ཚོགས་དུས་བཅུ་གཅིག་པའི་དབུ་འཛུགས་གསུང་བཤད།

སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པ་འདི་སྐབས་བཅུ་གཉིས་པའི་སྤྱི་འཐུས་རྣམ་པ་ཚོའི་ལོ་ལྔའི་དུས་ཡུན་རིང་གི་ཚོགས་དུས་མཐའ་མ་ཡིན་པས། དེ་རིང་གི་ཚོགས་དུས་འདིའི་ཐོག་ལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ལས་རྒྱུན་གྱི་རིང་ལ་ལས་དོན་བསྒྲུབས་མ་ཐུབ་པ་དང་འཐུས་ཤོར་གང་ཕྱིན་ཡོད་མེད། མ་འོངས་པ་ལ་ཉེས་འགོག་ལེགས་སྤེལ་བཅས་ཀྱི་ཐོག་ལ་གང་གནང་དགོས་ཀྱི་ཡོད་མེད་ཀྱི་གནས་དོན་ཚང་མའི་ཐོག་ལ་སེང་གེ་གནམ་བསྒྱིངས་ཀྱི་གཟིགས་སྟངས་ཤིག་གི་ཐོག་ནས་དགོངས་པ་བཞེས་དགོས་པའི་དུས་ཚོད་ཅིག་འཁེལ་གྱི་ཡོད་པ་ལ་ངས་ངོས་འཛིན་ཞུ་གི་ཡོད། སྤྱིར་བཏང་གྲོས་ཚོགས་ཀྱི་ཚོགས་དུས་ཡོངས་རྫོགས་གལ་ཆེན་པོ་ཡིན་པ་བཤད་མ་དགོས་པ་རེད། འོན་ཀྱང་དེ་རིང་གི་གྲོས་ཚོགས་འདི་སྐབས་བཅུ་གཅིག་གི་སྤྱི་འཐུས་མཛད་རྒྱུན་གྱི་ཚོགས་དུས་མཐའ་མ་ཡིན་པས། དམིགས་བསལ་གྱི་གལ་གནད་ཆེ་བ་ཞིག་ལ་ཚོགས་གཙོའི་ངོས་ནས་ངོས་འཛིན་ཞུ་གི་ཡོད་ལ། སྤྱི་འཐུས་རྣམ་པ་ཚང་མས་ཀྱང་དེ་ལྟར་ངོས་འཛིན་གནང་གི་ཡོད་པའི་ཡིད་ཆེས་ཡོད། གྲོས་ཚོགས་ལ་དངོས་སུ་ཕེབས་ཐུབ་པའི་སྤྱི་འཐུས་རྣམ་པ་ཡོངས་རྫོགས་དང༌། བཀའ་བློན་རྣམ་པ་བཅས་ཚང་མ་ལ་ངས་དགའ་བསུའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག དེ་རིང་གི་ཚོགས་དུས་འདིའི་ཐོག་ལ་ང་ཚོའི་སྐབས་སུ་བབ་པའི་ལས་དོན་ཕྱི་ལོ་ ༢༠༠༡་་༢༠༠༢ ཀྱི་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་གཏན་འབེབས་གནང་རྒྱུས་གཙོས་བགྲོ་གླེང་དང་ཁྲིམས་བཟོ། སྤྱི་འཐུས་སྒེར་གྱི་གྲོས་འཆར་དང་བགྲོ་གླེང་ཁག ལྷག་པར་དུའང་དཔལ་འབྱོར་གྱི་ལས་དོན་ཚང་མའི་ཐོག་ལ་ཚང་མས་ཐུགས་སྣང་ཆེན་པོའི་ཐོག་ནས་ཆ་ཤས་ཡག་པོ་བླང་ཐུབ་པའི་རེ་འདུན་དང་འབོད་སྐུལ་ཞུ་གི་ཡོད། ཅེས་གསུངས།
སྔོན་རྩིས་འབུལ་ཕྱོགས་ཡང་དག་པ་ཞིག་ཡོང་གི་མེད་ཚུལ།
སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་གཏན་འབེབས་ཟིན་པ་ནས་བཟུང་བོད་གཞུང་གི་སྔོན་རྩིས་འབུལ་ཕྱོགས་ཀྱི་ཐོག་སྔར་དང་མི་འདྲ་བའི་གང་འཚམས་ཀྱི་འགྱུར་བ་ཕྱིན་པ་རེད་དེ། འགྱུར་བ་དེས་བཅའ་ཁྲིམས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་ཞིག་དང་མང་གཙོའི་གཞུང་གི་ལས་ཀྱི་སྣེ་ལ་གཏོགས་པ་ཚང་མའི་ཐུགས་འདོད་ཁེངས་པ་ཞིག་ཡོང་ཐུབ་ཀྱི་ཡོད་རེད་དམ་ཞེས་ཞུས་ན། ད་ཕན་ལ་ཡོང་ཁག་པོ་བྱས་ནས་བསྡད་ཡོད་རེད། འོན་ཀྱང་འདས་པའི་ལོ་དགུའི་རིང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་རིམ་པ་དང༌། གྲོས་ཚོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གྲོས་ཆོད་དང་ལམ་སྟོན་ཁག ཚོགས་གཙོའི་ལམ་སྟོན། སྒྲིག་གཞི་གཏན་འབེབས་དང་སྒྲིག་གཞི་བསྐྱར་བཅོས་སོགས་ཐབས་ལམ་སྣ་ཚོགས་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་ཀྱི་ལམ་སྲོལ་འདི་ཡང་དག་པ་ཞིག་ཡོང་བའི་ཆེད་དུ་འབད་བརྩོན་རིམ་པས་གནང་བ་རེད། ད་ལྟ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ཐོག་ནས་གཏན་ལ་དབབ་རྒྱུའི་སྔོན་རྩིས་མཐའ་མ་འདི་བཞིན་ང་ཚོའི་མདུན་ལ་སླེབས་པ་རེད། འདས་པའི་ལོ་གཅིག་གཉིས་ཀྱི་ནང་སྔོན་རྩིས་འབུལ་ཕྱོགས་ཀྱི་ཐོག་འགྱུར་བ་ཆེ་ཙམ་ཞིག་གཏང་རྒྱུའི་ཆེད་དུ་ཆེད་འཛུགས་ཚོགས་ཆུང་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་སོགས་པས་དགོངས་འཆར་དང་རྒྱབ་གཉེར་མང་པོ་གནང་ཡོད་པ་རྣམས་ཁ་ཤས་གྲོས་ཚོགས་ཀྱི་ནང་དུ་གཏན་ལ་ཕབ་ཐུབ་པ་བྱུང་ཡོད་རེད། ཁ་ཤས་གྲོས་ཚོགས་ཀྱི་ནང་ལ་གཏན་ལ་ཕབ་མ་ཐུབ་པར་ལུས་པ་ཡང་བྱུང་ཡོད་རེད། གང་ལྟར་མང་གཙོའི་ལམ་སྲོལ་ཡག་པོ་ཞིག་གི་ནང་དོན་དམ་གྱི་བློ་གཏད་འཕེར་བའི་ཐོག་ནས་ཕེབས་ཐུབ་དགོས་པ་ཞིག་གི་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་པ་ཡིན་ན་ངེས་པར་དུའང་དཔལ་འབྱོར་གྱི་ལམ་སྲོལ་ཡང་དག་པ་ཞིག་དགོས་པ་དང༌། ཕྱི་གསལ་ནང་གསལ་ཞིག་དགོས་པ་དང༌། ལམ་སྟོན་དེའི་ནང་ལ་གཡོ་སྒྱུ་སྲབ་སླ་བྱེད་སའི་ལམ་རྩ་བ་ནས་མ་ལྷག་པ་ཞིག་བཟོ་རྒྱུ་དེ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦