན་ཁང་བདུན་དེ་བཙུགས་ཐུབ་ཡོད་མ་རེད། མཁྱེན་སོང་ངམ།

སློབ་མས། འཛམ་བུ་གླིང་དང་བོད་པ་ཚོས་ྋགོང་ས་མཆོག་ལ་དད་པ་བྱེད་དགོས་དོན་གང་ཡིན་ནམ།

རིན་པོ་ཆེས། དད་པ་ཟེར་རྒྱུ་དེ་རང་བཞིན་གྱིས་ཡོང་དགོས་པ་ཞིག་རེད་མ་གཏོགས། དད་པ་བྱེད་དགོས་ཞེས་ཁྲལ་སྐུལ་ཐབས་མེད། འཛམ་བུ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྡོད་མཁན་མི་དེ་ཚོས་རྒྱལ་དབང་རིན་པོ་ཆེར་དད་པ་བྱེད་རྒྱུ་དེ་རྒྱལ་དབང་རིན་པོ་ཆེའི་བཀའ་སློབ་དང་ཁོང་གི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་ལ་ཡིད་འཕྲོགས་ནས་དད་པ་བྱེད་ཀྱི་ཡོད་རེད། དད་པ་བྱེད་དགོས་དོན་ག་རེ་ཡིན་ནམ་ཞེས་འདྲི་རྒྱུ་དེ་དད་པ་བྱེད་མཁན་ཚོ་ལ་འདྲི་དགོས་མ་གཏོགས། ང་ཚོའི་ངོས་ནས་དད་པ་བྱེད་དགོས་ཞེས་སུ་ལའང་ལབ་ཡོད་མ་རེད། ཁྱེད་རང་དད་པ་བྱེད་ཀྱི་ཡོད་དམ།

སློབ་མས། ལགས་ཡོད།

རིན་པོ་ཆེས། དད་པ་བྱེད་རྒྱུར་རྒྱུ་མཚན་ཞིག་ཡོད་ཀྱི་རེད། ཁྱེད་རང་རྒྱུ་མཚན་མེད་པར་དད་བྱེད་ཀྱི་ཡོད་དམ། ཡང་ན། རྒྱུ་མཚན་ཡོད་ནས་དད་པ་བྱེད་་ཀྱི་ཡོད།

སློབ་མས། རྒྱུ་མཚན་ཡོད་ནས་དད་པ་བྱེད་ཀྱི་ཡོད།

རིན་པོ་ཆེས། རྒྱུ་མཚན་ག་རེ་རེད།

སློབ་མས། ཁོང་བོད་ཀྱི་དབུ་ཁྲིད་དང་ཚེ་འདི་ཕྱི་གཉིས་ཀྱི་སྐབས་གནས་ཡིན་ཙང་རེད།

རིན་པོ་ཆེས། བོད་ཀྱི་དབུ་ཁྲིད་མིན་ན་དད་པ་བྱེད་ཀྱི་མ་རེད་དམ། ལགས། གསུངས་དང༌། དྲི་བ་གཞན་ཡོད་དམ།

སློབ་མས། བོད་ཀྱི་ས་ནས་གསེར་དངུལ་འཐོན་པ་བཞིན་རྒྱལ་ཁབ་གཞན་གྱི་ནང་ག་རེ་བྱས་ན་འཐོན་གྱི་ཡོད་མ་རེད།

རིན་པོ་ཆེས། བོད་ཀྱི་ས་ཆའི་ཆགས་བབ་དེ་འཛམ་གླིང་གི་ནང་ས་ཆ་མཐོ་ཤོས་ཡིན་པ་ཙམ་དུ་མ་ཟད། མཐོ་སྒང་གི་ཐང་ཆེན་པོ་ཞིག་ཡོད་རེད། དེའི་ཐོག་ཏུ་བོད་ཀྱི་ལུང་པ་མང་ཆེ་བ་རྒྱ་ཐང་བཞིན་ཡོད་རེད། ཐོག་མ་གླིང་ཕྲན་གྱི་ས་ཆ་གཉིས་བརྡབས་ཡོང་དུས་ཧིམཱལཡ་དེ་ཐོན་པ་རེད་ཟེར་གྱི་ཡོད། ཧིམཱལ་ཡ་དེ་ད་དུང་ཆེ་རུ་འགྲོ་ཚུལ་བཤད་ཀྱི་ཡོད་རེད།བྱས་ཙང་ས་ཆའི་ཆགས་སྟངས་ཀྱི་དབང་གིས་བོད་ཀྱི་ནང་ལ་གསེར་དང༌། དངུལ། ཟངས། ལྕགས། བཻཌཱུརྱ། གཡུ། བྱུ་རུ། གཟི་ལ་སོགས་པའི་རིན་པོ་ཆེའི་གཏེར་ཁ་ཧ་ཅང་མང་པོ་ཞིག་བོད་ནང་ལ་སླེབས་ཕྱིན་པ་རེད། རྒྱུ་མཚན་གཅིག་དེ་རེད། རྒྱུ་མཚན་གཉིས་པ་དེ་བོད་ཀྱི་ནང་ལ་ད་ལྟ་བར་དུ་ལོ་སྟོང་ཕྲག་མང་པོའི་རིང་ལ་བོད་པ་ཚོས་གཏེར་ཁ་བསྔོགས་ཡོད་མ་རེད། དཔེར་ན་གཟི་དང་གཡུ་ལ་སོགས་པ་སའི་སྒང་ལ་རྙེད་པ་དེ་ཚོ་བསྒྲུགས་པ་མ་གཏོགས། ས་འོག་ནས་གཏེར་ཁ་བསྔོགས་བཏོན་བྱས་ཡོད་མ་རེད། མཚམས་རེ་ལམ་ཁ་བཟོ་སྐབས་སའི་འོག་ནས་གསེར་གྱི་ངང་པ་ལ་སོགས་པ་འཐོན་ཡོང་དུས་དེ་ནས་འགྲོ་རྒྱུ་མི་འདུག དེ་ནས་གཏེར་འཐོན་གྱི་འདུག དེ་བཏོན་ན་ཡག་པོ་མ་རེད། ས་བཅུད་ཉམས་འགྲོ་གི་རེད་ཅེས་བཤད་དེ་རང་འཇགས་སྦས་ཏེ་ལམ་ཁ་དེ་གཞན་ཞིག་ནས་བཟོ་གི་ཡོད་རེད། རང་བཞིན་གྱི་གཏེར་ཁ་མང་པོ་ཡོད་པ་དང༌། ད་ལྟ་བར་དུ་གཏེར་ཁ་དེ་བསྔོགས་མ་ཚར་བ་ཡིན་ཙང༌། ད་ལྟ་རྒྱ་མིས་ཚང་མ་སྔོག་གི་ཡོད་རེད། རྒྱུ་མཚན་དེ་རེད། ད་ང་ཚོ་འགྲོལ་གྱི་མིན་ནམ། ཇ་སླེབས་ཀྱི་འདུག ཁྱེད་རང་ཚོ་ཇ་འཐུངས་ཤིག

སློབ་མས། གོང་ས་མཆོག་ལ་ཨ་རིས་གཙོས་པའི་རྒྱལ་ཁབ་གཞན་གྱིས་གཟེངས་རྟགས་ཕུལ་དགོས་དོན་གང་ཡིན་ནམ།

རིན་པོ་ཆེས། དེ་ག་རེ་བྱས་ནས་ཕུལ་བ་ཡིན་ཞེས་གཟེངས་རྟགས་འབུལ་མཁན་ཚོ་ལ་དྲིས་དང༌། ངས་ག་རེ་ཧ་གོ་གི་རེད། ད་གིན་ངས་གོང་དུ་ཞུས་པ་བཞིན་རེད། རྒྱལ་དབང་རིན་པོ་ཆེའི་ཡོན་ཏན་དང༌། ལྷག་པར་དུ་འཛམ་བུ་གླིང་ལ་འཚེ་མེད་ཞི་བ་དང་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་པའི་འགན་ཁུར་གྱི་ལམ་སྟོན་སུས་ཀྱང་གནང་མ་ཐུབ་པ་དེ་སྐྱབས་མགོན་རིན་པོ་ཆེས་གནང་གི་ཡོད་ཙང༌། དེར་རྦད་དེ་ཧ་ལས་ནས་གཟེངས་རྟགས་ཕུལ་གྱི་ཡོད་རེད། ཡང་བསྐྱར་དྲི་བ་ཡོད་དམ། གསུངས་དང༌། དྲི་བ་རྫོགས་རྒྱུ་མེད་པ་ཞིག་འདུག དྲི་བའི་གཏེར་ཁ་ཞིག་ཡིན་པ་འདྲ།

སློབ་མས། སློབ་གྲྭ་གཞན་པ་དེ་ཚོར་འཛིན་གྲྭ་དང་པོ་ནས་དབྱིན་ཇིའི་སྐད་བསླབ་རྒྱུ་དང༌། དཔེ་སྟོན་སློབ་གྲྭ་ལ་འཛིན་གྲྭ་དང་པོ་ནས་གསུམ་པའི་བར་བོད་ཀྱི་སྐད་ཡིག་གཅིག་པུ་དང༌། བཞི་པ་ནས་དབྱིན་སྐད་སློབ་དགོས་པའི་རྒྱུ་མཚན་གང་རེད།

རིན་པོ་ཆེས། རྒྱུ་མཚན་ལས་སླ་པོ་རེད། སྔོན་ལ་ཁྱེད་རང་ཚོ་བོད་པ་རེད། བོད་པ་ཡིན་ནམ་མིན།

སློབ་མས། ཡིན།

རིན་པོ་ཆེས། འདིར་ཡོད་པ་ཚང་མ་བོད་པའི་ཕྲུ་གུ་རེད།བྱས་ཙང་བོད་སྐད་སྔོན་ལ་ཤེས་དགོས་ཀྱི་རེད། སོ་སོའི་སྐད་མ་ཤེས་གོང་ལ་མི་སྐད་བསླབས་ན་༼བ་ཡོད་མ་རེད། འཛིན་གྲྭ་དང་པོ་ནས་གསུམ་པའི་བར་དུ་བོད་སྐད་དེ་ཆ་ཚང་བ་ཞིག་ཤེས་པར་བྱས་ཏེ། བསམ་བློ་བོད་སྐད་ནང་ལ་བཏང༌། སྐད་ཆའང་བོད་སྐད་ནང་ལ་བཤད། དེ་ཚོ་ཏག་ཏག་འགྲིག་ན། འཛིན་གྲྭ་བཞི་པ་ནས་སྐད་ཡིག་གཞན་པ་བསླབས་པ་དེས་བོད་སྐད་ལ་དོ་ཕོག་འགྲོ་གི་མ་རེད། བོད་སྐད་དེ་བརྗེད་ཀྱི་མ་རེད། དེ་འདྲ་ཡིན་ཙང་སྔོན་ལ་སོ་སོའི་སྐད་དེ་ཤེས་དགོས་ཀྱི་རེད། དབྱིན་ཇི་བསླབ་རྒྱུ་དེ་བོད་སྐད་མ་ཤེས་མཁན་གྱི་མི་ཚོའི་མཉམ་དུ་སྐད་ཆ་བཤད་རྒྱུའི་ཆེད་དུ་རེད། དབྱིན་ཇི་རྒྱག་མཁན་ཚོའི་མཉམ་དུ་སྐད་ཆ་བཤད་དགོས་ཀྱི་ཡོད་ཙང༌། དབྱིན་ཇི་མ་ཤེས་ན་འགྲིག་གི་ཡོད་མ་རེད། དབྱིན་ཇི་ཤེས་པ་ཙམ་དུ་མ་ཟད། ཡག་པོ་ཤེས་དགོས་ཀྱི་ཡོད་རེད། དེས་ན་འཛིན་གྲྭ་བཞི་པ་ནས་དབྱིན་ཇི་སློབ་ཀྱི་ཡོད་རེད། འགྲིག་སོང་ངམ། རྒྱུ་མཚན་འདུག་གམ། ད་ཁྱེད་རང་གསུངས་དང༌།

སློབ་མས། སྔོན་མ་མི་ཚོ་ཚེ་རིང་པོ་དང༌། དེང་སང་མི་ཚོ་ཚེ་ཐུང་ཐུང་ཡོད་པ་དེ་གང་རེད།

རིན་པོ་ཆེས། ད་ང་ཚོ་ཚེ་རིང་པོ་བསྡད་རྒྱུའི་དོན་དུ་སྔོན་ལ་ཇ་འཐུང་དང༌། སྤྱིར་བཏང་དེང་སང་མི་ཚོའི་བཤད་སྟངས་ཤིག་ཡོད་རེད། མི་ཚེ་རིང་དུ་འགྲོ་གི་ཡོད་རེད་ཅེས་ལབ་ཀྱི་ཡོད་རེད། དཔེར་ན་རྒྱ་གར་ལ་ཆ་བཞག་ན། ཕྱི་ལོ་༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་སྐབས་རྒྱ་གར་གྱི་མི་དེ་ཚོའི་ཡས་ལ་མས་འགེལ་གྱི་ཚེ་ཚད་དེ་ལོ་བཞི་བཅུ་ཞེ་གྲངས་ཤིག་རེད་འདུག ད་ལྟ་དེ་རིང་དུ་ཕྱིན་ནས་ལོ་ལྔ་བཅུ་ང་གྲངས་ཤིག་ལ་སླེབས་ཡོད་ཚུལ་བཤད་ཀྱི་ཡོད་རེད། དེ་ཁྱོན་ཡོངས་ཀྱི་ཚད་རྒྱག་སྟངས་ཤིག་རེད། ཡིན་ནའང་མི་རྒས་འཁོགས་ལོ་བརྒྱ་དང་བརྒྱ་ལས་མང་བ་སྡོད་མཁན་གནའ་སྔ་མོ་མང་བ་ཡོད་རེད། དེང་སང་ཉུང་བ་རེད། དེའི་རྒྱུ་མཚན་ནི་ཁོར་ཡུག་ཉམས་ཆག་ཕྱིན་པ་དེས་བྱས་པ་རེད། རླུང་བཙོགས་པ་དང༌། ཆུ་བཙོགས་པ། ཁ་ལག་གི་ནང་ལ་རྫས་སྦྱོར་བསྲེས་པ། ཞིང་ཁའི་ནང་ལ་རྫས་ལུད་དང་འབུ་དུག་བརྒྱབས་པ་བཅས་ཀྱི་དབང་གིས་དབུགས་རྔུབ་དུས་རླུང་གཙང་མ་མ་རག་པ་དང༌། ཆུ་འཐུང་དུས་ཆུ་གཙང་མ་མ་རག་པ། ཁ་ལག་གི་ནང་ལའང་རྫས་སྦྱོར་བསྲེས་ཡོད་པ་བཅས་ལས་མི་དེ་ཚོའི་ཚེ་ཐུང་དུ་ཐུང་དུ་འགྲོ་གི་ཡོད་རེད།

སློབ་མས། ཐུགས་རྗེ་ཆེ་གནང༌། ་་་་་༌། ་་་་་་་་༌། ་་་་་་་་་༌།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ཆེད་ཕེབས་ཀྱིས་དེ་གའི་འཛིན་རིམ་གསུམ་པ་ནས་ལྔ་པའི་བར་གྱི་སློབ་ཕྲུག་ཚོས་གནད་དོན་སྣ་ཚོགས་ཐོག་ཕུལ་བའི་དྲི་བ་ཁག་ལ་བཀའ་ལན་གནང་བ་ཞིག་ཡིན།