ཞུ་འཕྲིན།

༄༅།། ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༩ ཉིན་སྨར་ཚང་བཀའ་བརྒྱུད་དབུ་བརྙེས་ནས་མི་ལོ་༨༤༢ དང་ཉམས་རྒུད་སོང་ནས་ལོ་ངོ་༣༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དབྱིན་ལེན་དུ་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པ་ནས་གནང་གཏན་འཁེལ་འདུག་པར་དགའ་སྤྲོ་བརྟས།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པ་ནས་ད་བར་ལྷག་བློ་ཆེ་བསྐྱེད་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་རིག་སྲུང་སྐྱོབ་དང༌། ལྷག་དོན་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་དཔེ་དཀོན་རིགས་ཁག་དཔར་སྐྲུན་འགྲེམས་སྤེལ། བླ་བརྒྱུད་རྙེད་པ་རྣམས་ཀྱི་སྐུ་ཐང་བྲིས་བཀོད་བཅས་ཆོས་བརྒྱུད་ཀྱི་མེ་རོ་སླར་གསོ་གནང་བཞིན་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

བོད་མིའི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་ཆབ་སྲིད་ཀྱི་གནས་བབ་ཧ་ཅང་ཛ་དྲག་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པ་ནས་ངལ་བ་ཁྱད་བསད་ཀྱིས་ཁུལ་དེར་གནས་འཁོད་རང་རིགས་མང་ཚོགས་དང་དབྱིན་ལེན་མི་རིགས་སོགས་ལ་ནང་ཆོས་ངོ་སྤྲོད་གནང་རྒྱུ་སོགས་ཀྱིས་མཚོན་ཆོས་སྲིད་ཀྱི་ཕྱག་ལས་རྣམ་མང་སྤེལ་མུས་ཡིན་འདུག་པ་ནི་བོད་མིའི་ལར་ཞེན་དང་རང་འཁྲི་ལས་འགན་འབད་སྒྲུབ་སྤོབས་པ་བྱ་འོས་ཤིག་ཡིན། འབྱུང་འགྱུར་ཡང་རྒྱལ་བསྟན་ཆབ་སྲིད་དང༌། སྐྱེ་འགྲོའི་བདེ་ཐབས་ལ་སྨན་པའི་མཛད་བཟང་སྔར་ལྷག་གོང་མཐོར་སྐྱོང་གནང་ཡོང་བའི་རེ་སྐུལ་དང༌། ད་ལམ་དུས་ཚིགས་ཁྱད་པར་ཅན་འདི་ཐོག་གངས་རི་ཀརྨ་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་ལས་ཀྱི་སྣེ་མོར་གཏོགས་ཚང་མར་བཀྲ་ཤིས་བདེ་ལེགས་དང་མཛད་སྒོ་ལམ་ལྷོང་ཡོང་བའི་སྨོན་འདུན་བཟང་པོ་ཞུ་རྒྱུ་བཅས་དྷ་ས་ནས་བཀའ་ཁྲི་ཟམ་གདོང་པས་༢༠༠༩ ཕྱི་ཟླ་༡༡ ཚེས་༣༠ ལ་ཕུལ།།

སྨར་ཚང་བཀའ་བརྒྱུད་དབུ་བརྙེས་ནས་མི་ལོ་༨༤༢ དང་ཉམས་རྒུད་སོང་ནས་ལོ་ངོ་༣༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་གནང་བའི་ཞུ་འཕྲིན།