ཞུ་འཕྲིན།

༄༅།། ཀུན་མཁྱེན་དྲི་མེད་བཤེས་གཉེན་སླར་ཡང་ངུར་སྨྲིག་འཛིན་པའི་གཟུགས་སུ་བཟློ་བ་ལུང་རྟོགས་བསྟན་པའི་གསལ་བྱེད་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ནི་སྐུ་ཡི་ཕྲེང་བ་དུ་མར་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང༌། ལྷག་པར་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གདུལ་ཞིང་དུ་བཟུང་སྟེ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བ་ནས་བཟུང་མཁས་གྲུབ་ལོ་པཎ་རྗེ་བློན་སོགས་སྐུ་ཡི་བཀོད་པ་དུ་མས་ཁ་བའི་ལྗོངས་སུ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་སྔ་འགྱུར་རྙིང་མའི་མདོ་སྔགས་ཟུང་འབྲེལ་གྱི་ཚང་ལ་མ་ནོར་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ནི་སར་གནས་སེམས་དཔའ་དག་གིས་ཀྱང་གཞལ་བར་མི་སྤྱོད་ན། ཚུ་རོལ་མཐོང་བ་དག་གིས་ལྟ་ག་ལ་ཞིག ཐོུང་གདུལ་བྱའི་སྣང་ངོར་སྐུ་ཡི་ཕྲེང་བ་འདིའི་དབང་དུ་བྱས་ནའང༌། ཆོས་ལྡན་གངས་ཅན་ཞིང་གི་གདན་ས་ཆེན་པོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་གདན་རབས་བཅུ་གཅིག་པའི་གོ་འཕང་བདག་གིར་བཞེས་ཤིང༌། བོད་ལྗོངས་སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བས་ཆོས་མེད་ཀླ་ཀློའི་དཔུང་གིས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པ་རྨེག་མེད་དུ་གཞོམ་པའི་སྐབས་སུའང་རྨད་དུ་བྱུང་བའི་ཐུགས་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་བཙན་བྱོལ་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་འཕྲིན་ལས་ཀྱི་མཐུན་འགྱུར་དུ་དབུ་འོག་དཔུང་འདེགས་ཀྱིས་སྐུ་ཡི་ངལ་བ་དུ་མ་ཁྱད་དུ་བསད་དེ་འཕགས་ཡུལ་ལྷོ་ཕྱོགས་སུ་བཤད་སྒྲུབ་བསྟན་པའི་འབྱུང་གནས་རྣམ་གྲོལ་གླིང་གིས་མཚོན་དགེ་བཙུན་སྔགས་གསུམ་གྱི་བཤད་གྲྭ་དང་སྒྲུབ་གྲྭ དེང་རབས་དང་མཐུན་པའི་སློབ་གཉེར་ཁང་སོགས་ཧ་ཅང་མང་པོ་གསར་བསྐྲུན་དང་འཛིན་སྐྱོང༌། སྔ་འགྱུར་རྙིང་མའི་དབུ་འཛིན་དང༌། རྡོར་གདན་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་སོགས་མཛད་པ་མ་ཟད། འཇིག་རྟེན་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་དད་ལྡན་གྱི་ཞལ་སློབ་སེར་སྐྱ་གྲངས་ལས་འདས་པར་དབང་སྐུར་རྒྱུད་བཤད་མན་ངག་ཟབ་ཁྲིད་ཀྱིས་རྗེས་སུ་འཛིན་པ་སོགས་མདོར་ན་མཁན་སློབ་བཀྲིན་ཅན་ནས་ཉེ་བར་བརྒྱུད་པའི་བོད་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བཀྲིན་གྱི་ཕུང་པོ་གཞལ་བར་དཀའ་བ་སྐྱོང་བཞིན་པའི་ངོར། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཟག་བྲལ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཡིད་སྐྱོའི་གནས་སྐབས་འདིར་རྣམ་གྲོལ་གླིང་བཤད་གྲྭའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཚོགས་ཀྱིས་བདེ་བར་གཤེགས་པ་དེ་ཉིད་ཀྱི་འཁྲུལ་བྲལ་ཡང་སྲིད་མཆོག་གི་སྤྲུལ་སྐུ་བསྟན་འགྲོའི་མགོན་དཔུང་དམ་པར་མྱུར་དུ་འབྱོན་པའི་གསོལ་འདེབས་དང་འབྲེལ། བཀྲིན་རྗེས་སུ་དྲན་པའི་རྩོམ་དེབ་ཅིག་ཕྱོགས་སྒྲིག་པར་སྐྲུན་གནང་འཆར་འདུག་པར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོས། འཇིགས་མེད་རིགས་པས་ཐུབ་བསྟན་བྱེ་བའི་སྲོག། བཤད་སྒྲུབ་ངེས་དོན་ཆོས་ཀྱི་སྒྲ་དབྱངས་ཀྱིས།། ནམ་མཁའ་སྲིད་དུ་འཛིན་ལ་དཔའ་བ་ཡི།། ཡང་སྤྲུལ་ཉིན་བྱེད་དབང་པོ་བཞད་དུ་གསོལ།། ཅེས་སྨོན་པར་མཛད་པའི་བཞེད་དགོངས་མྱུར་དུ་འགྲུབ་པའི་གསོལ་འདེབས་ཤུགས་དྲག་དང་བཅས་བཙན་བྱོལ་བོད་གཞུང་བཀའ་ཁྲིའི་མིང་འཛིན་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ས་གླང་ཧོར་ཟླ་༩ ཚེས་༢༢ ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༩ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་ཉིན་སྨོན་པ་དགེ་བར་གྱུར་ཅིག། །།

ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་རྩོམ་དེབ་ཅིག་ཕྱོགས་སྒྲིག་པར་སྐྲུན་གནང་འཆར་ལ་བསྐུལ་ངོར་བྲིས་གནང་བའི་ཞུ་འཕྲིན་ཞིག་ཡིན།