རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་སློབ་གྲྭར་མཛད་འཕྲིན་བསྐྱངས་པ།

ཇི་ལྟར་སེར་བྱེས་འབྲིང་རིམ་སློབ་གྲྭ་ནས་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༣ ཉིན་གུང་ཙམ་ལ་སེར་བྱེས་སློབ་གྲྭར་ཕེབས་འབྱོར་བྱུང་འདུགVisited at Sera 2 ༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སྔ་དྲོ་སེར་བྱེས་འབྲིང་རིམ་སློབ་གྲྭས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོར་བསྲུང་བརྩི་ཞུ་སླད་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཉིན་གཉིས་རིང་གསུང་བཤད་གནང་རྒྱུའི་མཛད་རིམ་གོ་སྒྲིག་ཞུས་པ་ལྟར་ཐོག་མར་སེར་བྱེས་མཁན་ཚབ་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ། སེར་བྱེས་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་བཅས་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་རྗེས་དབུ་འབྱེད་མཛད་སྒོ་དབུ་འཛུགས་བསྐྱངས་ཤིང་། Visited at Sera 4དེ་ཡང་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་དབྱེ་གནང་མཚམས། རྒྱལ་བའི་ཞབས་བརྟན་གསོལ་འདེབས་འདོན་པ་དང་ཆབས་ཅིག་གསོལ་ཇ་འབྲས་བསིལ་ཕེབས། རབ་བྱུང་སློབ་ཕྲུག་འགའ་ཞིག་ནས་བཀྲིས་བརྗོད་ཚིག་དང་། དེ་ནས་སེར་བྱེས་སློབ་སྤྱིས་དགའ་བསུའི་གསུང་བཤད། སེར་བྱེས་སློབ་གྲྭའི་སློབ་ཕྲུག་རྒན་པ་དྲུག་ནས་རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་གསུམ་སྐོར་གསུང་བཤད་དང་བགྲོ་གླེང་། དེ་ནས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྤྱིར་རྒྱལ་བ་ཐམས་ཅད་དང་། ལྷག་པར་དུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པོ་ཆེན་པོ་མཆོག་བཀའ་དྲིན་ཆེ་ཚུལ། Visited at Sera 3བཀའ་བཞིན་སྒྲུབ་པའི་མཆོད་པ་གལ་ཆེ་ཚུལ། ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར། བོད་ནང་བྱུང་བའི་འདས་པའི་ནང་ཁུལ་དམག་འཁྲུགས་རྣམས་ཆོས་ལ་བརྟེན་ནས་མིན་པར། ཆབ་སྲིད་དང་དབང་ཆ་འཐབ་རྩོད་ལ་བརྟེན་ནས་བྱུང་ཚུལ་སོགས་རྒྱས་པར་གསུངས། མཐར་སློབ་གྲྭའི་དགེ་རྒན་ཆེན་མོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲུབ། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་ཁྲིམས་ཞིབ་པ་དང་། ས་གནས་འགོ་འཛིན་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་ལས་སྣེ། སེར་བྱེས་གྲྭ་ཚང་གི་མཁན་ཚབ་མཆོག་དང་། དགེ་བསྐོས། དབུ་མཛད་སོགས་གནད་ཡོད་མང་པོ་ཕེབས་འཛོམས་བྱུང་འདུག

དེ་ནས་དངོས་གཞིའི་ཚོགས་ཐེངས་དང་པོ་དབུ་འཛུགས་སྐབས་སེར་བྱེས་སློབ་གྲྭའི་འགན་འཛིན་མཆོག་ནས་གསུང་བཤད་ཀྱི་མཛད་རིམ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སོགས་རྒྱས་པར་གསུངས་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཐོག་མར་དེང་རབས་དང་སྲོལ་རྒྱུན་གྱི་གོ་དོན་དང་། དེང་རབས་ཀྱི་ཉེས་སྐྱོན། སྲོལ་རྒྱུན་གྱི་ཕན་ཡོན། དེ་གཉིས་དབར་ཁྱད་པར། དེ་གཉིས་ཀྱི་མཇུག་འབྲས། ལྷག་པར་དུ་དེང་རབས་ཀྱིས་ཆ་མི་མཉམ་པ་ལྔ་བཟོས་ཚུལ་སོགས་རྒྱས་པར་གསུངས་རྗེས། སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་སློབ་གསོའི་བརྗོད་གཞིའི་ཐོག་གསུངས་པ་མ་ཟད། དྲི་བ་དང་དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་བཅས་གནང་འདུག

Visited at Sera 1ཉིན་རྒྱབ་གསོལ་ཚིགས་རྗེས་སེར་བྱེས་འབྲིང་རིམ་སློབ་གྲྭས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་རྗེས། ཚོགས་ཐེངས་གཉིས་པའི་བརྗོད་གཞི་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཚན་དང་སློབ་ཁྲིད་ཐབས་ལམ་བཅས་ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་བཅས་གནང་འདུག

༢༠༡༥ ཕྱི་ཟླ་ ༦ ཚེས་ ༡༥ ཉིན་སྔ་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གོ་ལ་གཅིག་སྒྱུར་དང་བག་མེད་ལོངས་སྤྱོད་ཀྱི་རིང་ལུགས་ཀྱི་ཐེག་པའམ་བཞོན་པ་དེ་དེང་རབས་ཀྱི་ཤེས་ཡོན་ཡིན་ཚུལ་སོགས་རྒྱས་པར་གསུངས་རྗེས། སྲོལ་རྒྱུན་དང་དེང་རབས་ཀྱི་དགེ་རྒན་གྱི་བརྗོད་གཞིའི་ཐོག་གསུངས་པ་མ་ཟད། དྲི་བ་དང་དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་བཅས་ལྷུག་པོར་གནང་འདུག

Visited at Sera 5ཉིན་གུང་གསོལ་ཚིགས་སུ་ཕེབས་ཁར་སེར་བྱེས་སློབ་གྲྭའི་དགེ་ལས་རྣམས་དང་། སློབ་གྲྭའི་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་ལྷན་དུ་སོ་སོར་སྐུ་པར་བསྒྲོན་ཞིང་། དེ་བཞིན་ཉིན་རྒྱབ་ཀྱི་ཚོགས་ཐེངས་ཆེད་ཕེབས་ཁར་སེར་བྱེས་སློབ་ཕྲུག་ལྷན་དུ་སྐུ་པར་བསྒྲོན་པ་བཅས་གནང་འདུག

སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཉིན་རྒྱབ་ཀྱི་ཚོགས་ཐེངས་སུ་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་ཕྲུག་ཐོག་གསུང་བཤད་གནང་རྗེས། དྲི་བ་ཁག་དང་དྭོགས་འདྲི་ཁག་ལ་ལན་འདེབས་དང་གསལ་བཤད་གནད་སྨིན་གནང་ཞིང་། མཐར་སེར་བྱེས་གྲྭ་ཚང་གི་མཁན་ཚབ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག

དེ་ནས་སེར་བྱེས་གྲྭ་ཚང་གིས་གསོལ་འདེབས་ཞུས་པ་བཞིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སེར་བྱེས་ཆོས་རྭར་གཟིགས་སྐོར་དང་འདུ་ཁང་དུ་མཆོད་མཇལ་བཅས་གནང་བ་མ་ཟད། སེར་བྱེས་སློབ་གྲྭའི་ཆོས་རྭར་ཡང་གཟིགས་སྐོར་བཅས་གནང་སྟེ་མཛད་རིམ་གྲུབ་འདུག