ཡོ་རོབ་རྒྱལ་ཁབ་གསུམ་ནང་འཚམས་གཟིགས་ཕེབས་པ།

༄༅། ། འཇར་མན་ཧི་སིན་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་དང༌། ཧང་གྷ་རི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གསུམ། ཁཱོ་ཤི་ཡ་ཞི་བའི་སྤྱི་ཚོགས་ཀྱི་ཞི་བདེའི་ལས་འགུལ་ཚོགས་པ། འབྲེལ་ཡོད་རང་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁུངས་སོགས་ནས་མགྲོན་འབོད་གནང་བ་བཞིན་བཀའ་བློན་ཁྲི་པ་མཆོག་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ་དིལླི་ནས་མཁའ་ལམ་ཐོག་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཚོུད་ ༡༡། ༣༠ ཐོག་འཇར་མན་གྱི་ཧི་སིན་མངའ་སྡེའི་ཝི་སི་བྷ་ཌན་གནམ་ཐང་དུ་ཕེབས་སྐབས་མངའ་སྡེའི་སྲིད་སྐྱོང་ལས་ཁུངས་ཀྱི་སྐུ་ཚབ་ལྕམ་Weib Etiquette དང༌། སོག་པོའི་ཁེ་སྐྱོང་གཞུང་ཚབ་སྐུ་ཞབས་Dirk Rfeil ལྷག་བསམ་དཀར་བའི་བོད་གྲོགས་རྙིང་པ་སྐུ་ཞབས་ Bruckner སོགས་ནས་བསུ་བ་ཟབ་རྒྱས་གནང་སྟེ་སྐུ་ཞབས་བྷོར་ཁ་ཎར་གྱི་གཟིམ་ཤག་ཏུ་ཕེབས། དེ་རྗེས་མགྲོན་བདག་ནས་དགའ་བསུའི་ཉིན་དགུང་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་པའི་ཐོག་མངའ་སྡེའི་དྲུང་ཆེ་དང༌། སྲིད་གཞུང་གི་མགྲིན་ཚབ་ཟུར་པ་སྐུ་ཞབས་ Friedhelm Ost ྋགོང་ས་ྋསྐྱབས་མགོན་ཆེན་པོར་དད་འདུན་ཆེ་ཞིང་བོད་གྲོགས་རྙིང་པ་འཇར་མན་དབུས་གཞུང་བློན་ཆེན་ཟུར་པ་ཁཔྱ་ Schevarz Schilling མངའ་སྡེར་བཅའ་བཞུགས་ཕྱི་སོག་གི་ཁེ་སྐྱོང་གཞུང་ཚབ་སྐུ་ཞབས་ Dirk Rfeil སོགས་དང་ད་ཡོད་བོད་ཀྱི་དུས་བབ་དང༌། བོད་རྒྱའི་འབྲེལ་བའི་འཕེལ་རིམ་སོགས་ཚུད་པའི་བོད་དོན་རྒྱབ་སྐྱོར་ཞུ་སྒོའི་སྐོར་གཞི་རྒྱ་ཆེ་བའི་དགོངས་འཆར་བརྗེ་ལེན་གནང༌། དེ་རྗེས་ཕྱི་ལོ་ ༡༩༣༨ ལོར་བོད་གངས་ཅན་ལྗོངས་སུ་ཕེབས་མྱོང་བའི་འཇར་མན་མི་རིགས་ ཁཔྱ་ ྔཏྲདཎཐྟཔྱ གྱི་ཕྱག་རོགས་དགུང་གྲངས་ ༩༢ ལ་ཕེབས་པ་ Dr. Bruno Beger དགུང་ན་ཧ་ཅང་སྨིན་པའི་སྐུ་ངལ་ལ་མ་ལྟོས་པར་བཀའ་ཁྲི་མཆོག་མཇལ་འཕྲད་དུ་བཅར་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་ཏེ་བགྲེས་སོང་ཁོང་གིས་བོད་དང་བོད་མིའི་དྲང་བདེན་འཐབ་རྩོད་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་མཚོན་པར་གནང་ཡོད་པ་དང༌། ཁོང་གིས་བོད་སྐོར་ཕྱག་དེབ་ཅིག་རྩོམ་སྒྲིག་གནང་སྟེ་དེ་སྔ་པར་སྐྲུན་གྱིས་འགྲེམས་སྤེལ་གནང་ནས་བོད་སྐོར་དྲིལ་བསྒྲགས་ཆེན་པོ་བྱུང་འདུག

ཕྱི་ཚེས་ ༢༥ ཉིན་ཝི་སི་བྷ་ཌན་ནས་ཕ་རན་ཕོར་ཊི་གྲོང་ཁྱེར་དུ་ཕེབས་ཏེ་ Goeth གཙུག་ལག་སློབ་གྲྭ་ཆེན་མོས་ཆོས་དང་རིག་གཞུང་ལ་བརྟེན་ནས་འཇིག་རྟེན་ལ་སྲི་ཞུ་སྒྲུབ་ཐབས་ ཞེས་པའི་བརྗོད་གཞིའི་ཞིབ་གྲོས་གལ་ཆེ་ཞིག་གནང་བའི་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་གནང་སྟེ་གཙོ་བོ་སྦྱིན་པའི་དངོས་ཕན་ ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གསུང་བཤད་གནང་བར་ཁུལ་དེའི་དོན་གཉེར་ཅན་གྱི་ཚོགས་ཞུགས་མི་གྲངས་ ༧༠ བརྒལ་བས་དམིགས་བསལ་དགའ་བསུ་ཤུགས་ཆེ་ཞུས། ཉིན་རྒྱབ་སི་ཊི་ཇོན་སི་ཞུ་བའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ལ་གུས་བརྩི་ཆེ་མཐོང་མཚོན་སླད་བརྗིད་ཆགས་ཡིད་འོང་གི་གནའ་བོའི་རིག་གཞུང་གི་ཚོམས་ཆེན་ཞིག་ཏུ་མགྲོན་འབོད་གནང་སྟེ་སྣེ་ལེན་དང༌། ཕྱི་ནང་བཀོད་པའི་དོན་སྙིང་ངོ་སྤྲོད་ཞུས་ཏེ་གུས་བརྩི་མཚོན་པར་ཞུས་འདུག

ཕྱི་ཚེས་ ༢༦ ཉིན་ཐོ་རངས་ཚོུད་ ༣། ༣༠ ཐོག་ཕ་རན་ཕོར་ཊི་ནས་ཕེབས་ཐོན་གནང་སྟེ་སྔ་དྲོའི་ཚོུད་ ༨། ༣༠ འཇར་མན་རྒྱལ་ས་སྦར་ལིན་དུ་ཕེབས་འབྱོར་གནང་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མན་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ལྕམ་ Gudrun Henne དང༌། སུད་སི་རང་གཞུང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་སོགས་ནས་བསུ་བ་ཟབ་རྒྱས་ཞུས་ཏེ་བོད་དང་བོད་མིའི་རྩ་དོན་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་འཇར་མན་ཕི་ཊིཀ་ནོ་མན་ཐེབས་རྩ་ཁང་གི་གཞུང་ལས་ཁང་དུ་ཕེབས། ཐེབས་རྩ་ལས་ཁང་གི་འགན་འཛིན་སྐུ་ཞབས་ Otto Graf Von Lambsdarff དབུས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཞི་བཅས་ནས་སྣེ་ལེན་ཟབ་རྒྱས་གནང་སྟེ་བཀའ་ཁྲི་མཆོག་རྒྱལ་ཁབ་ནང་འཚམས་འདྲིར་ཕེབས་པར་བཀྲིས་བདེ་ལེགས་ཞུས། དེ་རྗེས་ཚོགས་པའི་དབུ་ཁྲིད་རྣམས་དང་གཙོ་བོ་ཆབ་སྲིད་སྣེ་མང་ཅན་དང༌། དཔལ་འབྱོར་གོ་ལ་ཅན་གྱི་རྒྱལ་སྤྱིའི་འཕོ་འགྱུར་སྐོར་དང༌། བར་སྐབས་བོད་ནང་གི་དུས་བབ་སྐོར། རྒྱ་ནག་ཏུ་ཕེབས་པའི་སྐུ་ཚབ་ཐེངས་གསུམ་པའི་གཟིགས་སྐོར་གྱི་གྲུབ་འབྲས་གཙོ་བོར་གྱུར་པའི་བོད་རྒྱའི་འབྲེལ་བའི་འཕེལ་རིམ་སྐོར། བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༠༧ བར་གྱི་ལོ་གསུམ་གཅིག་བསྡུས་གོང་འཕེལ་གྱི་འཆར་གཞིའི་སྐོར། ཅི་སྟེ་བོད་རྒྱ་ཞི་མོལ་ཐད་གྲུབ་འབྲས་མ་ཐོན་ཚེ་འབྱུང་འགྱུར་བོད་མི་རིགས་འཚོ་ཞིང་རྒྱུན་གནས་ཡོང་བའི་མཛད་ཕྱོགས་སྐོར་བཅས་པར་གཞི་རྒྱ་ཆེ་བའི་ཞིབ་བསྡུར་གྱི་དགོངས་འཆར་བརྗེ་ལེན་རྒྱ་ཆེ་གནང་བ་དང༌། ཕི་ཊིཀ་ནོ་མན་ཐེབས་རྩ་ཁང་གིས་སྔར་སོང་རྒྱུན་མཐུད་ཐོག་བོད་དང་བོད་མིའི་ལས་དབང་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཐོབ་པ་བཅས་ཞིབ་བསྡུར་གྲུབ་འབྲས་ལྡན་པ་བྱུང༌། བཀའ་ཁྲི་མཆོག་གི་ཕྱག་རོགས་སུ་སྐུ་ཞབས་བྷོར་ཁ་ཎར་དང༌། རང་གཞུང་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་བཅས་ལྷན་བཅར་ཞུས་ཡོད་པ་རེད། དེ་རྗེས་སྦར་ལིན་དུ་བཅའ་བཞུགས་ཧི་སིན་མངའ་སྡེའི་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང༌། ཕྱི་འབྲེལ་ལས་དོན་ཐད་ཀྱི་སྐུ་ཚབ་ Dr. Ulrich Schlie དང་མཇལ་མོལ་གནང་ཞིང༌། ཁོང་གིས་བོད་ཀྱི་དུས་བབ་སྐོར་དང༌། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་བོད་དོན་ཐད་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞུ་སྒོའི་སྐོར་བཀའ་འདྲི་གནང་བར་བཀའ་ཁྲི་མཆོག་གིས་ཡོ་རོབ་སྤྱི་མཐུན་སྤྱི་ཁྱབ་ལྷན་ཁང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་ཐབས་དང༌། ལྷག་པར་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་དང༌། རྒྱ་ནག་གཞུང་བར་ཕྱི་འབྲེལ་སྲིད་བྱུས་ཀྱི་བསྒྲགས་གཏམ་ཆོད་ཡིག་གཏན་འབེབས་གང་མྱུར་གནང་འཆར་ཡོད་པ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ནས་གཉིས་སྨན་དབུ་མའི་ལམ་གྱི་མཇུག་ངོགས་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གང་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་འགོ་འཛུགས་ཐུབ་ཐབས་སུ་ཐབས་བྱུས་ལྡན་པའི་སྐུལ་འདེད་ཡོང་བའི་སྐུལ་མ་གནང་བར་འབད་བརྩོན་ཆེར་བསྐྱེད་གནང་རྒྱུའི་ཞལ་བཞེས་ཐོབ། ཉིན་གུང་འཇར་མན་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ལྗང་ཁུ་ཚོགས་པའི་འཐུས་མི་ལྕམ་སྐུ་ Chrisla Nickels ནས་གྲོས་ཚོགས་ཀྱི་གསོལ་མགྲོན་ཁང་དུ་མགྲོན་འབོད་གནང་སྟེ་བཀའ་ཁྲི་མཆོག་རྒྱལ་ཁབ་ནང་ཕེབས་པར་འཚམས་འདྲི་དང་འབྲེལ་ཉིན་གུང་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་ཏེ་སྣེ་ལེན་ཟབ་རྒྱས་གནང་བ་མ་ཟད། ཚོགས་གཙོ་ལྕམ་སྐུ་མཆོག་དང༌། ཁོང་གི་སྡེ་ཚན་གྱི་ཚོགས་མི་སྤྱི་ཚོགས་མི་མང་མང་གཙོ་ཚོགས་པའི་གནད་ཡོད་འཐུས་མི་སྐུ་ཞབས་ Valker Neumann དང༌། ཁྲ་ཁ་ང་ ཚོགས་པའི་འཐུས་མི་ Rainer Funke ཡེ་ཤུ་མང་གཙོ་མཉམ་སྦྲེལ་ཚོགས་པའི་འཐུས་མི་ Haibach བཅས་དང་མཇལ་འཕྲད་གནང་སྟེ་བོད་དོན་རྒྱབ་སྐྱོར་ཞུ་སྒོའི་སྐོར་དགོངས་འཆར་བརྗེ་ལེན་གནང༌། བཀའ་ཁྲི་མཆོག་གིས་འཇར་མན་གྲོས་ཚོགས་དང༌། ལྷག་པར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ལོ་མང་རིང་བོད་དོན་ཐོག་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། འདས་པའི་ལོ་ཤས་གོང་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་ཁ་ཤས་བཏོན་སྟེ་བོད་ཀྱི་གནས་སྟངས་ཡ་ང་བ་ལས་སྐྱོབ་ཐབས་གནང་བར་རྗེས་དྲན་བསྔགས་བརྗོད་གནང་བ་དང༌། འབྱུང་འགྱུར་གྲོས་ཚོགས་ནས་བོད་ནང་སྐུ་ཚབ་ཆེད་གཏོང་གནང་སྟེ་བོད་ཀྱི་གཞི་རིམ་མི་མང་གི་དཀའ་སྡུག་དངོས་ལ་རྟོག་ཞིབ་ཡོང་ཐབས་དང༌། གྲོས་ཚོགས་ནས་བོད་དོན་ཐད་སྲིད་བྱུས་གཏན་འབེབས་ཀྱི་ཁྲིམས་འཆར་གཏན་འབེབས་ཐུབ་ཚེ་དོན་ཕན་ལྡན་པའི་རྒྱབ་སྐྱོར་གྱི་ཕན་འབྲས་རང་བཞིན་སྐོར། དེ་བཞིན་རྒྱའི་བཙོན་ཁང་ཁག་ནང་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་གྲོལ་ཡོང་ཐབས་སུ་སྐུལ་འདེད་སོགས་ཀྱི་འབོད་སྐུལ་ཁག་ལ་ཐུགས་ཁུར་ཆེན་པོས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག

དེ་རྗེས་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡའི་བྱ་དོན་གྱི་མཐོ་རིམ་ལས་བྱེད་ Dr. Chritian Hauswedell དང་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་བྱ་དོན་གྱི་འགན་འཛིན་ལྕམ་སྐུ་ Michaele Spaeth འཇར་མན་སྲིད་བློན་ལས་ཁུངས་ཀྱི་མཐོ་རིམ་ལས་བྱ་ Dr. Joachim Bertele བཅས་ནས་བཀའ་ཁྲི་མཆོག་དང་མཇལ་འཕྲད་གནང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་གནང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་འཇར་མན་ནང་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། དུས་ཡུན་ཚོུད་ཕྱེད་ཙམ་རིང་མཇལ་མོལ་གནང་རིང་བཀའ་བློན་ཁྲི་པ་མཆོག་གིས་ “ལོ་རབས་བརྒྱད་ཅུའི་དུས་འགོར་བོད་རྒྱའི་བར་ཐད་ཀའི་འབྲེལ་བ་བྱུང་སྟེ་བཙན་བྱོལ་བོད་གཞུང་ནས་བོད་ལ་རང་བཙན་གཙང་མའི་རྩོད་ལེན་མ་གནང་བར་བོད་རྒྱའི་བར་དབུ་མའི་ལམ་གྱི་གཉིས་སྨན་གྱི་ལམ་བུ་ཞིག་གཏོད་ཐུབ་པའི་འབད་བརྩོན་ཤུགས་ཆེ་བྱས་ཡོད་ཀྱང༌། རིམ་པས་རྒྱ་ནག་ནང་གཡོན་ཐལ་ལམ་ཕྱོགས་ཀྱི་ཤུགས་རྐྱེན་སོགས་བར་ཆད་སྣེ་མང་འོག་ཕྱི་ལོ་ ༡༩༩༣ ལོར་བོད་རྒྱའི་བར་ཐད་ཀའི་འབྲེལ་བ་ཆད་དེ་ཕྱོགས་གཉིས་བར་དཀའ་རྙོག་ཚབས་ཆེར་གནས་ཡོད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་ནས་དབུ་མའི་ལམ་གྱི་མཇུག་ངོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་མེད་པར་རྒྱ་གཞུང་དང་ཕྱོགས་ཡོངས་ནས་ཐད་ཀའི་འབྲེལ་བ་འཛུགས་རྒྱུར་འབད་བརྩོན་དང༌། དེ་བཞིན་རྒྱལ་སྤྱིའི་ནང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབས་ཏེ་ཕྱི་ལོ་ ༢༠༠༢ ལོ་ནས་ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཐེངས་གསུམ་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁ་ཤས་སུ་གཟིགས་སྐོར་དུ་ཆེད་གཏོང་ཐུབ་པ་བྱུང་བ་མ་ཟད། རྒྱ་ནག་རིམ་ཁག་དཔོན་རིགས་དང་ཐུག་འཕྲད་ཀྱིས་འབྲེལ་ལམ་བསྐྱར་གསོ་དང༌། བསམ་ཚུལ་སྤེལ་རེས་ཀྱི་གོ་སྐབས་བསྐྲུན་ཐུབ་པ་བྱུང་ཡོད། སྐུ་ཚབ་ཐེངས་གསུམ་པའི་གྲུབ་འབྲས་ནས་བཤད་ན། ད་ཕན་བོད་དོན་ཐད་བསམ་ཚུལ་སྤེལ་རེས་བྱས་པའི་ནང་ཁྱོན་ཡོངས་ནས་གཞི་རྒྱ་ཆེ་ཤོས་དང་མཛའ་འབྲེལ་གྱི་ཁོར་ཡུག་ལེགས་པོ་ཞིག་བྱུང་ཡོད། འོན་ཀྱང་བོད་རྒྱའི་དཀའ་རྙོག་ནི་གཏིང་ཟབ་ལ་གཞི་རྒྱ་ཆེ་བ་དང༌། དེ་བཞིན་རྒྱ་ནག་དཔོན་རིགས་ཁག་ནང་ཆེས་གཡོན་ཐལ་དང་སྲོལ་རྒྱུན་དྭོགས་འདྲོགས་ཀྱི་བག་ཆགས་ཟབ་པོ་ཡོད་པར་བརྟེན་གཞི་རིམ་གནད་དོན་འགའ་ཞིག་ཚུད་པའི་གནད་དོན་མང་པོའི་ཐོག་ཕྱོགས་ཕན་ཚུན་བར་བསམ་ཚུལ་མི་མཐུན་པ་ཤུགས་ཆེ་ཡོད་པ་མངོན་གསལ་ཆེ་ཡང༌། དེ་དག་གི་བར་ཁྱད་ཆུང་དུ་གཏོང་ཐབས་དང༌། ཐུན་མོང་རྩ་དོན་གྱི་རྨང་གཞི་ཞིག་བསྐྲུན་རྒྱུར་དོན་སྨིན་གྱི་གོ་བསྡུར་མང་ཙམ་དགོས་རྒྱུ་ནི་དགོས་མཁོ་ཆེན་པོ་ཡོད་པར་ཕྱོགས་གཉིས་ཀས་ངོས་འཛིན་གཅིག་གྱུར་བྱུང་འདུག རྒྱ་ནག་གཞུང་ནས་ང་ཚོར་བརྡ་ལན་བྱུང་བའི་གནས་ཚུལ་ཁག་ལ་ང་ཚོས་བསམ་གཞིགས་བྱེད་བཞིན་པ་མ་ཟད། འབྱུང་འགྱུར་ལས་དོན་འགན་ཁུར་བའི་ཐོག་ནས་དཔྱད་བསྡུར་བྱེད་རྩིས་ཡོད་” ཅེས་གསུངས་གནང་ཡོད་པ་རེད།

ཡང་བཀའ་ཁྲི་མཆོག་གིས་བོད་ཀྱི་དུས་བབ་སྐོར་ངོ་སྤྲོད་གནང་སྐབས་ཕྱི་ལོ་ ༢༠༠༢ ལོར་བོད་རྒྱའི་བར་ཐད་ཀའི་འབྲེལ་བ་བསྐྱར་གསོ་ཐུབ་ནས་ད་བར་གྱི་དུས་ཡུན་ལོ་གསུམ་ལ་ཉེ་བ་ཕྱིན་ཡོད་ཀྱང༌། བོད་ནང་གི་གནས་སྟངས་ནི་སྔར་བས་ཇེ་ཞན་ཇེ་སྡུག་དང༌། ཛ་དྲག་ངང་གནས་ཡོད། མིག་སྔའི་ཛ་དྲག་ཆེ་ཤོས་ནི་བོད་ནང་རྒྱ་མི་རིགས་འབོར་ཆེན་གནས་སྤོས་གཞིས་ཆགས་བྱེད་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་དང་སྐྱེ་ཁམས་ཁོར་ཡུག་བཅས་པར་ཚབས་ཆེའི་ཉམས་ཉེས་ཡོང་བཞིན་པ། བོད་ནང་རྒྱ་གཞུང་ནས་ཕྱིའི་འཛུགས་སྐྲུན་ཡར་རྒྱས་ཀྱི་རྣམ་པ་ཞིག་གཏོད་ཀྱང་བོད་མི་རྣམས་ཁེ་ཕན་ཁག་ནས་ཟུར་ཕུད་བྱེད་བཞིན་པ། བོད་མི་མང་པོ་ཞིག་རང་ཡུལ་དུ་གནས་ཐབས་བྲལ་ནས་བཙན་བྱོལ་དུ་རྒྱུན་ཆད་མེད་པ་འབྱོར་བཞིན་པ་སོགས་ཐེར་འདོན་གྱིས་མ་ཚང་བ་མེད་པའི་ཞིབ་གནས་ངོ་སྤྲོད་གནང་ ཡོད་པ་རེད། ཡང་འཇར་མན་ཕྱི་སྲིད་དཔོན་རིགས་རྣམས་ནས་འཇར་མན་གཞུང་གིས་བོད་དོན་རྒྱབ་སྐྱོར་གྱི་མཛད་ཕྱོགས་ངོ་སྤྲོད་གནང་སྐབས་‘བར་ལམ་འཇར་མན་གྱི་ཕྱི་བློན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་འགོ་ཁྲིད་ཁག་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་དད་རང་དབང༌། ཆབ་སྲིད་བཙོན་པ་གློད་གྲོལ་སོགས་གཞི་རྒྱ་ཆེ་བའི་གྲོས་མོལ་གནང་ཡོད། འཇར་མན་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་གྱི་དགོངས་འཆར་ནི་ཕྱོགས་གཉིས་ཀར་བློ་བཞག་ས་ཡོད་པས་ཧ་ཅང་ཡག་པོ་ཡིན་པར་བརྟེན་འཇར་མན་གཞུང་གིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་གི་ཡོད། ཉེ་ཆར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ Time magazine ལ་བཅར་འདྲིའི་བཀའ་ལན་གནང་བའི་གནས་ཚུལ་ལ་ང་ཚོས་ཆ་ཚང་བའི་ཞིབ་འཇུག་ཞུས་པ་ཡིན། དེའི་ནང་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ལ་རང་བཙན་གཙང་མའི་རྩོད་གླེང་མ་གནང་བར་དོན་དམ་རང་སྲིད་རང་སྐྱོང་གི་གནས་བབ་གསར་པའི་ལམ་བུ་གཏོད་གནང་སྟེ་བོད་མི་རིགས་དང༌། ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་བཅས་པ་མི་ཉམས་རྒྱུན་འཛིན་ཡོང་བའི་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ལས་གནང་རྒྱུའི་ཐུགས་འདུན་གསལ་པོར་བཏོན་ཡོད་པ་ནི་བོད་རྒྱ་གཉིས་སྨན་གྱི་ཕན་ཐོགས་ཆེན་པོ་ཡོད་པའི་བཞེངས་ཕྱོགས་ཁ་གསལ་འདུག དེ་ནི་དངོས་ཕན་གྱི་ཐབས་ལམ་བཟང་པོ་ཞིག་དང༌། དངོས་ཕན་དེ་དག་ལ་ཕྱི་ནང་གང་ཐད་ནས་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་མི་ཚོས་ཀྱང་རླབས་ཆེའི་བསམ་གཞི་དེ་དག་དྲིལ་བསྒྲགས་གང་ཡོང་བྱས་ཏེ་འཛམ་གླིང་ནང་རྒྱབ་སྐྱོར་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་’ ཞེས་གསུངས་འདུག འཇར་མན་ཕྱི་སྲིད་ལས་དོན་པ་རྣམས་ནས་བཀའ་ཁྲི་མཆོག་ལ་དམིགས་བསལ་རེ་སྐུལ་གང་ཡོད་བཀའ་འདྲི་ཞུས་པར། བཀའ་ཁྲི་མཆོག་གིས་འཇར་མན་དང༌། རྒྱ་ནག་བར་ཚོང་འབྲེལ་སོགས་ཁྱབ་ཁོངས་ནང་གྲོགས་པོའི་འབྲེལ་བ་ཡོད་པར་བརྟེན་གྲོགས་པོའི་འབྲེལ་བའི་བཟང་ཆར་བརྟེན་ནས་རྒྱ་ནག་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་གང་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་འགོ་འཛུགས་ཡོང་ཐབས་སུ་སྔར་བས་ཤུགས་གནོན་གནང་ཐབས་དང༌། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་ཐབས། བོད་ནང་རྒྱ་མི་རིགས་འབོར་ཆེན་གཞིས་ཆགས་བྱེད་པ་འགོག་ཐབས། ཆབ་སྲིད་བཙོན་པ་གློད་གྲོལ། གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་པའི་སྒྲིག་འཛུགས་སྲ་བརྟན་དང༌། མང་གཙོ་དང་སྤྱི་ཚོགས་གོང་འཕེལ་ཐད་རོགས་རམ་སྔར་ལྷག་ཡོང་བ་སོགས་ཀྱི་སྐུལ་མ་གནང་བར་རྒྱབ་སྐྱོར་གནང་ཐུབ་པའི་ཁྱབ་ཁོངས་ཁག་ནང་རྒྱབ་སྐྱོར་གྱི་བཀའ་བཞེས་སྦ་གསང་མེད་པ་གནང་བ་བཅས་མཇལ་མོལ་དོན་སྙིང་ལྡན་པ་བྱུང་འདུག ད་རེས་མཇལ་མོལ་ནང་སྲིད་བློན་ལས་ཁུངས་ནས་དམིགས་བསལ་ཕོ་ཉ་མངགས་ཏེ་བཀའ་ཁྲི་མཆོག་ལ་འཚམས་འདྲི་དང་མཇལ་མོལ་གནང་ཡོད་པ་ནི་འཇར་མན་སྲིད་དོན་ལས་རིགས་ཁྱབ་ཁོངས་ནང་ཚད་མཐོའི་ངོས་འཛིན་བྱས་ཡོད་པ་རེད། དེ་རྗེས་འཇར་མན་རྒྱལ་ཡོངས་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Claudia Roth དང༌། ཁོང་གི་ཕྱག་རོགས་སྐུ་ཞབས་ Jakab Kaiser Haus རྣམ་གཉིས་ནས་གཞུང་ལས་ཁང་དུ་མགྲོན་འབོད་གནང་སྟེ་གོང་ལྟར་སྣེ་ལེན་ཟབ་རྒྱས་གནང༌། གཞི་རིམ་བཀའ་མོལ་གོང་ལྟར་དང༌། སྐབས་དེར་བཀའ་བློན་ཁྲི་པ་མཆོག་ནས་ཁོང་རྣམ་གཉིས་ལ་བོད་ཀྱི་ད་ཡོད་ཛ་དྲག་གནས་སྟངས་དང༌། བཙན་བྱོལ་བོད་མིའི་འཛིན་སྐྱོང་དང༌། མང་གཙོའི་འཕེལ་རིམ། ཆོས་དང་རིག་གཞུང་གོང་འཕེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད། འཇར་མན་གྲོས་ཚོགས་ནས་རང་རྒྱལ་ཁབ་ཀྱི་གྲོས་ཚོགས་དང༌། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་ཐད་སྲིད་བྱུས་ཀྱི་ཁྲིམས་འཆར་ངོ་སྤྲོད་དང་གཏན་འབེབས་ཐུབ་ན་བོད་དོན་རྒྱབ་སྐྱོར་གྱི་གནས་བབ་བབ་ལྷིང་བརྟན་གསུམ་དང༌། ཁྲིམས་མཐུན་བཅས་ཡོང་བའི་སྐོར་གཙོ་གནད་དགོངས་འཆར་བརྗེ་ལེན་གནང༌། ལྗང་ཁུ་ཚོགས་པ་ནི་འཇར་མན་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་གྱི་སྲིད་དོན་ཚོགས་པ་ཞིག་ཡིན་པ་དང༌། ཁོང་ཚོའི་རྒྱབ་སྐྱོར་གྱི་ཆོད་སེམས་ལ་བཀའ་ཁྲི་མཆོག་སེམས་འགུལ་ཚད་མེད་ཐེབས་ཡོད།

སྦར་ལིན་གྱི་གནང་སྒོ་ཁག་ཟིན་འཕྲལ་གྲོང་ཁྱེར་ཝི་ཊིན་སྦག་ཏུ་རྡོག་ཐོན་གནང༌། དགོང་དྲོ་ཚོུད་ ༨ ཐོག་གྲོང་ཁྱེར་ཝི་ཊིན་སྦག་སྤྱི་ཁྱབ་ལས་ཁུངས་ནས་གཞུང་འབྲེལ་སྣེ་ལེན་གྱི་གསོལ་སྟོན་དུ་མགྲོན་འབོད་གནང་བ་ལྟར་ཕེབས་ནས་སྤྱི་ཁྱབ་སྐུ་ཞབས་ EckKard Naumann དང༌། ས་གནས་ཡེ་ཤུའི་ཆོས་དཔོན་ Bishop Bela Harmati གྲོང་ཁྱེར་སྲིད་གཞུང་གི་རིག་གཞུང་དང་ཕྱི་དོན་གྱི་འགན་འཛིན་སྐུ་ཞབས་ Ulrich Rringsten སོགས་གནད་ཡོད་བཅུ་ཕྲག་ཁ་ཤས་ཀྱིས་སྤྲོ་སེམས་ཆེན་པོས་འཚམས་འདྲི་དང༌། གཙོ་བོ་བོད་ཀྱི་རྩ་དོན་ལ་སྨན་པའི་རྒྱབ་སྐྱོར་སྐོར་དགོངས་འཆར་བརྗེ་ལེན་གནང༌།

ཕྱི་ཚེས་ ༢༧ ཉིན་གྱི་ཕྱེད་ཡོལ་དེ་ནས་ཧེམ་སྦོག་གྲོང་ཁྱེར་དུ་ཕེབས་ཐོན་གནང༌། གནམ་ཐང་དུ་ཕེབས་འབྱོར་སྐབས་ཧིན་སྦོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤི་མོན་ཐོམ་སོན་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་ནས་བསུ་བ་ཟབ་རྒྱས་ཞུས། དེ་ཉིན་ཧིན་སྦོག་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡའི་རིག་གཞུང་སྡེ་ཚན་ནས་བོད་རིག་པའི་དགེ་རྒན་ཆེན་མོ་སྐུ་ཞབས་ཤི་མོན་ཐོམ་སོན་གྱིས་གཙུག་ལག་སློབ་གྲྭའི་ནང་མི་ལོ་ ༤༠ ལྷག་ཙམ་རིང་བོད་རིག་པའི་དགེ་རྒན་གྱི་ཕྱག་ལས་གནང་བར་ལེགས་སོའི་ཆེད་སློབ་དཔོན་ཆེན་པོའི་མཁས་པའི་མཚན་སྙན་གསོལ་བའི་མཛད་སྒོའི་སྐུ་མགྲོན་དུ་མགྲོན་འབོད་ཞུས། མཛད་སྒོའི་ཐོག་གཙུག་ལག་སློབ་གྲྭ་ཆེན་མོ་དང་གྲོང་ཁྱེར་གྱི་རིག་གནས་ལས་དོན་པ་གནད་ཡོད་མི་གྲངས་ ༡༠༠ ལ་ཉེ་བ་ལྷན་འཛོམས་ཐོག་སྐུ་ཞབས་ཤི་མོན་ཐོམ་སོན་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང་འབྲེལ་བདེན་པའི་ཨུ་ཚུགས་ཀྱི་འཚེ་མེད་ཞི་བའི་ལས་འགུལ་གྱི་ལྟ་གྲུབ་ སྐོར་གསུང་བཤད་རྒྱ་ཆེ་གནང་བར་དགའ་བསུ་ཤུགས་ཆེ་ཞུས། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བོད་ཀྱི་རིག་གཞུང་ཚོགས་པ་ནས་དྷརྨ་སན་ཊར་ཞེས་པར་མགྲོན་འབོད་གནང་སྡེ་ཚོགས་པའི་ལས་དོན་སྙན་ཞུར་གསན་ཞིབ་དང༌། དེ་ཉིན་གྲོང་ཁྱེར་གྱི་བོད་ཀྱི་ཆོས་དང་རིག་གཞུང༌། རྩ་དོན་ཐད་དོན་གཉེར་ཅན་གྱི་མི་གྲངས་ ༡༠༠ ལྷག་ཙམ་དང་མཇལ་མོལ་གནང་བ་མ་ཟད། ནང་ཆོས་ཉམས་ལེན་གྱི་ཆོས་མཐུན་གྱི་བསླབ་བྱ་དང༌། བོད་དོན་ཐད་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་བཅས་པར་མ་ཚང་བ་མེད་པའི་གསུང་བཤད་གནང༌། གཞན་ཡང་ཉིན་གཉིས་རིང་དེ་གར་བཞུགས་རིང་བོད་གྲོགས་ཁག་གཅིག་ལ་མཇལ་མོལ་དང༌། ཆོས་དང་རིག་གཞུང་གི་ལྟེ་གནས་ཁ་ཤས་ལ་གཟིགས་སྐོར། གསར་འགོད་པར་གསུང་ལན་བཅས་གནང་སྒོ་ཁག་ཟིན་འཕྲལ་དེ་ཉིན་མཚན་མོའི་ཚོུད་ ༡༠ ཐོག་འཇར་མན་ཧེམ་སྦོག་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོའི་ཚོུད་ ༩། ༣༥ ཐོག་ཧང་གྷ་རིའི་རྒྱལ་ས་བུད་དྷ་པི་སི་གནམ་ཐང་དུ་ཕེབས་སྐབས་རང་གཞུང་ཤར་ཡོ་རོབ་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་དང༌། བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ཆོས་རྒྱལ་བསྟན་འཛིན་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་བསུ་བ་གཟབ་རྒྱས་ཞུས།

དེ་ཉིན་སྔ་དྲོའི་ཚོུད་ ༡༡ ཐོག་ཧང་གྷ་རི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Las zlo Szazfalve དང༌། བོད་དོན་ཐོག་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gabor Fodor ཁོང་རྣམ་གཉིས་ཀྱི་གཞུང་ལས་ལས་བྱེད་བཅས་ནས་ཚོགས་གཙོའི་གཞུང་ལས་ཁང་དུ་སྣེ་ལེན་གཟབ་རྒྱས་གནང་སྟེ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ཧང་གྷ་རི་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་པར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་གནང་བ་དང༌། དུས་ཡུན་ཚོུད་གཅིག་ལ་ཉེ་བ་མཇལ་མོལ་གནང་རིང་བཀའ་ཁྲི་མཆོག་གིས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་དུས་ཡུན་རིང་པོ་མ་སོང་བར་བོད་དུ་དྲག་པོའི་དམག་དཔུང་གིས་བཙན་འཛུལ་བྱས་ཏེ་ཐོག་མའི་བཙན་འཛུལ་ནས་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚོན་ ༡༧ ཟེར་བ་ཞིག་བཞག་པའི་བར་གྱི་བོད་ཀྱི་དུས་བབ་འཕོ་འགྱུར་དང༌། ཕྱི་ལོ་ ༡༩༥༡ ལོ་ནས་ཕྱི་ལོ་ ༡༩༥༩ ལོའི་བར་དུས་ཡུན་ལོ་བརྒྱད་རིང་བོད་གཞུང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ལས་བྱས་པའི་གནས་ཚུལ། ཕྱི་ལོ་ ༡༩༥༩ ལོར་རྒྱ་གཞུང་ནས་བོད་ལ་དབང་བསྒྱུར་བྱས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དང༌། བོད་གཞུང་བཀའ་ཤག དེ་བཞིན་སེར་སྐྱ་མི་མང་འབུམ་ལ་ཉེ་བ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྟེ་རྒྱ་གར་ཡུལ་དུ་བཙན་བྱོལ་བོད་གཞུང་དང༌། བོད་མིའི་ཆོས་སྲིད་སྒྲིག་འཛུགས་ཁག་བཀོད་སྒྲིག་གནང་སྟེ་བོད་དང༌། བོད་མིའི་བདག་དབང་རྩོད་ལེན་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་ཚུལ། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏེང་ཞའོ་ཕིང་ནས་བོད་ལ་རང་བཙན་གཙང་མའི་རྩོད་ལེན་མ་གནང་ན་གནད་དོན་གང་ཞིག་ཡིན་ཡང་གྲོས་མོལ་བྱེད་ཆོག་པའི་གྲོས་འགོ་བཏོན་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་ནས་ཕྱོགས་གཅིག་ནས་བོད་མིའི་སྤྱི་པའི་སྒྲིག་འཛུགས་སྲ་བརྟན་བཙུགས་ནས་ཕུལ་བྱུང་གི་མི་རིགས་ཀྱི་གོམས་སྲོལ་བཟང་པོ་སྲུང་སྐྱོབ་ཐོག་མང་གཙོའི་ལམ་དུ་མདུན་བསྐྱོད་བྱས་པ་དང༌། ཕྱོགས་གཞན་ཞིག་ནས་བོད་ཀྱི་རང་དབང་སླར་གསོ་ཡོང་ཆེད་རྒྱ་གཞུང་གིས་ཐོག་མར་ཚུར་གྲོས་འགོ་བཏོན་པའི་རྨང་གཞིའི་ཁྱབ་ཁོངས་ལས་མ་བརྒལ་བར་བོད་དུ་སྔ་རྗེས་སྐུ་ཚབ་ཆེད་གཏོང་གནང་སྟེ་བོད་ཀྱི་གནང་སྟངས་ལ་གཟིགས་ཞིབ་དང༌། རྒྱ་ནག་དབུ་ཁྲིད་བར་ཞི་མོལ་ཡོང་ཐབས་སུ་སྒོ་ཀུན་ནས་འབད་བརྩོན་གནང་བའི་བརྒྱུད་རིམ་གནས་ཚུལ། ལྷག་པར་ཕྱི་ལོ་ ༡༩༨༧ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང༌། ཕྱི་ལོ་ ༡༩༨༨ ལོར་ཕ་རན་སིར་སི་ཏྲས་སི་སྦག་གི་གྲོས་འཆར་ཁག་བཏོན་ནས་བོད་ལ་རང་བཙན་རྩོད་ལེན་མི་གནང་བར་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་བཟང་པོ་ཞིག་སྐྲུན་ཐབས་གནང་བའི་སྐོར། གྲོས་འཆར་དེ་དག་ཀྱང་གཞིས་བྱེས་མི་མང་ལ་བསམ་འཆར་བསྡུ་ལེན་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་མཛད་ཕྱོགས་ཤིག་ཏུ་གྱུར་པ། དུས་དེ་ནས་ཉེ་ཆར་སྐུ་ཚབ་ཐེངས་གསུམ་པ་རྒྱ་ནག་ཏུ་ཕེབས་པའི་བར་གྱི་གཞི་རིམ་གནས་ཚུལ་ཞིབ་རྒྱས་ངོ་སྤྲོད། དེ་བཞིན་བཙན་བྱོལ་ནང་མང་གཙོའི་ཀ་བ་གསུམ་དང༌། ཆོས་སྲིད་སྒྲིག་འཛུགས་ཁག་གི་སྐོར། བོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་སྐོར་བཅས་པ་ངོ་སྤྲོད་གནང་བར་བོད་གཞུང་མང་གི་འཚེ་མེད་ཞི་བ་དང༌། ཀུན་སྨན་གྱི་ལྷག་བསམ་བཟང་པོ། སྐུ་ངལ་དང་ལེན་གྱི་འབད་བརྩོན་གྱི་གྲུབ་འབྲས་བཅས་ལ་སེམས་འགུལ་ཚད་མེད་ཐེབས་པར་མ་ཟད། བཀའ་ཁྲི་མཆོག་ལ་ལྡོག་ཕྱོགས་ནས་དུས་ཐུང་ནང་བོད་རྒྱའི་གྲོས་མོལ་ལ་གྲུབ་འབྲས་མ་སོན་ན་འབྱུང་འགྱུར་གྱི་མཛད་ཕྱོགས་ཇི་ཡོད། གྲོས་མོལ་གྱི་ད་ཡོད་དགོས་འདུན་གཙོ་བོ་ཇི་ཡིན། དེ་མིན་ཧང་གྷ་རི་གཞུང་མང་ནས་དམིགས་བཀར་རྒྱབ་སྐྱོར་ཞུ་སྒོ་སོགས་དོན་སྙིང་ཤུགས་ཆེ་ལྡན་པའི་བཀའ་འདྲི་ཞུས་པར་བཀའ་ལན་གནང༌། ཡང་བཀའ་ཁྲི་མཆོག་གིས་ཧང་གྷ་རི་དང༌། རྒྱ་ནག་གཞུང་བར་སྲོལ་རྒྱུན་གྱི་མཛའ་འབྲེལ་ཡོད་པའི་རྨང་གཞིའི་འོག་གྲོགས་པོའི་འབྲེལ་བའི་བཟང་ཆར་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་བར་གནས་ཀྱི་རྒྱབ་སྐྱོར་དང༌། གཞུང་དང་གྲོས་ཚོགས་ནས་བོད་ནང་རྟོགས་ཞིབ་ཚོགས་པ་བཀོད་སྒྲིག་གནང་སྟེ་བོད་ཀྱི་གཞི་རིམ་གནས་ཚུལ་མཁྱེན་རྟོགས་གནང་ཐབས། ལོ་རྗེས་མ་སྐོང་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཉམ་ལས་གནང་ཐབས། སྲོག་ཐོག་གི་ཉེན་ཁའི་འོག་གནས་པའི་རྒྱལ་གཅེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ལ་རྒྱབ་སྐྱོར་སོགས་ཡོང་བའི་སྐུལ་མ་གནང་བར་བཀའ་བཞེས་བཟང་པོ་ཐོབ་ཡོད། ཕྱེད་ཡོལ་རྒྱལ་སའི་ཚོམས་ཆེན་ཞིག་ཏུ་ཧང་གྷ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Zsolt Nemeth དང༌། ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ Viktor སྒྲཔྱཏཎརྣ མཇལ་ཁར་བཅར་ནས་བཀའ་བློན་ཁྲི་པ་མཆོག་རྒྱལ་ཁབ་ནང་ཕེབས་པར་འཚམས་འདྲི་དང༌། ཚོུད་ཕྱེད་ཙམ་རེ་མཇལ་མོལ་གནང་ཞིང་གཙོ་བོ་བོད་རྒྱའི་ད་ཡོད་འབྲེལ་བའི་སྐོར་དང༌། ཧང་གྷ་རྀའི་ཕྱོགས་ནས་བོད་དོན་རྒྱབ་སྐྱོར་ལ་སྨན་པའི་ལས་འགུལ་སྤེལ་ཕྱོགས་སྐོར་གཙོ་གནད་དགོངས་འཆར་བརྗེ་ལེན་གནང༌། ཁོང་གཉིས་ནི་གྲོས་ཚོགས་ནང་མཚན་སྙན་ཆེ་ལ་སྲིད་དོན་ལས་དོན་ནང་ནུས་པ་ལྡན་པའི་འགོ་ཁྲིད་ཀྱི་ཆེ་མཐོང་ཆེན་པོ་ཡོད་པར་བརྟེན་ཆབ་སྲིད་ཐད་དམིགས་བསལ་རྒྱབ་སྐྱོར་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་འདུག

ཚོུད་ ༤ ཐོག་ལཱོ་ཐར་རན་ཞེས་པའི་ཚོགས་ཁང་ནང་སྐོང་ཚོགས་གནང་བཞིན་པའི་སྲིད་དོན་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཕྱེད་གཞུང་འབྲེལ་ཚོགས་ཆེན་གྱི་སྐུ་མགྲོན་དུ་མགྲོན་འབོད་གནང་སྟེ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་བར་ཚོགས་ཞུགས་མི་གྲངས་ ༡༠༠ ལྷག་ཙམ་ནས་དམིགས་བསལ་དགའ་བསུ་ཤུགས་ཆེ་ཞུས། ཚོུད་ ༦ ཐོག་ཤམ་བྷ་ལ་རིག་གཞུང་ཁང་དུ་མགྲོན་འབོད་གནང་སྟེ་བུད་དྷ་པི་སི་ཀོ་ལོབ་ནས་གོ་སྒྲིག་ཞུས་པ་ལྟར་བོད་དང་བོད་མིའི་རྩ་དོན་ཐོག་སེམས་ཁུར་དང༌། རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་མི་གྲངས་ ༨༠ བརྒལ་བར་འཚམས་འདྲི་དང༌། ཞི་བའི་གཉེན་པོ་བརྟེན་ནས་འཚེ་བར་གདོང་ལེན་བྱེད་དགོས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང༌།

ཕྱི་ཚེས་ ༣༠ ཉིན་སྔ་དྲོ་ཤམ་བྷ་ལ་ཚོགས་ཁང་དུ་འཚེ་བ་མེད་པའི་རིག་ལམ་ཞེས་པའི་བོད་རིག་པའི་ཞིབ་བསྡུར་ཐེངས་གསུམ་པའི་གྲོས་ཞིབ་གལ་ཆེ་ཞིག་གནང་བའི་སྐུ་མགྲོན་གཙོ་བོར་ཕེབས་ནས་ཧང་གྷ་རིའི་རིག་གནས་དང༌། བོད་རིག་པ་མཁས་ཅན་དུ་གྲགས་པའི་མི་སྣ་གྲངས་ ༦༠ བརྒལ་བར་མཇལ་མོལ་ཐོག་མཁས་དབང་ཁག་གི་དཔྱད་གླེང་ལ་ཉན་ཞིབ་གནང་བ་དང༌། ཧང་གྷ་རི་པ་སྐུ་ཞབས་ Alexander Csoma ཞུ་བས་ཡུལ་གྱི་མི་རིགས་འབྱུང་ཁུངས་དབུས་ཨེ་ཤ་ནས་བྱུང་བའི་ལོ་རྒྱུས་འཚོལ་སྒྲུབ་ཆེད་བོད་དུ་ཕེབས་ནས་ཁོང་གིས་བོད་རིག་པར་སྦྱང་བརྩོན་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་ལ་བརྟེན་ནས་ཧང་གྷ་རི་པ་ཞིག་ལ་འདོད་ཆུང་ཆོག་ཤེས་ལྡན་པའི་མི་ཚེའི་འཕོ་འགྱུར་རླབས་ཆེ་བྱུང་སྟེ་སྐུ་ཚེ་བཟང་མཐའ་འཁྱོལ་བའི་མཛད་རྗེས་ཀྱི་ལོ་རྒྱུས་དང་འབྲེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་ལྟ་བའི་སྐོར་གསུང་བཤད་རྒྱ་ཆེ་ཞིག་གནང་བར་མཁས་པའི་དབུས་ན་མཁས་པ་མཛེས་ཞེས་པའི་དཔེ་ལྟར་ཡུལ་གྱི་མཁས་དབང་དེ་དག་ལ་དམིགས་བསལ་བློ་གྲོས་ཀྱི་སྒོ་མོ་ཕྱེ་ཞིང༌། བོད་རིག་པར་གདེང་སྤོབས་དགའ་མོས་ཀྱི་སེམས་འགུལ་ཤུགས་ཆེ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། དགོང་དྲོ་ཚོུད་ ༨ ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ནས་གོ་སྒྲིག་ཞུས་པ་ལྟར་རྒྱལ་སའི་སྤྱི་ཚོགས་ལས་རིགས་ཁག་གི་དོན་གཉེར་ཅན་གྱི་མི་མང་གྲངས་ ༡༧༠ བརྒལ་བར་ ཉིན་ཞག་ཕྲུགས་གཅིག་གི་རིང་བྱམས་བརྩེས་འཚོ་བ་བྱ་རྒྱུ་ནང་ཆོས་ཉམས་ལེན་གྱི་སྙིང་པོ་ཡིན་ཞེས་པའི་གསུང་བཤད་གནང་བར་དགའ་བསུ་ཤུགས་ཆེ་ཞུས། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ཀརྨ་པ་ནང་པའི་ཆོས་ཚོགས་ནས་མགྲོན་འབོད་གནང་བ་བཞིན་ཆོས་ཚོགས་སུ་ཕེབས་ནས་རྟེན་གཙོ་རྣམས་ལ་རབ་གནས་དང༌། ཆོས་ཚོགས་ཀྱི་གནས་བླ་ཆོས་པ་རྣམས་ལ་རང་གཞུང་གི་འཚམས་འདྲི་དང་འབྲེལ་ཆོས་མཐུན་གྱི་གསུང་བཤད་གནང༌། ཧང་གྷ་རིའི་ནང་པའི་ཆོས་ཚོགས་ཁག་གི་མཐུན་ཚོགས་ནས་ཤམ་བྷ་ལ་རིག་གཞུང་ཁང་དུ་མགྲོན་འབོད་ཞུས་ཏེ་ཆོས་ཚོགས་ཁག་གི་འགན་ཁུར་བ་མི་གྲངས་ ༡༥ ནས་རྒྱལ་ཁབ་ནང་ནང་བསྟན་གོང་འཕེལ་དང༌། ལྷག་པར་ཆོས་ཚོགས་སོ་སོའི་ཆོས་སྤྱོད་ཉམས་ལེན་དང་སྒྲིག་འཛུགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས། བཀའ་བློན་ཁྲི་པ་མཆོག་གིས་དེ་སྔ་དམར་པོའི་དབང་སྒྱུར་འོག་ལོ་མང་དཀའ་སྡུག་མྱངས་པའི་རྒྱལ་ཁབ་དེའི་ནང་ད་ཆ་རང་དབང་མང་གཙོར་ལོངས་སྤྱད་དེ་ཆོས་ལུགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་པར་མ་ཟད། མི་མང་པོ་ཞིག་གིས་ནང་ཆོས་དང༌། བོད་ཀྱི་རིག་གཞུང་ལ་དོ་སྣང་ཆེན་པོ་བྱེད་པའི་སྐབས་འདིར་ཆོས་པ་རྣམས་ནས་ཆོས་ཆོས་སུ་འགྲོ་བའི་ཉམས་ལེན་ཚུལ་མཐུན་བྱས་ཏེ་བསྟན་པ་ཕྱི་གཙང་ནང་གཙང་ཡོང་ཐབས་དང༌། ལྷག་པར་ནང་པའི་ཆོས་ཚོགས་ཁག་ནི་རང་རང་བཞེད་རྒྱུན་མི་འདྲ་བ་ཙམ་ལས་སྟོན་པ་བཀྲིན་ཅན་གཅིག་གི་རྗེས་འཇུག་གཅིག་གྱུར་ཡིན་པའི་ལ་རྒྱ་དམ་པོར་བཟུང་ནས་ཆོས་པ་རྣམས་དམ་གཙང་ངང་བསྟན་པར་སྲི་ཞུ་རྣམ་དག་སྒྲུབ་ཐབས་སོགས་རང་གཞུང་གི་མཛད་ཕྱོགས་དང་ཐུགས་རེ་རྣམས་ངོ་སྤྲོད་གནང་བར་ཁོང་ཚོར་སྐུལ་ལྕག་ཆེན་པོ་ཞིག་བྱུང་འདུག དེ་རྗེས་ནང་ཆོས་མཐོ་སློབ་ཁང་དུ་ཕེབས་ནས་མི་གྲངས་ ༢༠༠ བརྒལ་བར་གོང་ལྟར་ཆོས་མཐུན་གྱི་གསུང་བཤད་གནང༌། སྐུ་ཚབ་དོན་གཅོད་ནས་དོན་ཁང་དུ་མགྲོན་འབོད་གནང་སྟེ་དོན་ཁང་གི་ལས་དོན་སྙན་ཞུ་དང༌། ཁུལ་དེའི་བོད་མི་རྣམས་ཀྱི་བདེ་སྡུག་གནས་ཚུལ་བཀའ་འདྲི། འབྲེལ་ཡོད་ལམ་སྟོན་དང་བཀོད་སྒྲིག་གནང་འོས་ཁག་བཀོད་ཁྱབ་གནང༌།

ཕྱི་ཟླ་ ༡༡ ཚེས་ ༡ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རེ་སྐུལ་གནང་བ་བཞིན་ཡེ་ཤུའི་ཆོས་པའི་པུར་སྒམ་འཇོག་ཡུལ་ཞིག་ཏུ་ཕེབས་ནས་ཐུགས་སྨོན་དང༌། དེ་རྗེས་ཀརྨ་དར་རྒྱས་གླིང་ཆོས་ཚོགས་ནས་མགྲོན་འབོད་ལྟར་ཆོས་ཚོགས་སུ་ཕེབས་ནས་རྟེན་གཙོ་ཁག་ལ་རབ་གནས་ཐུགས་སྨོན་དང་གནས་གཟིགས་གནང༌། ཆོས་ཚོགས་ཀྱི་འགན་ཁུར་ཚོགས་མི་རྣམས་ལ་གོང་ལྟར་གྱི་ཆོས་མཐུན་གསུང་བཤད་བཅས་ཧང་གྷ་རིའི་འཚམས་འདྲི་གནང་སྒོ་ཁག་སྔོན་དཔག་ལས་ཡོངས་སུ་བརྒལ་བའི་ཕུན་སུམ་ཚོགས་པོའི་ལེགས་གྲུབ་བྱུང༌། ཕྱི་ཚེས་ ༢ ཉིན་སྔ་དྲོའི་ཚོུད་ ༦། ༤༥ ཐོག་ཧང་གྷ་རིའི་རྒྱལ་ས་ནས་ཁཱོ་ཤི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ Split ཕེབས་ཐོན་གནང༌། ཕྱི་དྲོའི་ཚོུད་ ༤ ཐོག་རྒྱལ་སའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཁཱོ་ཤི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Tony Sitin དང༌། མགྲོན་བདག་སྐུ་ཚབ་ཁག་གིས་བསུ་བ་གཟབ་རྒྱས་ཞུས།

ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཁཱོ་ཤི་ཡའི་རྒྱལ་སའི་གལ་ཆེའི་རླུང་འཕྲིན་གྱི་གསར་འགོད་པའི་བཀའ་འདྲིར་བཀའ་ལན་གནང༌། གསར་འགོད་པས་གཙོ་བོ་ཐེངས་དེའི་འཚམས་འདྲིའི་མཛད་དོན་དང༌། བོད་ཕྱི་ནང་གི་བོད་མིའི་གནས་སྟངས་སྐོར། བོད་རྒྱའི་འབྲེལ་བའི་སྐོར། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་ཆེའི་དོན་སྙིང་སྐོར་སོགས་ཡིན་པར་མ་ཟད། རྒྱལ་ཡོངས་སུ་དྲིལ་བསྒྲགས་ཤུགས་ཆེ་ཞིག་བྱུང་འདུག ཚོུད་ ༡༡ ཐོག་ཁཱོ་ཤི་ཡ་རིག་གནས་སྒྱུ་རྩལ་ཁང་དུ་ཕེབས་ནས་རིག་གཞུང་སྒྱུ་རྩལ་ཁང་གི་འགན་འཛིན་གྲགས་ཅན་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་Davorin Rudolf དང༌། ཡུལ་གྱི་དངོས་ཁམས་རིག་པའི་ཚན་རིག་མཁས་དབང་ Nenad གཉིས་དང་མཇལ་མོལ་གནང་སྟེ་ཁོང་རྣམ་གཉིས་ནས་ཁཱོ་ཤི་ཡ་རྒྱལ་ཁབ་ཀྱི་གནས་སྟངས་ངོ་སྤྲོད་དང༌། གཙོ་བོ་བོད་དོན་ཐད་རྒྱབ་སྐྱོར་ཞུ་སྒོའི་དགོངས་འཆར་བརྗེ་ལེན་གནང༌། དེ་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་སའི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་མགྲོན་འབོད་གནང་སྟེ་ཞི་བདེའི་སྨོན་ལམ་གསུངས་པ་གསར་འགྱུར་ཁག་གིས་དོ་སྣང་ཆེན་པོས་དྲིལ་བསྒྲགས་ཤུགས་ཆེ་ཞུས། ཚོུད་ ༢། ༣༠ ཐོག་མགྲོན་ཁང་དུ་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་གཞོན་དང༌། གྲོང་ཁྱེར་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་རྣམ་གཉིས་འཚམས་འདྲིར་བཅར་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཁཱོ་ཤི་ཡའི་རྒྱལ་སར་ཕེབས་པར་བཀྲིས་བདེ་ལེགས་ཀྱི་དགའ་བསུ་གནང༌། དུས་ཡུན་ཚོུད་གཅིག་ལྷག་ཙམ་མཇལ་མོལ་གནང་རིང་གྲོང་ཁྱེར་སྲིད་གཞུང་ནས་བོད་དང་བོད་མིའི་གནད་དོན་ཐད་ཐུགས་སྣང་ཆེན་པོ་གནང་བཞིན་པའི་གནས་ཚུལ་སྙན་གསན་དང༌། སླད་བོད་ཀྱི་རྩ་དོན་སྤྱི་དང༌། ཆོས་དང་རིག་གཞུང་གོང་འཕེལ་ཐད་གང་ཐུབ་མཐུན་འགྱུར་དང༌། རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཐོབ། དགོང་དྲོ་ཚོུད་ ༥ ཐོག་རྒྱལ་སའི་ཉིན་རེའི་གསར་ཤོག་དང༌། Scobodna བརྙན་འཕྲིན་ལས་ཁུངས་གཉིས་ཀྱི་གསར་འགོད་པར་མཇལ་མོལ་དང༌། གསར་འགོད་པས་གཙོ་བོ་བོད་ནང་གི་ད་ཡོད་ཛ་དྲག་དཀའ་ངལ་དང༌། བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་སྐོར། བོད་ཀྱི་ཆོས་དང་རིག་གཞུང་གི་བཟང་ཆ་གོང་འཕེལ་སྐོར། ཁཱོ་ཤི་ཡའི་གཞུང་མང་ནས་བོད་དོན་ཐད་རྒྱབ་སྐྱོར་ཞུ་སྒོའི་སྐོར་སོགས་གལ་གནད་ཆེ་བའི་གནད་དོན་མང་པོའི་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་བ་དྲིལ་བསྒྲགས་རྒྱ་ཆེ་ཞུས་འདུག

ཉིན་རྒྱབ་ཚོུད་ ༢ ཐོག་གྲོང་ཁྱེར་ Split གྲོང་སྡེ་ Dolmation གྱི་འཛིན་སྐྱོང་ལྷན་ཚོགས་ནས་གྲགས་ཅན་གསོལ་མགྲོན་ཁང་ཞིག་ཏུ་མགྲོན་འབོད་གནང་སྟེ་གྲོང་སྡེ་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་གཙོ་བོར་གྱུར་པའི་སྤྱི་ཚོགས་ལས་རིགས་ཁག་གི་འགན་ཁུར་བས་སྣེ་ལེན་གཟབ་རྒྱས་གནང༌།

གྲོང་སྡེའི་དབུ་ཁྲིད་ཁག་དང་མཇལ་མོལ་གནང་རིང་གྲོང་སྡེའི་འགོ་མང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོས་སྲིད་མཛད་འཕྲིན་དང༌། བོད་ཀྱི་ཛ་དྲག་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་ལ་ཚད་མཐོའི་གུས་བརྩི་དང༌། ལྷག་པར་རྒྱ་ནག་གཞུང་གི་འགོ་ཁྲིད་འགའ་ཤིག་ཁུལ་དེར་འཚམས་འདྲིར་ཕེབས་སྐབས་བོད་དོན་སྐོར་གླེང་སློང་གནང་ཐབས་གནང་བའི་གནས་ཚུལ་སྙན་གསན་ཞུས་པ་དང༌། བཀའ་ཁྲི་མཆོག་གིས་ཀྱང་ཁོང་ཚོའི་ལྷག་བསམ་ཟོལ་མེད་ཀྱི་སེམས་ཁུར་ལ་བསྔགས་བརྗོད། དེ་བཞིན་བོད་དོན་སྐོར་གཞི་རིམ་གནས་ཚུལ་གསལ་བཤད་གནང་དགོས་ཁག་རྒྱས་གླེང་བཅས་མཇལ་མོལ་དོན་སྙིང་ལྡན་པ་བྱུང༌། སླར་ཡང་གསར་འགོད་པར་དྲིས་ལན་གནང༌། དགོང་དྲོ་ཚོུད་ ༧ པའི་ཐོག་གྲོང་ཁྱེར་གྱི་རྩེད་ཐང་ཞིག་ཏུ་ཕེབས་ནས་དོན་གཉེར་ཅན་གྱི་ལས་རིགས་ཁག་གི་མི་མང་ ༡༨༠ བརྒལ་བར་ “བོད་མི་མང་དང༌། ཆོས་དང་རིག་གཞུང༌། འཚེ་མེད་ཞི་བ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་རྒྱ་ཆེ་གནང༌།

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཚོུད་ ༨། ༣༠ ཐོག་བཞུགས་ཡུལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་བའི་ཐོག་ཐེངས་དེའི་འཚམས་འདྲིའི་གནང་སྒོ་དང༌། གསར་འགོད་པས་བོད་ཀྱི་དུས་བབ་སྐོར་དང༌། བོད་རྒྱའི་འབྲེལ་བའི་སྐོར། བཙན་བྱོལ་བོད་མིའི་ཆོས་སྲིད་སྒྲིག་འཛུགས་སོགས་གཞི་རྒྱ་ཆེ་བའི་གནད་དོན་ལ་བཀའ་འདྲི་ཞུས་པར་བཀའ་ལན་གནང་བ་རྒྱལ་ཡོངས་སུ་དྲིལ་བསྒྲགས་ཆེན་པོ་བྱུང་འདུག ཚོུད་ ༡༠། ༣༠ ཐོག་བུད་དྷ་པི་སི་གཙུག་ལག་སློབ་གྲྭ་ཆེན་མོའི་དཔལ་འབྱོར་ཚན་ཁག་གི་འཛིན་གྲྭས་མགྲོན་འབོད་ཞུས་པ་ལྟར་གཙུག་ལག་སློབ་གྲྭར་ཕེབས་སྐབས་སློབ་སྤྱི་གཞོན་པས་སྣེ་ལེན་གཟབ་རྒྱས་དང་འབྲེལ་སློབ་གསོའི་གནས་ཚུལ་སྙན་གསན་ཞུས་ཤིང༌། ཁོང་གིས་ཕེབས་རོགས་ཞུས་ཏེ་དཔལ་འབྱོར་རིག་པའི་ཆེད་སྦྱོང་འཛིན་གྲྭ་ཞིག་གི་དགེ་སློབ་མི་གྲངས་ ༤༠ བརྒལ་བར་སྲོལ་རྒྱུན་གྱི་རང་འཚོའི་དཔལ་འབྱོར་ནས་དེང་རབས་བག་མེད་ལོངས་སྤྱོད་ཀྱི་དཔལ་འབྱོར་ལམ་ལུགས་སུ་འཕོ་འགྱུར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བར་མི་སེམས་རབ་ཏུ་གཡོ་བའི་དགའ་བསུ་ཞུས། ཚོུད་ ༡༢། ༣༠ ཐོག་ཁཱོ་ཤི་ཡའི་མགྲོན་བདག་གཙོ་བོ་ Credo དངུལ་ཁང་ཆེན་མོས་མགྲོན་འབོད་ལྟར་དངུལ་ཁང་དུ་ཕེབས་ནས་འགན་འཛིན་རྣམས་དང་མཇལ་མོལ་གནང༌། ཉིན་གུང་དངུལ་ཁང་ནས་ཕེབས་སྟོན་གྱི་གསོལ་སྟོན་རྒྱ་ཆེ་བཤམས་ཏེ་སྣེ་ལེན་ཞུས། དགོང་དྲོ་ཚོུད་ ༨ ཐོག་ལས་རིགས་ཁག་གི་མི་མང་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་སོགས་ཁྱོན་མི་གྲངས་ ༣༠༠ བརྒལ་བར་བོད་རང་དབང་རྩོད་ལེན་ཆེད་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་སྐོར་གསུང་བཤད་དང༌། བཀའ་འདྲིའི་གོ་སྐབས་གནང་བ་བཅས་མི་མང་ལ་སེམས་འགུལ་ཤུགས་ཆེ་བྱུང་སྟེ་ཚོགས་ཁང་ནས་བཀའ་ཁྲི་མཆོག་དང་བྲལ་མི་ཕོད་པ་ལྟ་བུའི་ཆེ་མཐོང་གུས་རྩིའི་ཚོར་ཤུགས་ཤུགས་ཆེ་ཞིག་བསྟན་འདུག་པ་བཅས་ཁཱོ་ཤི་ཡའི་གནང་སྒོ་ཁག་ཕུན་སུམ་ཚོགས་པོའི་ལེགས་གྲུབ་བྱུང༌།

ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཁཱོ་ཤི་ཡ་ནས་འཇར་མན་ལ་ཕེབས་ཐོན་གནང༌། ཚོུད་ ༡༢། ༣༠ ཐོག་ཁཱོ་ཤི་ཡ་ནས་འཇར་མན་གྱི་ཧི་སིན་མངའ་སྡེའི་ཝི་སི་བྷ་ཌན་གྱི་གནམ་ཐང་དུ་ཕེབས་སྐབས་ཧི་སིན་མངའ་སྡེའི་སྲིད་སྐྱོང་Roland Koch གི་སྐུ་ཚབ་དང༌། མངའ་སྡེ་གཞུང་གི་སྣེ་ཤན་སྤྱི་ཁྱབ་ Dieter Beine ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་མཐུད་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་སོགས་ཕེབས་བསུར་བཅར་ནས་མངའ་སྡེས་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་ཞུས་ཏེ་སྲིད་སྐྱོང་ལས་ཁུངས་སུ་ཕེབས་ནས་སྲིད་གཞུང་གི་གཞུང་ལས་ཁང་ཁག་གི་སྒྲིག་བཀོད་ཁག་ལ་གཟིགས་ཞིབ་དང༌། འཛིན་སྐྱོང་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གསན། ཉིན་གུང་མངའ་སྡེའི་དྲུང་ཆེ་དང༌། གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་སྐུ་ཞབས་ Dirk Metz ནས་བཀའ་ཁྲི་མཆོག་ལ་ཕེབས་སྟོན་གྱི་གསོལ་སྟོན་རྒྱ་ཆེ་ཞིག་བཤམས་ནས་གཞུང་འབྲེལ་སྣེ་ལེན་གཟབ་རྒྱས་གནང་བ་དང༌། མགྲོན་རོགས་སུ་དྲུང་ཆེ་མཆོག་དང༌། སྲིད་སྐྱོང་སྐུ་ཞབས་རོ་ལན་ཌི་ཀོག་གི་ཐབས་བྱུས་སློབ་སྟོན་པ་སྐུ་ཞབས་ Reinhard Derin མངའ་སྡེའི་དྲུང་ཆེ་ཟུར་པ་ Ost སོགས་ཞི་དྲག་དཔོན་རིགས་དང༌། གནད་ཡོད་མི་སྣ་བཅུ་ཕྲག་ཁ་ཤས་དང་ནང་མོལ་རྒྱ་ཆེ་གནང༌། གསོལ་སྟོན་གྲུབ་རྗེས་གྲོང་ཁྱེར་དུ་བཅའ་བཞུགས་ཕྱི་སོག་གི་ཁེ་སྐྱོང་གཞུང་ཚབ་སྐུ་ཞབས་ Dirk Pfeil དང༌། འཇར་མན་ Wave གི་གསར་འགོད་པ་ཁག་སོ་སོར་མཇལ་མོལ་བཅས་གནང༌། དགོང་དྲོ་ཚོུད་ ༧ ཐོག་དེ་ཉིན་བཀའ་ཁྲི་མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་ཡིན་པར་བརྟེན་བོད་གྲོགས་དམ་པ་སྐུ་ཞབས་བྷོར་ཁ་ཎར་སོགས་ནས་གོ་སྒྲིག་གནང་སྟེ་འཁྲུངས་སྟོན་མཛད་སྒོ་ཞིག་གནང་བའི་ཐོག་གྲོང་ཁྱེར་གྱི་ཆབ་སྲིད་དང༌། བཟོ་ཚོང༌། རིག་གཞུང༌། ཆོས་ལུགས་བཅས་ཀྱི་གནད་ཡོད་མི་སྣ་ ༧༠ བརྒལ་བ་འདུ་འཛོམས་གནང་སྟེ་བཀའ་ཁྲི་མཆོག་ལ་འཚམས་འདྲི་དང་འབྲེལ་བོད་དོན་རྒྱབ་སྐྱོར་ལ་སྨན་པའི་གཞི་རིམ་གནད་དོན་ཐད་དགོངས་འཆར་བརྗེ་ལེན་དང༌། བཀའ་ཁྲི་མཆོག་གིས་གུས་ལན་གསུང་བཤད་རྒྱ་ཆེ་གནང་བར་དགའ་བསུ་ཚད་མེད་ཞུས་པ་བཅས་མགྲོན་སྦྱིན་ལྷན་རྒྱས་འཁྲུངས་སྟོན་ལ་རོལ།

ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཧི་སིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Roland Koch སྐུ་སྒེར་གཞུང་ལས་ཁང་དུ་མགྲོན་འབོད་གནང་སྟེ་སྲིད་སྐྱོང་མཆོག་དང་འཚམས་འདྲིའི་མཇལ་མོལ་གནང༌། དེ་རྗེས་སྲིད་སྐྱོང་མཆོག་དང༌། བཀའ་བློན་ཁྲི་པ་མཆོག དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། སྐུ་ཞབས་ Bruckner བཅས་ལྷན་བཞུགས་ཐོག གཙོ་བོ་ཉེ་སྔོན་མངའ་སྡེའི་སྲིད་སྐྱོང་ྋགོང་ས་མཆོག་མཇལ་འཕྲད་སྐབས་ཡོ་རོབ་ཏུ་བོད་དོན་ལས་འགུལ་གོང་སྤེལ་ཆེད་སློབ་སྟོན་ཚོགས་ཆུང་ཞིག་འཛུགས་རྒྱུ་ཞུས་པ་དེའི་མི་འགྲོ་དང༌། ཚོགས་དུས། གྲོས་གཞི་བཅས་ཀྱི་ཐག་གཅོད་སྐོར་བཀའ་གྲོས་རྒྱས་པར་གནང༌། ཉིན་རྒྱབ་བཀའ་ཁྲི་མཆོག་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་གཉིས་བར་ལྷན་འཛོམས་བཀའ་བསྡུར་བཅས་བཀའ་ཁྲི་མཆོག་གི་ཡོ་རོབ་རྒྱལ་ཁབ་གསུམ་གྱི་འཚམས་འདྲིའི་གནང་སྒོ་ཁག་སྔོན་དཔག་ལས་ཡོངས་སུ་བརྒལ་བའི་ལེགས་གྲུབ་གནང་སྟེ་དེ་ཉིན་ཕྱི་དྲོ་རྒྱ་གར་ལ་ཕྱིར་ལོག་གིས་ཕྱི་ཚེས་ ༧ ཉིན་བཞུགས་སྒར་དུ་བདེ་འབྱོར་བྱུང་བ་བཅས།