འཛིན་སྐྱོང་ལས་རིམ་གསར་ཤོག་གི་རྩོམ་སྒྲིག་པས་ཆེད་དོན་བཅར་འདྲི་ཞུས་པ།

བཙན་བྱོལ་བོད་གཞུང་གི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཕྱི་ལོ་ ༢༠༠༦ ཟླ་ ༩ པའི་འདོན་ཐེངས་ནང་ཐོན་པ། དྲི་བ། ད་ལམ་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་ཕྱག་རོགས་བཀའ་བློན་ལྔའི་མཚན་གྲོས་ཚོགས་སུ་ཕུལ་བ་ནས་བཞི་མ་གཏོགས་མ་ཐོན་པར་དགོངས་ཚུལ་གང་བྱུང་ཡོད་དམ།

བཀའ་ལན། བསམ་ཚུལ་གང་ཡང་མ་བྱུང༌། གྲོས་ཚོགས་སུ་བཀའ་ཁྲོལ་ཆེད་སྙན་གསན་ཞུས་པ་ཚང་མ་བཀའ་ཁྲོལ་ཡོང་བའི་ངེས་པ་མེད་པ་དེ་རང་བཞིན་གྱི་གནས་ཚུལ་ཞིག་རེད། ལྔ་ནས་བཞི་ཐོན་པ་ནི་བརྒྱ་ཆ་ ༧༥ ཐོན་པ་རེད། དེ་ལ་དགའ་སྒོམ་ཆོག་ཤེས་བྱེད་ཀྱི་ཡོད།
དྲི་བ། བཀའ་བློན་བཞི་ལས་མ་ཐོན་པ་ཡིན་སྟབས། མ་འོངས་པར་ད་དུང་བཀའ་བློན་ཁ་ཤས་ཀྱི་མཚན་གཞུང་འབུལ་རྩིས་ཡོད་དམ།
བཀའ་ལན། ད་ལྟ་དེ་འདྲིའི་འཆར་གཞི་གཏན་འཁེལ་བ་གང་ཡང་མེད། གྲོས་ཚོགས་ཚོགས་དུས་རྗེས་མ་ཟླ་བ་དྲུག་གི་རྗེས་སུ་ཚོགས་ཀྱི་རེད། དེའི་བར་བསམ་ཞིབ་བྱེད་ལོངས་ཡོད་པ་རེད།
དྲི་བ། གྲོས་ཚོགས་སུ་བཀའ་བློན་འོས་གཞི་ཡོངས་རྫོགས་ལ་དགག་པ་བྱུང་བ་དེར་དགོངས་ཚུལ་ག་རེ་ཡོད་དམ།
བཀའ་ལན། དེ་ལ་བསམ་ཚུལ་གང་ཡང་མེད། བཀའ་བློན་འོས་མི་སུ་ལའང་དགག་བྱ་གནང་རྒྱུའི་སྐུ་དབང་གྲོས་ཚོགས་ལ་ཡོད་པ་རེད། འོན་ཀྱང་ཧ་ཅང་ཡ་མཚན་པ་དང་ཧ་ལས་དགོས་པ་ཞིག་ནི་དགག་བྱ་གནང་སྟངས་དང་དེ་ངོས་བཞེས་གནང་སྟངས་དེ་རེད། བཀའ་བློན་ཁྲི་པར་བཀའ་བློན་ལས་རོགས་རྣམས་ཀྱི་འོས་གཞི་འདོན་རྒྱུའི་ཐོབ་ཐང་སྤྲད་དགོས་པའི་རྒྱུ་མཚན་གཙོ་བོ་རང་ཉིད་དང་བསམ་ཚུལ་མཐུན་པའི་རུ་ཁག་བཟང་པོ་ཞིག་བསྐྲུན་རྒྱུའི་ཆེད་དུ་རེད། བཅའ་ཁྲིམས་ཀྱི་སྙིང་དོན་དེ་ལ་གཞི་བཅོལ་ཏེ་མིང་འདོན་བྱེད་པའི་སྐབས་འོས་གཞི་དེ་ཚོས་བཀའ་བློན་ཁྲི་པ་དང་འགལ་ཟླ་བྱེད་མི་ཐུབ་པ་རྒྱུ་མཚན་དུ་བཀོད་ནས་དགག་བྱ་གནང་བ་དང༌། དགག་བྱ་དེ་ལ་གྲོས་ཚོགས་ཀྱིས་ངོས་བཞེས་གནང་བ་དེ་ནི་ལྷ་བདུད་དུ་བབས་པ་དང༌། སྨན་དུག་ཏུ་སོང་བའི་ངང་ཚུལ་ཞིག་རེད། བཀའ་བློན་གྱི་འོས་གཞི་གྲོས་ཚོགས་སུ་ཕུལ་བའི་སྐབས་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་གསུམ་པར་གསལ་བའི་འོས་ཆོས་ཚང་མིན་ཞིབ་འཇུག་གནང་རྒྱུའི་ཆེད་ཡིན་པ་བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་ནང་གསལ་པོ་འཁོད་ཡོད་པ་ཀུན་གྱི་མཁྱེན་གསལ་རེད། འོན་ཀྱང་དེ་ལ་གྲོས་ཚོགས་ཀྱི་ཐུགས་སྣང་མ་གནང་བ་དེ་ཧ་ཅང་ཡ་མཚན་རེད།
དྲི་བ། བཀའ་བློན་གྱི་འོས་གཞིའི་མཚན་གཞུང་ཕུལ་འཕྲལ་དགག་བྱ་ཡོད་མེད་མ་གཟིགས་པར་ཚོགས་འདུ་བར་མཚམས་བཞག་སྐབས་བཀའ་ཁྲི་མཆོག་གིས་ལས་རིམ་རྣམ་གཞག་བཏོན་གནང་བ་ལ་ཚོགས་གཙོ་མཆོག་གིས་ངོས་བཞེས་མ་གནང་བ་དེར་དགོངས་ཚུལ་ག་རེ་བྱུང་ཡོད་དམ།
བཀའ་ལན། དེ་ལ་བསམ་ཚུལ་གང་ཡང་མ་བྱུང༌། ལས་རིམ་རྣམ་གཞག་འདོན་རྒྱུ་གྲོས་ཚོགས་ཚོགས་མི་ཡོངས་ཀྱི་ཐོབ་ཐང་དང༌། དེ་ལ་ངོས་བཞེས་གནང་དང་མི་གནང་ཚོགས་གཙོ་མཆོག་གི་སྐུ་དབང་ཡིན་པ་མ་ཟད། སྒྲིག་གཞིའི་དོན་ཚན་ ༧༤ པའི་འོག་སྒྲིག་གཞི་དམིགས་བསལ་གནང་རྒྱུའི་སྐུ་དབང་ཡང་ཡོད་པ་རེད།
དྲི་བ། ལས་རིམ་རྣམ་གཞག་ངོས་བཞེས་མ་གནང་བར་དགོངས་ཚུལ་གང་ཡང་མེད་ན། དེའི་སྐོར་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསལ་བཤད་མདོར་བསྡུས་ལ་བགྲོ་གླེང་ཟིན་རྗེས་ལན་འདེབས་གནང་སྐབས། ལས་རིམ་རྣམ་གཞག་ངོས་བཞེས་མ་གནང་བའི་སྐོར་གླེང་སློང་གནང་སོང་བ་དེ་གང་ཡིན་ནམ། དེ་འདྲ་གླེང་སློང་གནང་རྒྱུ་སྒྲིག་འགལ་ཆགས་ཀྱི་མེད་དམ།
བཀའ་ལན། ངས་བགྲོ་གླེང་ལ་ལན་འདེབས་ཞུས་སྐབས། ལས་རིམ་རྣམ་གཞག་སྐོར་གླེང་སློང་གཏན་ནས་ཞུས་མེད། དེ་ཁྱེད་རང་ཚོས་གསན་ནོར་གྱུར་པ་རེད། ངས་གང་ཞུས་པ་ཡིན་ཞེ་ན། མཚུངས་མེད་ཚོགས་གཙོ་མཆོག་གིས་གསར་འགྱུར་བརྒྱུད་ལམ་དུ་ལས་རིམ་སྒྲིག་ཕྱོགས་སྐོར་ཉིན་སྔོན་མ་ནས་བཀའ་ཁྲི་ལ་གསལ་བཤད་གནང་ཟིན་པ་དང༌། བཀའ་ཁྲིས་ཀྱང་དེ་ལ་མོས་མཐུན་བྱུང་ཚུལ་བཀའ་གནང་འདུག ངས་དེའི་སྐོར་གསལ་བཤད་ཞུས་པ་ཡིན། ལས་རིམ་རྣམ་གཞག་ནི་གྲོས་ཚོགས་ཀྱི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་པ་དང༌། གསར་འགྱུར་བརྒྱུད་ལམ་ཐོག་བཀའ་གནང་བ་ནི་གྲོས་ཚོགས་ཀྱི་ཕྱི་ལ་བྱུང་བའི་གནས་ཚུལ་ཤིག་ཡིན་ཙང༌། དེ་གཉིས་ཐ་དད་རེད། བརྒྱུད་ལམ་ནང་གནང་བའི་བཀའ་མོལ་གྱི་ཐོག་གླེང་སློང་བྱས་པ་སྒྲིག་འགལ་གང་ཡང་མིན།
དྲི་བ། བཀའ་བློན་བཞི་ལས་མ་ཐོན་སྟབས་བཀའ་བློན་ཉུང་དྲགས་པའི་སྐུ་ངལ་གཟིགས་ཀྱི་ཨེ་ཡོད།
བཀའ་ལན། དེ་འདྲ་ཅང་མཐོང་གི་མེད། བཀའ་ཤག་སྐབས་བཅིུས་པའི་སྐབས་བཀའ་བློན་གསུམ་ལས་མེད་ཀྱང་དཀའ་ངལ་ཆེ་བ་ཅང་མ་བྱུང༌། ད་ལྟ་གནས་སྐབས་དཀའ་ངལ་ཕྲན་བུ་ཡོང་གཞི་ནི་བཀའ་བློན་གཉིས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པ་ཡིན་སྟབས་རྡ་སར་བཅའ་བཞུགས་གནང་རྒྱུ་ཕྲན་བུའི་དུས་འགྱངས་ཡོང་སྲིད་པ་རེད། སྤྱིར་བཏང་ད་རེས་བཀའ་བློན་བདུན་གྱི་མཚན་གཞུང་འབུལ་འདོད་བྱུང་ཡང༌། མཐའ་མ་མི་ལྔ་མ་གཏོགས་མ་ཐོབ་པ་དང༌། དེའི་ནང་ནས་ཀྱང་གཅིག་འོས་ཐོན་མ་བྱུང་བ་རེད། ཡིན་ནའང་བཀའ་ཤག་གི་ལས་དོན་ཐོག་མཐུད་ཤོར་འགྲོ་བའི་ཡིད་དྭོགས་གང་ཡང་མེད།
དྲི་བ། བོད་རྒྱའི་འབྲེལ་ལམ་གྱི་སྐོར་བཀའ་ཤག་སྐབས་བཅིུས་པས་ཕྱག་བསྟར་གནང་བའི་སྲིད་བྱུས་ལ་ད་རེས་གྲོས་ཚོགས་ནང་སྐྱོན་བརྫོད་ཤུགས་ཆེ་བྱུང་སོང་བ་དེ་ལ་དགོངས་ཚུལ་གང་བྱུང་ཡོད་དམ། འབྱུང་འགྱུར་སྲིད་བྱུས་དེ་ལ་འགྱུར་བ་གནང་རྒྱུའི་དགོངས་ཚུལ་ཡོད་དམ།
བཀའ་ལན། གྲོས་ཚོགས་སུ་སྐྱོན་བརྗོད་གནང་མཁན་བཀུར་འོས་སྤྱི་འཐུས་ཉུང་ཤས་ཤིག་རེད། དེ་དག་གྲོས་ཚོགས་ཀྱི་སྤྱི་འཐུས་ཡོངས་རྫོགས་སམ། མང་ཆེ་བའི་དགོངས་ཚུལ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། སྐྱོན་བརྗོད་དང་དགོངས་ཚུལ་གསུངས་པ་དེ་ཚོས་ཕན་ཐོགས་ཡོང་གི་འདུག སྐྱོན་བརྗོད་དང་ཐེར་འདོན་གནང་རྒྱུ་སྤྱི་འཐུས་རྣམ་པའི་སྐུ་དབང་དང་མཛད་འགན་རེད། དེ་ལ་བཀའ་ཤག་གི་ངོས་ནས་དངོས་དོན་ར་སྤྲོད་ཀྱི་ལན་འདེབས་གསལ་པོ་ཞུ་རྒྱུ་བཀའ་ཤག་གི་ལས་འགན་ཡིན་ཙང་གསལ་བཤད་ཞིབ་རྒྱས་རྒྱུ་མཚན་ཁུངས་ལུང་དང་བཅས་པ་ཞུས་ཡོད། བོད་རྒྱ་འབྲེལ་མོལ་གྱི་སྐོར་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་ཕྲ་མོ་ཙམ་ཡང་གཏོང་དགོས་པ་མཐོང་གི་མེད་སྟབས་གཏོང་རྩིས་མེད། སྐབས་བཅིུས་པའི་བཀའ་ཤག་གི་ནོར་འཁྲུལ་ཕྱིན་པ་ཇི་སྙེད་ཅིག་ཡོད་སྲིད་ཀྱང༌། བོད་རྒྱའི་འབྲེལ་ལམ་གྱི་སྐོར་ད་བར་ནོར་འཁྲུལ་གང་ཡང་ཕྱིན་མེད་སྙམ་པའི་གདེང་སྤོབས་བྱེད་ཀྱི་ཡོད། འོན་ཀྱང་དངོས་དོན་ཇི་ཡིན་འབྱུང་འགྱུར་བྱུང་རབས་ཀྱིས་ཐག་གཅོད་བྱེད་རྒྱུ་མ་གཏོགས། ད་ལྟའི་གནས་སྐབས་སུ་ཐག་གཅོད་བྱེད་མི་ཐུབ་པ་མ་ཟད།༼ས་ཀྱང་གང་ཟག་སོ་སོའི་བསམ་ཚུལ་ཙམ་ཞིག་རེད།
དྲི་བ། སྤྱིར་བཏང་ད་རེས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་རྣམས་ཐུགས་འདོད་ཁེངས་པ་ཞིག་བྱུང་བར་ངོས་འཛིན་གནང་གི་ཡོད་དམ།
བཀའ་ལན། དེ་རང་ངོས་འཛིན་བྱེད་ཀྱི་ཡོད། ད་རེས་ཚོགས་དུས་ཐུང་ངུ་འདིའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ྋཞབས་སོར་འཁོད་པ་མ་ཟད། ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ལ་བགྲོ་གླེང་དང༌། མཐུན་གྲོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་སྲིད་འཛིན་སོགས་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར། བཀའ་བློན་འོས་དམིགས་བཀའ་འཁྲོལ། བཀའ་ཤག་གི་གསལ་བཤད་མདོར་བསྡུས་ཐོག་བགྲོ་གླེང་ཟབ་རྒྱས། བཅའ་ཁྲིམས་བསྐྱར་བཅོས་ཀྱིས་དབུས་པའི་ཁྲིམས་བཟོའི་ལས་དོན། གལ་ཆེའི་གནས་ཚུལ་ཁག་གི་ཐོག་དྲི་བ་དྲིས་ལན་སོགས་ལས་རིམ་ཧ་ཅང་མང་པོ་ལེགས་གྲུབ་བྱུང་བ་མ་ཟད། བཀའ་བློན་གསར་པ་གསུམ་དམ་འབུལ་གྱིས་ཉིན་གསུམ་རིང་ཚོགས་བཅར་ཞུས་ཐུབ་པ་བཅས་གང་ས་ཅི་ཐད་ནས་འདོད་བློ་ཁེངས་པ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།།