ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བའི་སྐོར།

རྩིས་ཞིབ་སྙན་ཐོའི་ཐོག་ཞིབ་འཇུག་ཚོགས་ཆུང་ཞེས་པ་ཞིག་བར་ལམ་བཙུགས་ཡོད་ཅིང༌། དེ་འཛུགས་སྐབས་ཞིབ་འཇུག་ཚོགས་ཆུང་འཛུགས་སྟངས་ཀྱི་ལམ་དང་ལུགས་སྲོལ། ལས་དོན་བརྗེད་བྱང་སོགས་ཚང་མ་སྤྱི་སྲོལ་དང་རང་བཞིན་གྱི་ཁྲིམས་དང་མཐུན་པ་ཞིག་ཡོང་རྒྱུའི་ཐད་སྐུ་ངལ་གང་ལ་གང་འཚམས་འཕྲད་འདུག གང་ལྟར་མཐའ་མ་འཛིན་སྐྱོང་བཀའ་ཤག་གིས་བསྐོ་གཞག་འོག་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ་ཞིབ་འཇུག་ཚོགས་ཆུང་དེས་ཞིབ་འཇུག་གི་གྲུབ་དོན་སྙན་ཞུ་བཀའ་ཤག་ལ་འབུལ་དགོས་པ་དང༌། བཀའ་ཤག་ནས་དེའི་ཐོག་ཐག་གཅོད་བྱས་ཏེ་མཐར་གྲོས་ཚོགས་སུ་སྙན་གསན་ཞུ་དགོས་པའི་རིམ་པ་ཞིག་བསྒྲིགས་འདུག ཞིབ་འཇུག་བྱ་རྒྱུའི་རྒྱུ་ཆ་རྣམས་སྤྱི་འཐུས་རྒྱུན་ལས་ནས་འབུལ་དགོས་པའི་ཐག་གཅོད་ཀྱང་བྱུང་འདུག ཐག་ཆོད་བྱུང་བ་དེ་དག་གི་བརྒྱུད་རིམ་ནང་ངེད་རང་མེད་ཅེས་ཞུ་ས་ཡོད་མ་རེད། ཚོགས་གཙོ་གཉིས་ཀ་རྒྱུན་ལས་ནང་ཡོད་སྟབས་རྒྱུན་ལས་ཀྱི་ཐག་གཅོད་གང་བྱུང་བ་མཉམ་འདུས་ཀྱི་ལས་འགན་ཐོག་འགན་ལེན་ཞུ་རྒྱུ་དང༌། དེར་མུ་མཐུད་ནས་འགྲོ་དགོས་པ་ཞིག་རེད།
ལན་གཅིག་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ཡོངས་རྫོགས་སྤྱི་འཐུས་རྒྱུན་ལས་སུ་ཕེབས་ཏེ་ཞིབ་འཇུག་ཚོགས་ཆུང་གི་ལས་རིམ་དང་ཞིབ་འཇུག་ཚོགས་ཆུང་ནས་སྐབས་དེར་གཟིགས་སྣང་གང་བྱུང་བ་རྣམས་སྙན་སྒྲོན་གནང་སོང༌། དེ་དུས་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་པ་ཡིན་སྟབས་རྒྱུན་ལས་ནས་འདི་བྱ་འདི་བྱེད་ཀྱི་གནས་ཚུལ་ཞུ་འོས་བྱུང་མེད་ཀྱང༌། ཞིབ་འཇུག་མཇུག་བསྒྲིལ་བྱུང་སྐབས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་དེ་གྲོས་ཚོགས་ནང་སླེབས་པ་ཞིག་སྤྱི་འཐུས་རྒྱུན་ལས་ཀྱིས་འགན་ལེན་ཞུ་རྒྱུ་ཡིན་ཞེས་གསལ་པོ་ཞུས་ཡོད། སྤྱི་འཐུས་སྐབས་བཅུ་གཉིས་པའི་ཚོགས་དུས་མཐའ་མ་ད་རེས་ཡིན་ཡང་ཚོགས་དུས་འདིའི་ནང་ཞིབ་འཇུག་སྙན་ཐོ་ཕུལ་ཐུབ་མེད། དེར་བརྟེན་ང་ཚོས་ཡིག་ཆའི་ནང་འཇོག་དགོས་པ་ཞིག་ལ། ཞིབ་འཇུག་ཚོགས་ཆུང་དེ་མཇུག་བསྒྲིལ་བྱུང་བ་དང་ཆབས་ཅིག་ཏུ་བཀའ་ཤག་གིས་དེའི་ཐོག་ཐག་གཅོད་ཀྱི་ལས་དོན་གང་གནང་གི་ལས་བསྡོམས་འཁོད་པའི་སྙན་ཞུ་དང་སྦྲགས་ཏེ་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་ཡོངས་རྫོགས་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་ངེས་པར་དུ་འཇོག་དགོས་ཀྱི་རེད་ཅེས་ཚོགས་གཙོའི་ལམ་སྟོན་གྲོས་ཚོགས་ཀྱི་ཡིག་ཆའི་ནང་འཁོད་པ་བྱ་རྒྱུ་ཡིན། སྐབས་བཅུ་གསུམ་པའི་གྲོས་ཚོགས་ནས་དེ་ལྟར་མི་དགོས་ཞེས་གསུངས་པ་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མིན་སྐབས་བཅུ་གཉིས་པའི་ཚོགས་གཙོ་དང་རྒྱུན་ལས་ཀྱི་ལམ་སྟོན་དེ་སྐབས་བཅུ་གསུམ་པའི་ཐོག་ཏུའང་འགྲོ་དགོས་པ་ཞིག་རེད།
བཀའ་ཤག་ནས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་དང་དེའི་ཐོག་བཀའ་ཤག་གིས་ཕྱག་ལས་གང་གནང་མེད་སོགས་ཆ་ཚང་ངམ་ཆ་ཚང་མེད་ཀྱང་འདི་སྔ་ཕན་དུ་གང་བྱུང་བ་རྣམས་ཀྱི་སྐོར་ཚོགས་དུས་འདིའི་ཐོག་སྙན་གསན་གནང་ཐུབ་ཀྱི་ཡོད་ཚེ། ངེས་པར་དུ་སྙན་གསན་གནང་རོགས་གནང་ཞུ་རྒྱུ་ཡིན། གལ་ཏེ་སྙན་གསན་ཞུ་ཐུབ་ཀྱི་མེད་ན་གནང་མི་ཐུབ་པའི་སྐོར་ཚོགས་དུས་འདི་མ་གྲོལ་གོང་དུ་བཀའ་ཤག་གིས་གསལ་བཤད་ཅིག་ངེས་པར་གནང་དགོས། དེ་སྔ་ཕན་དུ་ཞིབ་འཇུག་ཚོགས་ཆུང་གིས་སྙན་ཐོ་ཕུལ་མེད་པའི་རྒྱུ་མཚན། ཡོད་ན་གང་དང་གང་ཕུལ་ཡོད་པ་རྣམས་གྲོས་ཚོགས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཆགས་ཀྱི་འདུག་པས་བཀའ་ཤག་ནས་དུས་ཚོད་ངེས་ཅན་ཞིག་ལ་གྲོས་ཚོགས་ནང་གསལ་བཤད་གནང་དགོས་ཀྱི་འདུག་ཅེས་ལམ་སྟོན་ཞུ་རྒྱུ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦