རི་མོ་བ་བསོད་ནམས་ལྷུན་གྲུབ་ལགས་ཀྱི་རི་མོའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་གནང་བའི་གསུང་བཤད།

བོད་ཀྱི་རི་མོ་མཁན་བསོད་ནམས་ལྷུན་གྲུབ་ལགས་ཀྱི་སོ་སོའི་ལག་ཤེས་རི་མོའི་སྒྱུ་རྩལ་ཐོག་ནས་བྲིས་པའི་རི་མོའི་རྣམ་གྲངས་མང་པོ་ཞིག་དེ་རིང་འགྲེམས་སྟོན་གནང་བར་ང་རང་སྒེར་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་བཀའ་ཤག་གི་ངོས་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང༌། འགྲེམས་སྟོན་དེ་དོན་འབྲས་ལྡན་པ་ཞིག་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར་ང་རི་མོ་མཁན་དང༌། རི་མོའི་རིག་གནས་ཐོག་ལ་སློབ་སྦྱོང་བྱེད་མྱོང་མེད། དེར་བརྟེན་རི་མོའི་འགྲེམས་སྟོན་སྒོ་འབྱེད་བྱེད་རྒྱུ་དེ་ལས་འགན་འཁྱེར་རྒྱུ་དང༌། རི་མོའི་སྐོར་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་གང་ཡང་མེད། འོན་ཀྱང་བར་ལམ་ཞིག་ནས་གཙུག་ལག་ཁང་གི་ཉེ་འགྲམ་ཕྱི་དྲིལ་འགྲེམས་སྟོན་ཁང་དུ་བོད་རིགས་རི་མོ་མཁན་མང་པོ་ཞིག་ནས་འགྲེམས་སྟོན་གནང་སྐབས་ང་མགྲོན་འབོད་བྱས་པ་ཐེངས་གསུམ་ཙམ་བྱུང་སོང༌། དེའི་ཐོག་ནས་རི་མོའི་སྒྱུ་རྩལ་དང༌། རི་མོའི་རིག་གནས་ཀྱི་ཐོག་ལ་ཕན་རླབས་ཡོང་མིན་མ་ཤེས་ཀྱང༌། རི་མོའི་སྒྱུ་རྩལ་གྱི་གལ་གནད་ཏན་ཏན་ཤེས་རྟོགས་ཡོད། ལྷག་པར་སྔོན་མ་བོད་ནང་རི་མོ་མཁན་གྲགས་ཅན་སྤྲུལ་པའི་བཟོ་བོ་ཞེས་པ་མང་པོ་བྱུང་ཡང༌། ཁོང་ཚོ་སྲོལ་རྒྱུན་གྱི་རི་མོའི་ལམ་སྲོལ་ནང་བསྡད་ནས་དེ་རང་གི་ཐོག་ནས་འདྲ་བཤུས་བྱས་པ་ཙམ་མ་གཏོགས། རང་གི་རྣམ་རྟོག་གི་འགྱུ་བ་བཞིན་གང་དྲན་འབྲི་རྒྱུའི་གོ་སྐབས་ཉུང་ངུ་རེད། གོ་སྐབས་དེ་ནི་བོད་ལ་བསྟན་པ་ཆབ་སྲིད་ཀྱི་ཉམས་ཆག་བྱུང་ནས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་རྗེས་ཐོབ་པ་ཞིག་རེད། བཙན་བྱོལ་དུ་ཕེབས་མཁན་ཚོས་ནུབ་ཕྱོགས་ཀྱིས་མཚོན་པའི་ཕྱིའི་ལེགས་བྱང་ཐོག་སྒོ་ཕྱེ་བ་ལྟ་བུའི་ངོ་སྤྲོད་་བྱུང་བ་དང༌། དེ་བཞིན་ནང་དུ་སྡོད་མཁན་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་རི་མོའི་སྒྱུ་རྩལ་སྣ་ཚོགས་ཤིག་ལ་འབྲེལ་བ་བྱུང་ནས་དེས་ཏན་ཏན་ང་ཚོ་བོད་ཀྱི་རིག་གནས་ནང་ནས་རི་མོའི་རིག་གནས་ཐོག་བསྒྱུར་བཅོས་དང༌། ཡར་རྒྱས་ཆེན་པོ་ཞིག་འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་འགྲོ་བཞིན་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། བདུན་ཅུ་དོན་གྲངས་ནང་བོད་པའི་རི་མོ་སྒྱུ་རྩལ་ནང་ཚུད་ཆེད་འཐབ་རྩོད་བྱེད་དགོས་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། སྲོལ་རྒྱུན་གྱི་རི་མོ་སྒྱུ་རྩལ་མ་ཡིན་པ་ཞིག་སུས་ཀྱང་སྒྲུབ་ཐུབ་ཀྱི་མ་རེད། སྒྲིག་འཛུགས་ཀྱི་ས་མཚམས་ཤིག་ནང་བསྡད་དགོས་སྟབས་གང་ཟག་བྱེ་བྲག་པའི་རྣམ་དཔྱོད་ཀྱི་རྩལ་གང་འཆར་བ་ཤུགས་ཆེ་འདོན་རྒྱུའི་གོ་སྐབས་ཐོབ་མེད། ད་ལྟ་ངས་རི་མོ་རེ་རེ་བཞིན་མཇལ་རྒྱུ་མ་བྱུང༌། འོན་ཀྱང་མང་ཆེ་བར་རི་མོ་མཁན་གྱི་རྣམ་རྟོག་གི་འགྱུ་བ་མཐའ་མེད་པར་བརྟེན་བརྡ་སྤྲོད་ཤུགས་ཆེན་པོ་ཞིག་བྱུང་ཡོད་ཚོད་འདུག དཔེར་ན་སྙན་ངག་གི་རིག་གནས་ནང་བལྟ་བྱའི་སྙན་ངག་དང༌། མཉན་བྱའི་སྙན་ངག་ཞེས་གཉིས་སུ་ཕྱེ་དགོས་པའང༌། སྐབས་རེ་ཚིག་གིས་མཚོན་མི་ནུས་པའི་བློའི་འགྱུར་བ་དེ་རྣམས་རི་མོ་དང༌། བཟོ་བཀོད་སྒྱུ་རྩལ་གྱི་ལམ་ནས་མཚོན་དགོས་ཤིང༌། ངག་གི་སྨྲ་བརྗོད་ཀྱིས་མཚོན་མི་ནུས་པའི་བློའི་འགྱུར་བ་མང་པོ་ཞིག་རི་མོའི་སྒྱུ་རྩལ་གྱི་ལམ་ནས་མཚོན་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། ནང་གི་བསམ་པའི་འགྱུར་བ་མང་པོ་ཞིག་ངག་གིས་མ་བསྙབ་སར་རི་མོས་བསྙབ་པར་བྱས་ཏེ་བལྟ་བྱའི་སྙན་ངག་བཟོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་སྒྱུ་རྩལ་གྱི་ལམ་ནས་ཕུན་སུམ་ཚོགས་པ་ཞིག་དང༌། གལ་ཆེར་འཛིན་ནས་དོ་སྣང་གནང་བ་ནི་ཧ་ཅང་ཡག་པོ་རེད། ལྷག་པར་དུ་བོད་ཀྱི་རི་མོའི་སྒྱུ་རྩལ་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་རྣམས་མི་ཉམས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་ཡར་རྒྱས་གཏོང་རྒྱུའི་ལས་འགན་ནི་དེང་རབས་གཞོན་སྐྱེས་རྣམས་ཀྱི་ཕྲག་པར་ཡོད། ཡར་རྒྱས་གཏོང་སྐབས་ངེས་པར་དུ་བསམ་བློ་གཏོང་དགོས་པ་གལ་གནད་ཆེ་བ་ཞིག་ནི་ལེགས་བྱང་གཞན་གྱི་ཤན་ཞུགས་དང་དབང་སྒྱུར་འོག་མི་འགྲོ་བ་ཞིག་བྱེད་མ་ཐུབ་པ་ཡིན་ན་སྒྱུ་རྩལ་དེས་མི་རིགས་ཀྱི་ངོ་བོ་མཚོན་མི་ཐུབ་པ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་ལས་གྲུབ་པའི་རི་མོའི་མངོན་པར་གསལ་བར་བྱེད་པའི་ཐབས་ལམ་གང་ཡོད་པ་དེ་རྣམས་ཐུན་མོང་མ་ཡིན་པའི་གནས་སྐབས་ལ་ཉར་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། དེ་རིང་གི་རི་མོའི་སྒྱུ་རྩལ་ནང་དེ་ཉར་ཐུབ་པའི་གནས་སྟངས་ཤིག་ངས་མཐོང་གི་འདུག

༢༠༠༧ ཕྱི་ཟླ་ ༨ ཚེས་ ༢༥ ཉིན་རི་མོ་བ་བསོད་ནམས་ལྷུན་གྲུབ་ལགས་ཀྱི་རི་མོའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོར་
གནང་བའི་གསུང་བཤད།