ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་རིན་བྱོན་གྱི་མཛད་རྣམ་མདོར་བསྡུས།

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དགེ་བཤེས་འཕགས་པ་རབ་དགའ་མཆོག་ནི། ༧རྒྱལ་མཆོག་སྐུ་ཕྲེང་བདུན་པའི་སྐབས་སུ་ཁམས་འཇོལ་པའི་ཡུལ་དུ་དགོན་གསུམ་མཁན་པོར་བཀོད་འདུག མཁན་པོའི་རིང་བསླབ་ཁྲིམས་དང་མང་ཚོགས་ལ་ཕན་ཐོགས་ཧ་ཅང་ཡག་པོ་བསྒྲུབས་པར་བརྟེན་མཁན་པོའི་ཁྲི་ལས་ཟུར་རྗེས་སུ་བདེ་ཆེན་གླིང་དགོན་པས་རེ་སྐུལ་ལྟར་ཁོ་ཚོའི་བླ་སྐལ་དུ་བཞུགས་ནས་བསྟན་འགྲོའི་དོན་དུ་མཛད་པ་མཐའ་འཁྱོངས་གནང་།

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་བསྟན་པའི་ཉི་མ་མཆོག་ནི། ཁམས་འཇོལ་བ་ལྡིང་མདའ་ཟམ་གདོང་ཚང་དུ་སྐུ་འཁྲུངས། སྐུ་གོང་མ་ཞིང་དུ་གཤེགས་རྗེས་ཡང་སྲིད་འཚོལ་དགོས་མིན་ཐད་གྲོས་བསྡུར་བྱས་ནས་ཡང་སྲིད་འཚོལ་མི་དགོས་རྒྱུའི་མཐའ་གཅོད་བྱས་ཀྱང་། ཆུང་དུས་སྨྲ་བརྗོད་ཐུབ་ཙམ་ནས་ང་འདིར་སྡོད་ཀྱི་མིན། བདེ་ཆེན་གླིང་གི་བདག་པོ་ཡིན་ཞེས་ཡང་ཡང་གསུངས་ཀྱི་ཡོད། ཉིན་ཞིག་ཕ་མ་དང་ལྷན་ཁ་བ་དཀར་པོ་མཇལ་བཅར་སྐབས་དགའ་ལྡན་གླིང་དུ་ཕེབས་ནས་དེར་ཡོད་གྲྭ་བ་ཚོ་ངོ་ཤེས་པ་སོགས་སྔོན་གནས་རྗེས་དྲན་གྱི་རྟགས་དང་མཚན་མ་མང་པོ་བྱུང་བར་བརྟེན་དགོན་གསུམ་མཁན་པོའི་ཡང་སྲིད་དུ་ངོས་འཛིན་བྱས། སྐུ་ཕྲེང་དེ་ནས་བཟུང་ཟམ་གདོང་བླ་མ་ཞེས་པའི་མཚན་དེ་ཆགས།

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བསྟན་པའི་རྒྱལ་མཚན་མཆོག་ནི། ཟམ་གདོང་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ནས་སྔར་་བཞིན་དགོན་བདག་མཛད་དེ་བསྟན་འགྲོའི་དོན་དུ་མཛད་པ་རླབས་ཆེན་གནང་མཐར་ཞིང་ཁམས་གཞན་དུ་གཤེགས་སོ།

ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་འཕགས་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། ཁམས་རྒྱལ་ཐང་རོང་པ་ཞེས་པའི་ཡུལ་དུ་སྐུ་འཁྲུངས།སྔོན་བཞིན་བསླབ་གཉེར་གནང་ནས་བསྟན་འགྲོའི་མཛད་པ་གནང་མཐར་ཞིང་དུ་གཤེགས།

 ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེན་མཆོག་ནི། ཕྱི་ལོ་༡༩༣༩ལོའ་ཟླ་༡༡ཚེ་༥ཉིན་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་། ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་ཀྱི་སྲས་སུ་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ཉིད་ནས་བྱིས་པ་ཐ་མལ་པའི་ངང་ཚུལ་ལས་འདས་པའི་སྐུའི་རྣམ་འགྱུར་དང་། གསུང་གི་བརྗོད་པ།

ཐུགས་ཀྱི་ཁྱེར་སོ་ཐད་ནས་སྐྱེས་བུ་དམ་པའི་རང་རྟགས་མངོན་གསལ་ཅན་རང་ཆས་སུ་ཡོད། རང་ལོ་གཉིས་གསུམ་སྐབས་ནས་ཁོང་གི་ཞང་པོ་གྲྭ་བ་བགྲེས་པོ་ཞིག་ཡོད་པ་དེ་ཁྱིམ་དུ་ནམ་ཕེབས་ལ་རིན་པོ་ཆེ་ནས་དགོན་པར་འགྲོ་གིན་ཡིན་ཡང་ཡང་གསུངས་ཀྱི་ཡོད་པ་ལྟར་དགུང་ལོ་བཞི་མཚམས་ཕ་མས་ཀྱང་ཞང་པོ་དང་ལྷན་དུ་གདོལ་པོའི་དགོན་པར་མངགས་བཏང་གནང་། དགུང་ལོ་ལྔརཉེ་བར་ཕེབས་སྐབས་ཟམ་གདོང་མཆོག་སྤྲུལ་སྐུ་ཕྲེང་བཞི་པའི་སྐྱེ་སྤྲུལ་དུ་ངོས་འཛིན་དང་འབྲེལ་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་དང་ཆོས་ཞུགས་མཛད་ནས་རྒན་སྒྲེ་དབྱངས་མཆོག་གི་དྲུང་དུ་སྒྲ་དང་སྙན་ངག་སོགས་ཞིབ་ཏུ་སྦྱངས་ཏེ་སྒྲ་སྙན་ངག་ལ་ཧ་ཅང་གི་མཁས་པར་གྱུར། ད་དུང་རྒྱན་འཇུག་གཉིས་སོགས་གཞུང་ཆེན་ཐུགས་འཛིན་གནང་། དགུང་ལོ་བདུན་ལ་ཕེབས་སྐབས་༸སྐྱབས་རྗེ་ཟངས་འབུམ་རྡོ་རྗེ་འཆང་ཆེན་པོ་ལས་བར་མ་རབ་བྱུང་དང་། དགེ་ཚུལ་གྱི་བསླབ་སྡོམ་ཡང་དག་པར་བཞེས།དགུང་ལོ་དགུར་ཕེབས་སྐབས་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་སོགས་དགེ་བའི་བཤེས་གཉེན་དྲུག་གི་ཞབས་ལ་གཏུགས་ཏེ། ཆོས་སྡེ་དེའི་ཆོ་ག་ཕྱག་ལེན་སོགས་དང་། ཐུན་མོང་གི་རིག་པའི་གནས་རྣམས་ལ་གསན་སྦྱོང་རྒྱ་ཆེར་མཛད།། །།