ཡོ་རོབ་རྒྱལ་ཁབ་གཉིས་ནང་འཚམས་གཟིགས་གནང་བ།

༄༅། ། ཕ་རན་སིའི་ལྷོ་ཕྱོགས་གྲོང་ཁྱེར་ནི་སིས་ནང་རྟེན་གཞི་བྱས་པའི་སྐྱེ་ཁམས་དང༌། ཞི་བདེ། འཚེ་བ་མེད་པའི་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་དང༌། ཕ་རན་སི་རང་གཞུང་སྐུ་ཚབ་དོན་ཁང༌། ལོན་ཌོན་དུ་རྟེན་གཞི་བྱས་པའི་སྐྱེ་ཁམས་དང༌། རིག་གཞུང་གི་སྤྱི་ཚོགས་ཞེས་པའི་ཚོགས་པ་སོགས་ནས་མགྲོན་འབོད་གནང་བ་བཞིན་རང་གཞུང་བཀའ་བློན་ཁྲི་པ་མཆོག་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་བཞུགས་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༠ ཉིན་ཕ་རན་སིའི་ནི་སིས་གྲོང་ཁྱེར་ནང་ཕེབས་འབྱོར་གནང་སྐབས་གོང་གསལ་མགྲོན་བདག་ཚོགས་པའི་འགན་ཁུར་བ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ། རང་རིགས་བཅས་ནས་བསུ་བ་གཟབ་རྒྱས་ཞུས་ཡོད་པ་རེད། ཕྱི་ཚེས་ ༢༢ ཉིན་གོང་གསལ་ཚོགས་པས་གོ་སྒྲིག་གནང་བའི་སྣོད་བཅུད་རྟེན་འབྲེལ་དང༌། འཚེ་མེད་ཞི་བའི་ལས་འགུལ་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཞིག་སྐོང་ཚོགས་གནང་བའི་ཚོགས་ཆེན་ཐོག་ཕེབས་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཉམས་མྱོང་བརྒྱུད་རིམ་གྱི་བསླབ་བྱ་དང་འབྲེལ་བའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ལྟ་གྲུབ་དང༌། རིག་ལམ་སྐོར་གསུང་བཤད་རྒྱ་ཆེ་ཞིག་གནང་བར་ཚོགས་པའི་འགོ་ཁྲིད་ཁག་དང༌། འཐུས་མི། དོན་གཉེར་ཅན་གྱི་ཚོགས་ཞུགས་བཅས་པར་སེམས་འགུལ་ཤུགས་ཆེ་ཞིག་བྱུང་བ་བརྒྱུུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག དེ་མིན་གྲོང་ཁྱེར་ནང་བཞུགས་རིང་གསར་འགྱུར་ལས་རིགས་པ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་ཁུར་བ། བོད་མིའི་སྤྱི་ཚོགས་ལ་སྨན་པའི་རོགས་སྐྱོར་གནང་མཁན་སྤྱི་སྒེར་མི་སྣ་བཅས་དང་ཐུག་འཕྲད་གནང་སྟེ་གང་ལ་དེ་འཚམས་ཀྱི་དགོངས་འཆར་ལྷུག་གླེང་གནང་སྟེ་ཕྱི་ཚེས་ ༢༣ ཉིན་རྒྱལ་ས་པེ་རི་སིར་ཕེབས་འབྱོར་གནང་བ་རེད།

ཕྱི་ཚེས་ ༢༣ ཉིན་བཀའ་བློན་ཁྲི་པ་མཆོག་པེ་རི་སིར་ཕེབས་འབྱོར་གནང་འཕྲལ་རང་གཞུང་སྐུ་ཚབ་དོན་ཁང་དུ་ཕ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དགུ་བཅུ་ཙམ་ཡོད་པའི་ཚོགས་པ་ཆེ་ཁག་གི་འགན་ཁུར་བ་མི་གྲངས་ ༢༢ བཀའ་ཁྲི་མཆོག་གི་མཇལ་ཁར་བཅར་ནས་ད་རེས་བཙན་བྱོལ་བོད་མིའི་ཆབ་སྲིད་དབུ་ཁྲིད་བཀའ་བློན་ཁྲི་པ་མཆོག་རྒྱལ་ཁབ་ནང་ཕེབས་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རང་རྒྱལ་ཁབ་ཀྱི་མང་གཙོའི་རང་དབང་དང༌། འབྱོར་ལྡན་རྒྱལ་ཁབ་ཀྱི་གནས་བབ་བཟང་པོར་ལོངས་སྤྱད་དེ་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བྱམས་བརྩེ་གཞན་ཕན་དང༌། འཚེ་མེད་ཞི་བའི་རླབས་ཆེན་དགོངས་པ་དང༌། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆབ་སྲིད་ལས་འགུལ། གཞིས་བྱེས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། མི་མང་གི་བདེ་དོན་བཅས་པར་ལྷག་བསམ་ཟོལ་མེད་དང༌། གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་གནང་དང་གནང་འགྱུར་གྱི་གནས་ཚུལ་སྙན་གསན་ཞུས་པར་བཀའ་ཁྲི་མཆོག་གིས་ཁོང་ཚོར་སྙིང་སྟོབས་འཕེལ་བའི་བསྔགས་བརྗོད། ལྷག་པར་རང་གཞུང་ནས་བོད་ཀྱི་དཀའ་རྙོག་གང་མྱུར་ཐག་གཅོད་ཡོང་ཆེད་རྒྱ་ནག་གཞུང་དང་དངོས་གཞིའི་གྲོས་མོལ་འགོ་འཛུགས་ཡོང་ཐབས་གནང་བཞིན་པའི་གནས་ཚུལ་དང༌། རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་བྱུང་ཚེ་རིང་མིན་སྐུ་ཚབ་ཐེངས་གསུམ་པ་གཏོང་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པའི་གནས་ཚུལ་སོགས་ཆབ་སྲིད་སྐོར་དང༌། ཡང་རང་གཞུང་ནས་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་འདུས་སྡོད་ཁག་གི་ད་ཡོད་བོད་སྤྱི་པའི་སྒྲིག་འཛུགས་དང༌། བོད་མིའི་སྤྱི་ཚོགས་ཕྱོགས་ཡོངས་ནས་འཚོ་ཞིང་རྒྱུན་གནས་ཡོང་ཐབས་ཀྱི་ལྟ་གྲུབ་དང༌། རིག་ལམ། བྱེད་སྒོའི་ལམ་སྟོན་རབས་དང་རིམ་པ་གཏན་འབེབས་གནང་སྟེ་ལག་བསྟར་གྱི་བརྒྱུད་རིམ་ནང་གནས་བཞིན་ཡོད་པའི་གནད་དོན་སོགས་གང་ལ་དེ་འཚམས་ཀྱི་གནས་ཚུལ་ངོ་སྤྲོད་གནང་སྟེ་རྒྱབ་སྐྱོར་གྱི་སྐུལ་ལྕག་ཞུ་སྒོ་ཁག་འཐུས་ནན་གནང་བར་ཁོང་ཚོར་སེམས་འགུལ་ཆེན་པོ་ཞིག་ཐེབས་འདུག ཕྱེད་ཡོལ་བཀའ་ཁྲི་མཆོག་རིག་པ་ཆོས་ཚོགས་སུ་མགྲོན་འབོད་ཞུས་ནས་རྒྱལ་སའི་མངའ་ཁུལ་རང་རིགས་མི་གྲངས་ ༡༢༠ ཙམ་དང་ཐུག་འཕྲད་གནང་སྟེ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་དབུ་ཁྲིད་འོག་བོད་རིགས་སྤྱི་མཐུན་ཚོགས་པས་འགན་ཁུར་ཏེ་རང་རིགས་བོད་མི་རྣམས་འཛམ་གླིང་གི་ས་ཁུལ་གང་དུ་གནས་ཀྱང་རང་གི་མི་རིགས་ཀྱི་སྤྱི་པའི་རྩ་དོན་ཆེད་ཆབ་སྲིད་ལས་འགུལ་དང༌། ཆོས་དང་རིག་གཞུང༌། མི་རིགས་ཀྱི་ཕུལ་བྱུང་གོམས་སྲོལ་བཟང་པོ་མི་ཉམས་སྲུང་སྐྱོབ་བྱེད་རྒྱུར་འབད་འཐབ་བྱེད་བཞིན་པའི་བདེ་སྡུག་གནས་ཚུལ་སོགས་སྙན་གསན་ཞུས་པ་གསན་བཞེས་གནང་བ་དང༌། ཡང་བཀའ་ཁྲི་མཆོག་གིས་རང་གཞུང་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་རང་རིགས་མི་མང་ལ་བཅངས་པའི་མཛའ་བརྩེ་དང་རེ་འདུན་ཁག་གསལ་བཤད། ལྷག་པར་བོད་མི་རྣམས་ནས་གཙོ་བོ་ལས་འབྲས་དཔང་པོར་བཞག་པའི་སྒོ་ནས་རང་མི་རིགས་ཀྱི་ཕུལ་བྱུང་རིན་ཐང་འདུ་ཤེས་དམ་འཛིན་བྱས་པའི་རྨང་གཞིའི་ཐོག་ཆོས་དང་རིག་གཞུང་སྲུང་སྐྱོབ་དང༌། ན་གཞོན་གྱི་ཕྱི་ནང་སློབ་གསོ་རྒྱུན་འཛིན། ལྷག་པར་འདི་ལོ་སྤྲེལ་ལོ་སྤྲེལ་ཟླའི་དུས་ཚིགས་དང་སྟབས་བསྟུན་བཀའ་ཤག་ནས་དེ་སྔ་བཀོད་ཁྱབ་གནང་བའི་བསྟན་སྲིད་སྐུ་ཕྱྭའི་ཞབས་རིམ་དང༌། སྤྱི་མཐུན་རྣམ་དཀར་བསོད་ནམས་གསོག་ཐབས་ཀྱི་དུས་ཚོད་དང་ཞབས་རིམ་རེའུ་མིག་ནང་གསལ་དུས་ཐོག་སྨིན་སྒྲུབ་དགོས་རྒྱུར་འགན་ཁུར་རྐང་ལེན་དགོས་སྐོར་སོགས་མ་ཚང་བ་མེད་པའི་གསུང་བཤད་གནང་ཡོད་པ་རེད། ཡང་རྒྱས་ས་པེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་གཞུང་ལས་ཁང་གི་རྒྱལ་སྤྱིའི་འབྲེལ་བའི་ལས་དོན་གྱི་འགན་འཛིན་སྐུ་ཞབས་ཤ་ཕི་རའོ་འཚམས་ཞུར་བཅར་ནས་བཀའ་ཁྲི་མཆོག་རྒྱལ་སར་ཕེབས་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་དང༌། སྤྱི་ཁྱབ་ལས་ཁུངས་ནས་བོད་དང་བོད་མིའི་རང་དབང་འཐབ་རྩོད་དང༌། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཐུགས་སྣང་ཆེན་པོས་རྒྱབ་སྐྱོར་གནང་བའི་གནས་ཚུལ་ངོ་སྤྲོད་ཞུས། བཀའ་ཁྲི་མཆོག་ནས་ཀྱང་ཐུགས་རྗེ་ཆེ་ཞུའི་གུས་ལན་བཅས་མཇལ་མོལ་ནང་ལྷུག་བྱུང་འདུག གཞན་ཡང་དེ་ཉིན་གློག་བརྙན་བཟོ་སྒྲིག་པ་དང༌། སྒྱུ་རྩལ་མི་སྣ། གསར་འགོད་པ་སོགས་མི་སྒེར་ཁག་གཅིག་ལའང་ཐུག་འཕྲད་གནང་འདུག

ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་རྒྱལ་ས་པེ་རི་སིའི་ནང་བཅའ་ཞུགས་རང་གཞུང་སྐུ་ཚབ་དོན་གཅོད་བཀྲིན་ཕུན་ཚོགས་ལགས་ནས་ཕེབས་རོགས་ཞུས་ཏེ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་ལ་གཟིགས་སྐོར་དང་འབྲེལ་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་སྙན་ཞུ་གསན་བཞེས། དོན་ཁང་འགོ་ལས་དང༌། དང་བླངས་ལས་བྱེད་བཅས་པར་རང་གཞུང་གི་འཚམས་འདྲི་དང་འབྲེལ་རང་གཞུང་གི་ཕྱི་དྲིལ་ལས་དོན་གྱི་མཛད་ཕྱོགས་བཀོད་སྒྲིག་དང༌། ལམ་སྟོན་གནང་འོས་དམ་ནན་གནང་ཡོད་པ་རེད། དེ་རྗེས་ཡང་དོན་ཁང་དུ་རྒྱ་ནག་གི་རང་དབང་དང་མང་གཙོ་དོན་གཉེར་མཁན་གྱི་རྒྱ་མི་རིགས་ཤེས་ཡོན་ཅན་སྐུ་ཞབས་ཁྲེན་ལེའུ་ཆན་དང༌། ཚའོ་ཁྲུན་གོ ཤན་ཧཱ་ཧཕང༌། ཕ་རན་སིའི་རྒྱ་ནག་གི་གནད་དོན་གྱི་མཁས་དབང་མཱ་རིས་ཧོ་ཛི་མན་བཅས་དང་ཐུག་འཕྲད་གནང་སྟེ་ཁོང་རྣམས་ཀྱིས་རྒྱ་ནག་གི་དུས་བབ་དང༌། ལྷག་པར་རྒྱ་ནག་ལ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུལ་གྱི་ལོ་ཉི་ཤུ་ལྷག་ཙམ་ནང་བཟང་ཞན་གྱི་འཕོ་འགྱུར་ཆེན་པོ་བྱུང་བའི་གནས་ཚུལ་ངོ་སྤྲོད་གནང་བ་གསན་བཞེས། བོད་རྒྱ་མི་རིགས་བར་འབྲེལ་ལམ་གོང་མཐོར་བཏང་ནས་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་དང༌། དེ་བཞིན་ཕྱི་ཚེས་ ༢༣ ཉིན་བཏོན་པའི་རྒྱ་དམར་གྱི་རྒྱབ་ཤ་དཀར་པོའི་དེབ་སོགས་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་བརྗེ་ལེན་གནང༌། བཀའ་ཁྲི་མཆོག་གིས་རང་གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་དགོངས་པ་ལྟར་བོད་གཞུང་མང་ནས་རྒྱ་གཞུང་ལ་འཛིན་པའི་མཛད་ཕྱོགས་སྤྱི་དང༌། ལྷག་པར་གྲོས་མོལ་གྱི་སྐོར་ཕྱི་གསལ་ནང་གསལ་དང༌། ཁོར་ཡུག་བཟང་པོ་ཞིག་སྐྲུན་བཞིན་པའི་སྐོར་སོགས་ངོ་སྤྲོད་འཐུས་ནན་གནང་བར་སེམས་འགུལ་ཆེན་པོ་ཞིག་ཐེབས་ཐུབ་པ་བྱུང་འདུག ཉིན་རྒྱབ་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་ CSPT ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇན་པོལ་རི་སྦི་དང་མཇལ་མོལ་དང༌། དེ་རྗེས་ཕ་རན་སི་ཕྱི་འབྲེལ་ལས་ཁུངས་ཀྱི་ཤར་ཕྱོགས་སྡེ་ཚན་གྱི་འགན་ཁུར་བ་སྐུ་ཞབས་ Aben Saur དང་སྐུ་ཞབས་ Consolo རྣམ་གཉིས་ནས་མགྲོན་འབོད་གནང་སྟེ་དགའ་བསུའི་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་གནང་བའི་ཐོག་དུས་ཡུན་ཚོུད་གཉིས་ཙམ་རིང་ཁོང་གཉིས་དང་མཇལ་མོལ་གནང་རིང་ཕ་རན་སིས་ཡོངས་བསྒྲགས་མ་ཡིན་པའི་གཞུང་གི་མཛད་ཕྱོགས་ལྟར་ད་ཕན་རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་དང་གྲོས་མོལ་རིམ་པའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་དད་རང་དབང་སྲུང་སྐྱོབ་སྐོར། ལྷག་པར་རྒྱ་ནག་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གྲོས་མོལ་འགོ་འཛུགས་དགོས་པའི་སྐུལ་ལྕག་ཞུ་སྒོ་ཁག་སྔ་ཕྱི་རིམ་པར་གནང་བའི་གནས་ཚུལ། དེ་བཞིན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་དུའང་རྒྱབ་སྐྱོར་གནང་བཞིན་པའི་བཞེངས་ཕྱོགས་སོགས་སྐབས་འཕྲལ་གནས་ཚུལ་ཡོངས་བསྒྲགས་གནང་མིན་ལ་མ་ལྟོས་པར་རྒྱབ་སྐྱོར་གྱི་ཁྱབ་ཁོངས་ཁག་ནང་རྒྱབ་སྐྱོར་སྔར་ལྷག་གནང་དང་གནང་རྒྱུའི་ཞལ་བཞེས་བཅས་གནང་བར་བཀའ་ཁྲི་མཆོག་གིས་གུས་ལན་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད།

ཕྱི་དྲོ་ཚོུད་ ༥ པའི་ཐོག་ཕ་རན་སིའི་ནང་བོད་ཀྱི་ཆོས་རིག་ལ་བརྟེན་ནས་བསྟན་འགྲོའི་དོན་ཆེན་གྱི་མཛད་ཁུར་བཞེས་བཞིན་པའི་རིས་མེད་བོད་ཀྱི་ཆོས་ཚོགས་ཁག་གི་སྐུ་ཚབ་དྭགས་པོ་རིན་པོ་ཆེ་འཇམ་དཔལ་བྱམས་པ་རྒྱ་མཚོ་དང༌། རྨོག་ལྕོག་རིན་པོ་ཆེ། དགེ་བཤེས་དངོས་གྲུབ་ཚེ་རིང༌། བླ་མ་བསོད་ནམས། བླ་མ་ནོར་བུ་སོགས་བཀའ་ཁྲི་མཆོག་མཇལ་འཕྲད་དུ་ཕེབས་ནས་བཀའ་ཁྲི་མཆོག་གིས་རང་གཞུང་བཀའ་ཤག་གི་མཛད་ཁུར་བཞེས་ཏེ་ཕ་རན་སིར་ཐེངས་དང་པོ་ཕེབས་པར་བཀྲིས་བེད་ལེགས་ཞུས་གནང་བ་དང༌། གསོལ་ཇའི་སྣེ་ལེན་གཟབ་རྒྱས་ཞུས། ཆོས་ཚོགས་ཁག་གི་འགན་ཁུར་སྐུ་ཚབ་རྣམས་ནས་ཕ་རན་སིའི་ཡུལ་གྱི་མི་མང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་ཤུགས་ཆེ་ཞུ་བའི་མཐོ་རླབས་ཆེན་པོ་ཞིག་འཕེལ་རྒྱས་འགྲོ་བ་དང༌། དེ་དག་གི་ཐུགས་རྗེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་དགའ་གུས་ཚད་མེད་ཞུ་བཞིན་པའི་རྣམ་པ་བཟང་པོའི་གནས་ཚུལ་ངོ་སྤྲོད་གནང་བར་བཀའ་ཁྲི་མཆོག་དགྱེས་མཉེས་ཆེན་པོ་བྱུང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་ནས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པས་གཙོ་བོ་གནང་བའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་དང༌། ཆོས་བྱེད་གྲྭ་བཙུན་སོགས་ཕྱོགས་ཡོངས་ནས་ཐུགས་ཁུར་ཆེན་པོ་སྐྱེས་ཏེ་འབད་བརྩོན་བྱས་པར་གངས་ལྗོངས་ཕྱི་རོལ་དུ་བོད་ཀྱི་བསྟན་པ་དང༌། ཆོས་དང་རིག་གཞུང་གི་མངའ་ཐང་གོང་འཕེལ་ཀུན་གྱིས་ཡིད་དབང་འཕྲོག་པའི་གྲུབ་འབྲས་ཆེན་པོ་ཡོང་བཞིན་ཡོད་པར་བཀྲིན་རྗེས་དྲན་གནང་ཡོད་པ་དང༌། ཡང་དེང་རབས་དུས་རབས་གསར་པའི་འཕེལ་རྒྱས་ཁྲོད་དགེ་འདུན་སྡེ་དང༌། ཆོས་བྱེད་མི་སྣའི་ནང་འདོད་ཡོན་དང་འདུ་འཛིའི་རྣམ་གཡེང་དབང་གིས་ཆོས་དང་ཆོས་བྱེད་མི་སྣའི་གཟུགས་བརྙན་བཟང་པོར་མཐོང་ཚུལ་ངན་པ་ཡོང་བའི་ལྷགས་པའི་གནད་དོན་དང༌། བསྟན་ལ་མ་རྟོགས་པ་དང་ལོག་པར་རྟོགས་པའི་དབང་གིས་བྱུང་བའི་དཀའ་ངལ། དེ་བཞིན་དོལ་རྒྱལ་རྗེས་འབྲངས་པ་ཆེས་ཉུང་ཤས་ནས་བཟོ་བཞིན་པའི་དཀའ་རྙོག་སོགས་ལ་གདོང་ལེན་ཞུ་ཐབས་བཅས་མདོར་ན་ཆོས་ཀྱི་རྗེས་འབྲངས་པ་རྣམས་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་མི་སྣ་གསོ་སྐྱོང་དང༌། བསྟན་པ་ཕྱི་གཙང་ནང་གཙང་འཛིན་སྐྱོང་སྤེལ་གསུམ་ཞུ་ཐབས་སུ་ཐུགས་ཁུར་སྔར་ལྷག་བསྐྱེད་ཐབས་ཀྱི་གཞེན་སྐུལ་གནང་ཡོད། གཞན་ཡང་སྔ་ལོ་ཨ་རིའི་ནང་སྐོང་ཚོགས་གནང་བ་བཞིན་འབྱུང་འགྱུར་ཡོ་རོབ་ནང་བོད་ཀྱི་ཆོས་བརྒྱུད་ཁག་མཉམ་འབྲེལ་གྱི་ལྷན་ཚོགས་ཤིག་སྐོང་ཚོགས་ཐུབ་ན་སྤྱིའི་སྒྲིག་འཛུགས་ཡར་རྒྱས་དང༌། ཕན་ཚུན་མཛའ་འབྲེལ་གོང་སྤེལ། ཉམས་མྱོང་ལེགས་ཆ་སྤེལ་རྒྱུ་སོགས་ལ་དགེ་ཕན་ཆེན་པོ་ཡོང་རྒྱུ་བཅས་ཀྱི་རང་གཞུང་གི་མཛད་ཕྱོགས་དང༌། ཐུགས་འདུན་བཟང་པོ་རྣམས་ངོ་སྤྲོད་གནང་ཡོད་པ་རེད། དགོང་དྲོ་ཕ་རན་སི་བོད་རིགས་མཐུན་ཚོགས་ནས་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་ཏེ་སྣེ་ལེན་གཟབ་རྒྱས་ཞུས།

ཕྱི་ཚེས་ ༢༥ ཉིན་སྔ་དྲོ་གསར་འགོད་པ་དང༌། རྩོམ་སྒྲིག་པ་སོགས་མི་སྣ་གྲགས་ཅན་ཁག་ཅིག་དང་མཇལ་མོལ་གནང་བ་དང༌། དེ་རྗེས་ཕ་རན་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ལཱི་ནོ་ལོ་ཀཱ་མཆོག་གིས་མགྲོན་འབོད་གནང་བ་ལྟར་སྐུ་ཚབ་དོན་གཅོད་ནས་ཕེབས་རོགས་ཞུས་ཏེ་གྲོས་ཚོགས་འོག་མར་ཕེབས་ནས་ཚོགས་གཙོ་མཆོག་དང༌། སྲིད་དོན་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་མི་གནད་ཡོད་ཉི་ཤུ་དང་མཇལ་འཕྲད་གནང་སྟེ་ཕ་རན་སི་གྲོས་ཚོགས་གོང་འོག་ནས་ད་ཕན་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བའི་གནས་ཚུལ་ཁག་ངོ་སྤྲོད་གནང་བ་གསན་བཞེས། ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་གཞུང་གིས་ཕ་རན་སི་རྒྱལ་སའི་ནང་རྒྱ་ནག་གི་རིག་གཞུང་འགྲེམས་སྟོན་དང་དྲིལ་བསྒྲགས་ལོ་སྲུང་བརྩི་ཞུས་ཡོད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང༌། ལོ་རྒྱུས་དོན་དངོས་ལས་ལྡོག་པའི་རྫུན་གཏམ་འཁྱོག་བཤད་ཆེན་པོ་བྱས་ཡོད་པར་དམིགས་ནས་ཕ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་ཕ་རན་སིའི་རྒྱལ་ཡོངས་ནང་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་གྱི་ལོར་སྲུང་རྩི་ཞུ་རྒྱུའི་གཏན་འབེབས་བྱས་ཏེ་ལོ་འཁོར་ལས་འགུལ་འཆར་འགོད་ཁག་ངོ་སྤྲོད་གནང་ནས་དེ་ཉིན་ཡོངས་བསྒྲགས་ཀྱི་ཐོག་མའི་གྲ་སྒྲིག་ལས་དོན་དབུ་འཛུགས་གནང་ཡོད་པ་ནི་ཕ་རན་སི་གྲོས་ཚོགས་དང་མི་མང་ནས་བོད་དང་བོད་མིར་བཅངས་པའི་བདེན་རྒྱབ་དང་བརྩེ་སེམས་བཟང་པོ་ཡོད་པ་གསལ་བར་མཚོན་ཡོད་པ་རེད། དེ་རྗེས་བཀའ་ཁྲི་མཆོག་དང༌། ཚོགས་གཙོ་ལོ་ཀཱ་རྣམ་གཉིས་ནས་གསར་འགོད་པར་མཇལ་འཕྲད་གནང་སྟེ་དྲི་བར་བཀའ་ལན། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉིན་གུང་གསོལ་སྟོན་བཤམས་ཏེ་སྣེ་ལེན་གཟབ་རྒྱས་བཅས་མཛད་དོན་ཁག་དོན་སྨིན་རྒྱ་ཆེ་བྱུང༌། ཕྱི་དྲོ་གྲོས་ཚོགས་འོག་མའི་གྲགས་ཅན་ཚོགས་ཁང་ཞིག་ཏུ་ཕ་རན་སིའི་ཆབ་སྲིད་མི་སྣ་དང༌། གྲོས་མཐུས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ། རིག་གནས་ལས་དོན་པ། གསར་འགོད་པ། ཆོས་ལུགས་མི་སྣ། རང་རིགས་མི་མང་བཅས་ཁྱོན་མི་གྲངས་ ༢༠༠ བརྒལ་བར་རང་གཞུང་ནས་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་ལམ་སྲོལ་གཏོད་ནས་ཆབ་སྲིད་ཐད་གཡོ་སྒྱུ་ངོ་ལྐོག་མེད་པ་དང༌། དཔལ་འབྱོར་རང་འགོ་རང་ཐོན། ཤེས་ཡོན་གཞན་ཕན་ལྷག་བསམ་གྱིས་རྩིས་ཟིན་པ། རྒྱལ་བསྟན་ཕྱི་གཙང་ནང་གཙང༌། འཛིན་སྐྱོང་སྒྲིག་སྲོལ་ལྡན་པ་སོགས་གཞུང་གི་ཆབ་སྲིད་དང༌། དཔལ་འབྱོར། འཛིན་སྐྱོང༌། ཆོས་རིག མི་མང་གི་བདེ་དོན་སོགས་ཁྱོན་ཡོངས་ཀྱི་མཛད་ཁུར་གྱི་ལྟ་གྲུབ་དང༌། རིག་ལམ། བྱེད་སྒོའི་ལམ་སྟོན་བཅས་པ་ཕྱི་གསལ་ནང་གསལ་གྱིས་རྒྱས་གླེང༌། དེ་བཞིན་རང་རིགས་ཁག་ལ་བསྟན་སྲིད་སྐུ་ཕྱྭའི་ཞབས་རིམ་དང༌། དཔྱ་ཁྲལ་གྱི་ཁྲིམས་སྲོལ་ལེགས་བཅོས་དང་འབུལ་བབ་ཚུལ་མཐུན་འདུ་འགོད་སོགས་ཀྱི་ཐད་དམིགས་བསལ་གཞེན་སྐུལ་བཅས་ཀྱི་གསུང་བཤད་གནང་བ་ཧ་ཅང་གནད་སྨིན་ཆེན་པོ་བྱུང་འདུག

ཕྱིེ་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཕ་རན་སིའི་གནང་སྒོ་ཁག་ཕུན་སུམ་ཚོགས་པོའི་ངང་ཟིན་ཏེ་མེ་འཁོར་བརྒྱུད་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཕེབས་ཐོན་གནང་བ་དང༌། ལོན་ཌོན་དུ་ཕེབས་འབྱོར་སྐབས་དོན་ཁང་ལས་བྱེད་དང༌། བོད་རིགས་སྤྱི་མཐུན་ཚོགས་པ། མགྲོན་བདག་བཅས་ནས་བསུ་བ་གཟབ་རྒྱས་ཞུས་ཡོད་པ་རེད། ཕྱི་ཚེས་ ༢༦ ནས་ཉིན་གསུམ་བཞུགས་རིང་ལོན་ཌོན་དུ་རྟེན་གཞི་བྱས་པའི་སྐྱེ་ཁམས་དང༌། རིག་གཞུང་གི་སྤྱི་ཚོགས་ཞེས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་པའི་ཚོགས་ཆེན་ཐོག་མགྲོན་འབོད་གནང་སྟེ་ཚོགས་པའི་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་ནས་དགོངས་འཆར་བརྗེ་ལེན་དང༌། ཚོགས་ཆེན་ཐོག་སྣོད་བཅུད་རྟེན་འབྲེལ་རིག་པའི་སྐོར་གྱི་གསུང་བཤད་རྒྱ་ཆེ་གནང་བར་ཚོགས་ཞུགས་རྣམས་ནས་དམིགས་བསལ་དགའ་བསུ་ཆེན་པོ་ཞུས་ཡོད་པ་རེད། ཡང་དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་དང༌། ཕྱོགས་མཐའ་ཁག་ནས་འབྱོར་བའི་རང་རིགས་མི་མང་ལ་གོང་ལྟར་གསུང་བཤད། གཞན་ཡང་དེ་མིན་མཛད་དོན་གནང་སྒོ་འགའ་ཞིག་དུས་ཐོག་བསྒྲུབས་པ་བཅས་རྒྱལ་ཁབ་གཉིས་ཀྱི་མཛད་འཆར་ཁག་སྔོན་དཔག་ལས་བརྒལ་བའི་ཕུན་སུམ་ཚོགས་པོའི་ལེགས་གྲུབ་བྱུང་སྟེ་ཕྱི་ཚེས་ ༣༠ ཉིན་དབྱིན་ཡུལ་ནས་རྒྱ་གར་དུ་ཕྱིར་ལོག་གནང་བ་དང༌། ཕྱི་ཟླ་ ༦ ཚེས་ ༡ ཉིན་བཞུགས་རྡ་སར་ཕྱིར་ཕེབས་གྲུབ་པ་བཅས།