རྒྱ་ནག་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་བགྲོ་གླེང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།

རྒྱ་ནག་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་བགྲོ་གླེང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད། བློ་མཐུན་པ་རྣམ་པ་ཚོ། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱ་ནག་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། བོད་ཀྱི་དངོས་ཡོད་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་བ་འདི་དུས་ཀྱི་དགོས་མཁོ་དང་འཚམས་པ་ཡག་པོ་བྱུང་འདུག བགྲོ་གླེང་ཚོགས་འདུར་རྒྱ་གར་དང༌། ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་མཁས་དབང་མང་ཙམ་ཞིག་གདན་འདྲེན་ཞུས་པ་ལྟར་ཚང་མ་དེ་རིང་ཕེབས་ཐུབ་པར་བོད་གཞུང་བཀའ་ཤག་དང༌། ང་རང་སྒེར་གྱི་ངོས་ནས་ལེགས་སོའི་བསྔགས་བརྗོད་དང༌། དགའ་བསུ་ཞུ་བ་དང་ཆབས་ཅིག་བགྲོ་གླེང་འདི་ཚད་དང་ལྡན་པ་དང༌། དོན་དང་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

བགྲོ་གླེང་གི་བརྗོད་གཞིའི་སྐོར་གོང་དུ་ཕྱི་དྲིལ་བཀའ་བློན་གྱིས་རྒྱས་ཤིང་རྒྱས་པ་བཀའ་གནང་གྲུབ་པར་བརྟེན་བསྐྱར་ལྡབ་ཞུ་དགོས་གང་ཡང་མི་འདུག དེ་མིན་ངས་ ཛྲསྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། ཛྲ ཅེས་གསུངས་པ་བཞིན་རྡ་སར་བཞུགས་མཁན་ཚོས་ཡང་ཡང་གསན་གྲུབ་པའི་གནས་ཚུལ་ཞིག་མ་གཏོགས། སྐད་ཆ་གསར་པ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་མཛད་རིམ་ནང་ངས་གཏམ་བཤད་བྱ་རྒྱུ་འཁོད་ཡོད་སྟབས། ས་བཅད་མ་སྟོང་ཙམ་གྱི་ཆེད་དུ་སྐད་ཆ་རྙིང་པ་ཁ་ཤས་བསྐྱར་ཟློས་ཀྱིས་ཞུ་རྒྱུ་ཡིན། ཕྱི་རྒྱལ་ནས་ཕེབས་མཁན་ཚོར་དོན་གནད་ཁ་ཤས་གསར་པའང་ཡིན་སྲིད་ཀྱི་རེད།

ང་ཚོ་ཚང་མའི་དྲན་ཡུལ་དང་ཚོར་བ་གཉིས་ཀའི་ནང་གསལ་པོ་ཡོད་བཞིན་པའི་བོད་ཅེས་པ་དེ་འཛམ་གླིང་ས་ཡི་ཡང་ཐོག་གམ། འཇིག་རྟེན་གྱི་མཛེས་རྒྱན་དུ་ལོ་སྟོང་ཕྲག་མང་པོའི་སྔོན་ནས་མུ་མཐུད་དེ་གནས་པའི་ཡུལ་ལུང་ཕུན་སུམ་ཚོགས་པ་ཞིག་ཡིན། ང་ཚོ་གནམ་གྲུའི་ནང་འགྲུལ་བཞུད་བྱེད་པའི་སྐབས་ཆབ་སྲིད་མ་ཡིན་པའི་ས་བབ་ཀྱི་ས་ཁྲ་ཞིག་བརྙན་འཕྲིན་ནང་བཏོན་གྱི་ཡོད་པ་དེའི་ནང་བོད་ཀྱི་ཡུལ་ལུང་ཕྱོགས་ཐམས་ཅད་ནས་ཆེས་མཐོ་བའི་གངས་རིའི་རྭ་བས་བསྐོར་བ་དང༌། དེའི་དབུས་རི་ཐང་འདྲེས་མའི་ཚུལ་དུ་ཡོད་པ་ཕྲ་ལམ་མེར་འབུར་དུ་ཐོན་པ་ཞིག་མཐོང་རྒྱུ་ཡོད། སྣོད་ཀྱི་བཀོད་པའི་དབང་དུ་བྱས་ན་འཛམ་གླིང་གཞན་ལ་མེད་པ་ཞིག་རེད་ཅེས་བརྗོད་ཆོག་པ་ཞིག་ཡིན། དེ་རིང་འདིར་ཆོས་ཀྱི་སྐད་ཆ་ཤོད་རྒྱུ་འབྲེལ་བ་མེད་ཀྱང༌། ཆོས་པ་ཚོའི་ཤོད་སྟངས་ལྟར་ན་བོད་ཆོས་ལྡན་གྱི་ཞིང་ཁམས་དང༌། སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་ཟེར་གྱི་ཡོད་པ་རྣམས་སྣོད་ཀྱི་བཀོད་པ་གཅིག་པུར་བལྟས་ཀྱང་རང་བཞིན་གྱིས་འབུར་དུ་ཐོན་པ་ཞིག་མཐོང་རྒྱུ་ཡོད།

དེའི་ནང་ཡོད་པའི་བཅུད་ཀྱི་སེམས་ཅན་སྤྱི་དང༌། གལ་ཆེ་བ་བོད་མི་རིགས་ལ་ཆ་མཚོན་ན་ཤ་ཁྲག་གི་རྒྱུད་པའི་ཐོག་ནས་མི་རིགས་གཞན་ལས་ཐ་དད་དུ་གནས་པའི་རིགས་རུས་གནས་བབ་ཡོད་པ་ཙམ་མ་ཟད། གཙོ་ཆེ་བ་ནང་བསམ་པའི་ཡོན་ཏན་གྱི་ཐོག་ནས་ཟུར་དུ་དབྱེ་རྒྱུ་ཡོད་པའི་མི་རིགས་ཤིག་རེད། བོད་མི་རིགས་ཀྱི་ཁྱད་ཆོས་བཤད་སྐབས་སྣ་ཁུང་ལེབ་ལེབ་དང་ཙོག་ཙོག དཔྲལ་བ་ཆེན་པོ་དང་ཆུང་ཆུང༌། མིག་སྒོར་སྒོར་དང་ནར་ནར་ཟེར་བ་ཙམ་མ་ཡིན་པར་གཞན་ལས་ཁྱད་དུ་འཕགས་པའི་རྣམ་འབྱེད་ཤེས་རབ་ཀྱི་དབང་གིས་མཁས་པའི་འབྱུང་གནས་ཀྱི་མི་རིགས་ཤིག་ཡིན། མི་ཉུང་ཉུང་ཞིག་གིས་དུས་ཚོད་ཐུང་ཐུང་གི་ནང་འཛམ་གླིང་མི་རིགས་གཞན་སུས་ཀྱང་མ་ཐུབ་པའི་རླབས་ཆེན་གྱི་བྱ་གཞག་དང་ལག་རྗེས་མང་པོ་བཞག་ཡོད། ངས་ནམ་རྒྱུན་རིག་གནས་དང་རྣམ་དཔྱོད་ཀྱི་ཆ་ནས་བོད་མི་དང་འགྲན་ཐུབ་མཁན་གྱི་མི་རིགས་གཞན་སུའང་ཡོད་པ་མ་རེད་ཅེས་བཤད་སྐབས་མི་ཁ་ཤས་འདྲོགས་ཀྱི་འདུག སྤྱིར་བཏང་རིག་པའི་གཞུང་ལུགས་དང༌། ལྟ་གྲུབ་སོགས་ཀྱི་བརྒྱུད་རིམ་ལ་བལྟས་ན་བོད་པ་ནི་རྒྱ་གར་བའི་དགེ་ཕྲུག་དང་རྗེས་འཇུག་པ་ཡིན་ནའང༌། ལྟ་གྲུབ་དང་རིག་པའི་གཞུང་ལུགས་ཀྱི་ཐོག་ལག་རྗེས་འཇོག་སྟངས་ལ་བལྟས་ན་བོད་མི་རྣམས་རྒྱ་གར་བ་ལས་ཧ་ཅང་གི་ཁྱད་པར་དུ་འཕགས་པ་ཡིན། མཚུངས་བསྡུར་བྱེད་དགོས་པ་མེད་ཀྱང༌། གལ་སྲིད་མཚུངས་བསྡུར་བྱས་པ་ཡིན་ན། བོད་རིགས་མི་འབོར་ས་ཡ་དྲུག་ལས་མ་བརྒལ་བ་ཞིག་གིས་དུས་ཡུན་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་ནང་རིག་གཞུང་དང་ལྟ་གྲུབ་ཀྱི་ཐོག་ལག་རྗེས་ཇི་ཙམ་བཞག་པ་དེ་དང༌། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་ལྟ་བུ་མི་འབོར་ས་ཡ་སྟོང་ཕྲག་མང་པོས་དུས་ཡུན་ལོ་ལྔ་སྟོང་ནས་བདུན་སྟོང་བར་གྱི་བྱུང་རབས་ཀྱི་ཕྲེང་བ་ཡོད་མཁན་རྣམས་དང་བསྡུར་ན་ང་ཚོ་རྗེས་ལུས་ཐེབས་མེད་པ་མ་ཟད་མདུན་བསྐྱོད་བྱས་ཡོད་པ་དང༌། ལེགས་པ་བྱུང་ཡོད། དེ་དག་གི་རྒྱུ་མཚན་ཞིབ་ཚགས་ཤོད་རྒྱུ་གོ་སྐབས་མིན་པས་ཁྱེད་རྣམ་པས་ཞིབ་འཇུག་གནང་ན་མཁྱེན་ཐུབ་ཀྱི་རེད།

དེ་འདྲའི་ཁྱད་ཆོས་དང་ལྡན་པའི་སྣོད་ཀྱི་འཇིག་རྟེན་དང༌། དེའི་ནང་གནས་པའི་བཅུད་ཀྱི་སེམས་ཅན་བོད་མི་རིགས་གཉིས་ཀ་ད་ལྟའི་གནས་སྐབས་སུ་ཆགས་འཇིག་གི་གནས་སུ་གྱར་ཡོད། མ་འོངས་པར་བོད་མི་རིགས་འདི་མུ་མཐུད་གནས་ཐུབ་བམ་རྩ་མེད་དུ་འགྲོ་རྒྱུ་ཡིན་ཆ་མ་རྟོགས། གཅིག་བྱས་ན་སྔོན་མ་བོད་ཅེས་པའི་ཡུལ་ལུང་ཞིག་ཡོད་པ་དང༌། དེའི་ནང་ལ་མི་རིགས་འདི་འདྲ་ཞིག་ཡོད་པ་རེད་ཅེས་འགྲེམས་སྟོན་ཁང་ཁག་གི་ནང་འདམ་བག་དང་ཡང་ལས་བཟོས་པའི་བོད་མི་སྐྲ་རིང་པོ་ཡོད་མཁན་དེ་འདྲ་བཞག་སྟེ་ལྟད་མོ་བ་ཚོས་སྔོན་མ་བོད་མི་ཟེར་བ་འདི་འདྲ་ཞིག་བྱུང་ཡོད་པ་རེད་བསམ་དགོས་པ་ཞིག་ཡོང་ཉེ་བ་རེད། སྤྱིར་བཏང་མི་རིགས་ཤིག་རྩ་མེད་དུ་ཕྱིན་པ་ཧ་ལས་རྒྱུ་མེད། འཇིག་རྟེན་འདིའི་ནང་སྲོག་ཆགས་ཀྱི་རིགས་མང་པོ་རྩ་མེད་དུ་ཕྱིན་ཟིན་པ་མ་ཟད། མི་རིགས་དང་རིག་གནས། སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་རྩ་མེད་དུ་ཕྱིན་ཟིན་པ་མང་པོ་ཡོད་ཀྱང༌། སའི་གོ་ལ་འདི་ད་དུང་གནས་ཡོད་པ་རེད། ཡིན་ནའང་བོད་ཀྱི་སྣོད་བཅུད་དང༌། ལྷག་པར་དུ་བོད་མི་རྣམས་ཀྱིས་ལོ་ཆིག་སྟོང་སུམ་བརྒྱ་ཙམ་རིང་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ཆེད་དང༌། དེ་ལས་ཀྱང་ཁྱབ་ཆེ་བ་སེམས་ཅན་སྤྱི་ཡོངས་ཀྱི་ཆེད་དུ་སྲོག་ལས་གཅེས་པར་བཟུང་སྟེ་འཛིན་སྐྱོང་དང་དར་ཁྱབ་བྱས་པའི་རིག་གནས་དང༌། ལེགས་བྱང༌། སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་རྩ་བརླག་གྱུར་ན་དེའི་གྱོང་གུན་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཡོང་རྒྱུ་ལས་བོད་མི་རིགས་རྐྱང་པར་ཡོང་རྒྱུ་མིན་པ་མ་ཟད། བསབ་མི་ཐུབ་པའི་གྱོང་གུན་ཆེན་པོ་ཞིག་རེད།

གོང་དུ་ངས་བོད་མི་རིགས་ཀྱི་མི་འདྲ་བའི་ཁྱད་ཆོས་ནི་ཤ་ཁྲག་གམ་ལུས་བབ་ཀྱིས་དབྱེ་བ་མ་ཡིན་པར། བསམ་སྤྱོད་ཀྱི་སྒོ་ནས་དབྱེ་བ་ཞིག་རེད་ཅེས་ཞུས་པ་དེ་ཇི་འདྲ་ཞིག་ཡིན་ནམ་དགོངས་པ་ཡིན་ན། དེ་ནི་རིག་གནས་དང༌། སྤྱི་ཚོགས་ཀྱི་དཔལ་ཡོན། ལེགས་བྱང་གསུམ་གྱི་ལམ་ནས་བྱུང་བ་ཞིག་རེད། དེའི་ཐོག་ཆོས་བསྣན་ཡང་མི་འགྲིགས་པ་མེད། དེང་སང་མི་མང་ཆེ་བས་ཆོས་ལུགས་རིས་མེད་ལ་རྩ་ཆེར་བརྩིས་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་བཤད་སྐབས་ཆོས་ཟུར་འཇོག་བྱེད་རྒྱུ་བདེ་བར་མཐོང་གི་ཡོད། འོན་ཀྱང་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དང༌། ལེགས་བྱང་གི་འཕེལ་རིམ་གྱི་ནང་ཆོས་ཀྱི་ཤུགས་ནུས་གཏན་ནས་མ་ཐེབས་པ་ཞིག་ཤར་ནུབ་གང་དུའང་རྙེད་རྒྱུ་མེད་པས་ཆོས་ཀྱི་སྐད་ཆ་ཤོད་རྒྱུར་འཇིགས་སྣང་བྱེད་དགོས་དོན་མེད། སྐབས་འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། ངས་རིག་གནས་དང༌། སྤྱི་ཚོགས་ཀྱི་དཔལ་ཡོན། ལེགས་བྱང་ཟེར་བའི་ཚིག་གསུམ་པོ་འདི་དག་དེང་རབས་ནུབ་ཕྱོགས་པའི་སྐད་ཆའི་ནང་རྒྱུན་དུ་བེད་སྤྱོད་བྱེད་པའི་ Science, Civilization and Culture ཟེར་བ་དེ་གསུམ་གྱི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་གསུམ་ནི་མིའི་བསམ་སྤྱོད་ཀྱིས་བསྐྲུན་པ་ཡིན་ནའང་མིའི་བསམ་སྤྱོད་ལ་དབང་སྒྱུར་བྱེད་པའི་ཤུགས་ནུས་གལ་ཆེ་བ་ཁག་རེད། རིག་པའི་གནས་ལྔའམ་རིག་པའི་གནས་བཅུ་ལ་བརྟེན་ནས་བོད་མིའི་བསམ་སྤྱོད་ཡར་རྒྱས་ཕྱིན་ཏེ་སྤྱི་ཚོགས་ཀྱི་དཔལ་ཡོན་ཞིག་བསྐྲུན་པ་དང༌། དེ་ལ་བརྟེན་ནས་འཚེ་བ་མེད་པའི་ལེགས་བྱང་ཞིག་བྱུང་བ་རེད། དེ་འདྲའི་ལེགས་བྱང་ཅན་གྱི་མི་རྣམས་ནི་རང་འདོད་ཆུང་ལ་སྤྱི་སེམས་ཆེ་བ། འཚེ་བ་མེད་ཅིང་བྱམས་བརྩེ་ལྡན་པ། འདོད་ཆུང་ཆོག་ཤེས། རང་བྱུང་སྣོད་ཀྱི་འཇིག་རྟེན་ལ་འགལ་ཟླ་དང་བཤུ་གཞོག་མེད་པར་མཉམ་མཐུན་གྱིས་གནས་ཤེས་པ་སོགས་བྱུང་ཡོད། དེ་འདྲའི་བསམ་སྤྱོད་ཅིག་བོད་རིགས་ལ་ཡོད་པ་དང༌། དེ་ནི་གོང་དུ་ཞུས་པ་བཞིན་ཆགས་འཇིག་གི་སོ་མཚམས་སུ་ཐུག་ཡོད། དེ་འདྲའི་གནས་ཚུལ་ལ་ཐུག་དགོས་པ་དེ་བོད་མི་རང་གིས་བྱེད་སྟངས་མ་འགྲིགས་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་མ་རེད། འོན་ཀྱང་བོད་མི་རང་གིས་བྱེད་སྟངས་མ་འགྲིགས་པའང་ཧ་ཅང་མང་པོ་བྱུང་ཡོད་པ་ནི་བྱུང་རབས་སྨྲ་བ་ཚོས་མཁྱེན་གསལ་ལྟར་རེད། བོད་མིའི་སྤྱི་ཚོགས་དང༌། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་སྲིད་དོན་གྱི་ནོར་འཁྲུལ་མང་པོ་བཏང་ཡོད། བརྒྱ་ཆར་བགོས་པ་ཡིན་ན་ཧ་ལམ་བརྒྱ་ཆ་ཉི་ཤུ་སུམ་ཅུ་ཞིག་བོད་མི་རང་གིས་མ་བྱུང་བ་རེད། དེ་འཕྲོས་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཞིག་ནི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་དང༌། ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ད་ལྟའི་ང་ཚོའི་གནས་སྟངས་འདི་བྱུང་བ་རེད། འཛམ་གླིང་ཁྱོན་ཡོངས་སུ་དཔལ་འབྱོར་དང༌། སྲིད་དོན་གྱི་འགྱུར་འགྲོས་ཤུགས་ཆེ་ཕྱིན་པའི་སྐབས་ང་ཚོ་དོ་སྣང་མེད་པར་ཟུར་བསྡད་བྱས་པ་རེད། རྒྱ་ནག་ཏུ་གུང་བྲན་རིང་ལུགས་ཀྱི་གསར་བརྗེ་ལངས་ཏེ་བེ་ཇིང་ཡང་ཤོར་ལ་ཉེ་བའི་སྐབས་སུ་སླེབས་ཡོད་ནའང༌། བོད་ཀྱི་སྲིད་དོན་པ་ཚོས་བོད་ནང་དེ་འདྲའི་འགྱུར་ལྡོག་ཡོང་གི་མ་རེད་བསམ་པའི་རྨོངས་དད་དམ། རྨོངས་ཞེན་བྱས་ཏེ་བསྡད་པ་དེས་མ་བྱུང་བ་རེད། འོན་ཀྱང་གཙོ་ཆེ་བ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་སྲིད་དོན་གྱི་ཡོ་འཁྱོམ་ཞིག་སྟེ། གསལ་པོར་བརྗོད་ན་མ་རྩའི་རིང་ལུགས་དང༌། གུང་བྲན་རིང་ལུགས་གཉིས་ཀྱི་འཐབ་རྩོད་ལ་བརྟེན་ནས་འཇིག་རྟེན་སྤྱི་ཡོངས་ཀྱི་བདེ་འཇགས་ལ་ཡོ་འཁྱོམ་ཆེན་པོ་ཞིག་བཏང་བ་དེའི་ཞོར་དུ་བོད་མིའི་ད་ལྟའི་གནས་བབ་འདི་བྱུང་བ་རེད། དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་དཀའ་རྙོག་འདི་བོད་མི་རྐྱང་པའི་སྒེར་གྱི་དཀའ་རྙོག་ཅིག་མ་ཡིན་པར། འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་གཞི་རྒྱ་ཆེ་བའི་རྙོག་འཛིངས་ཤིག་གི་མཚོན་རྟགས་རེད་ཅེས་བཀའ་གནང་གི་ཡོད། འགྲོ་བ་སྤྱི་ཡོངས་ལ་ཁྱབ་པའི་གཏིང་ཟབ་ཀྱི་རྙོག་འཛིངས་ཤིག་གི་མཚོན་རྟགས་སམ། ཐག་ཞོར་འགྲེམ་དྲུད་ལྟ་བུར་ང་ཚོའི་དཀའ་རྙོག་འདི་བྱུང་བར་བརྟེན་དེ་ལས་སྐྱབས་པའི་ཐབས་ལམ་འཚོལ་བའི་སྐབས་སུའང་འགྲོ་བ་མི་རིགས་སྤྱིའི་དཀའ་རྙོག་གི་གནས་སྟངས་དང༌། དེའི་རྒྱུ་རྐྱེན་ཤེས་པའི་སྒོ་ནས་འཚོལ་དགོས་པ་ལས་བོད་མི་རྐྱང་པའི་ངོ་གདོང་ལ་བལྟས་ཏེ་འཚོལ་རྒྱུའམ། ཡང་ན་བོད་མི་དང་རྒྱ་མི་གཉིས་ཀྱི་འགལ་ཟླའམ། འཐབ་རྩོད་ཀྱི་ངོ་བོར་བལྟས་ཏེ་བཙལ་བ་ཡིན་ན་འཕྲལ་སེལ་གྱི་ཐབས་ལམ་ཞིག་རྙེད་སྲིད་ནའང༌། རྒྱུན་གནས་ཐུབ་པའི་ཕུགས་འཕེར་གྱི་ཐབས་ལམ་བཟང་པོ་ཞིག་རྙེད་མི་ཐུབ། དེར་བརྟེན་ང་ཚོས་དང་པོ་བོད་མིའི་དཀའ་རྙོག་གི་ངོ་བོ་གང་ཡིན་ངོ་ཤེས་པ་དང༌། གཉིས་པར་དེའི་རྒྱུ་རྐྱེན་གང་ཡིན་བརྩད་ཆོད་པ། གསུམ་པར་དེ་སེལ་བའི་ཚད་ལྡན་གྱི་ཐབས་ལམ་གང་ཡིན་ར་འཕྲོད་པ་བཅས་ཀྱི་ཐོག་ནས་མིག་རྒྱང་རིང་པོ་དང༌། མཐོང་རྒྱ་ཆེན་པོའི་སྒོ་ནས་ཐབས་ལམ་བཙལ་དགོས། ཐབས་ལམ་དེའི་མཐའ་དོན་གྱི་གྲུབ་འབྲས་ཀྱང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཕན་པ་ཞིག་དགོས་པ་ལས་བོད་མི་གཅིག་པུའམ། ཡང་ན་བོད་རྒྱ་གཉིས་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་མིན་པ་ཞིག་དགོས། གནས་ཚུལ་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་གཞི་རིམ་གྱི་སྲིད་བྱུས་དང༌། ལངས་ཕྱོགས་ཡིན་པ་ཚང་མས་མཁྱེན་དགོས་པ་ཡིན།

བོད་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གོང་དུ་ཞུས་པའི་རིག་གནས་དང༌། སྤྱི་ཚོགས་ཀྱི་དཔལ་ཡོན། ལེགས་བྱང་བཅས་ཀྱི་རྒྱུན་འཛིན་དང༌། སྲུང་སྐྱོབ་བྱ་རྒྱུ་དེ་དེང་སང་གི་སྐད་ཆ་ཤོད་སྟངས་ལྟར་བྱས་ན་ང་ཚོའི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད། འོན་ཀྱང་བོད་མིའི་སྲོལ་རྒྱུན་གྱི་ཤོད་སྟངས་ལྟར་བྱས་ན་དེ་ནི་ང་ཚོའི་གཞི་རིམ་གྱི་ལས་འགན་ཞིག་ཡིན་པ་དང༌། མ་བསྒྲུབ་ན་མི་རུང་བའི་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་ང་ཚོར་འཁྲི་བའི་འགངས་ཆེའི་ལས་འགན་ཞིག་ཡིན་པ་ངོས་ཟིན་དགོས། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་ཚུད་པའི་འགྲོ་བ་མི་རིགས་ཡོངས་ལ་བླ་ན་མེད་པའི་གདམས་ངག་གསར་པ་ཞིག་གནང་ཡོད་པ་དེ་ནི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་Universal Responsibility ཞེས་པ་འདི་ཡིན། ཆོས་ཚིག་གི་ཐོག་ནས་བཤད་ན་བྱམས་པ་དང༌། སྙིང་རྗེས་དྲངས་པའི་ལྷག་བསམ་དང༌། དེང་རབས་ཕལ་ཚིག་གི་ཐོག་ནས་བཤད་ན་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཟེར་གྱི་ཡོད། ང་ཚོས་བོད་ཀྱི་དཀའ་རྙོག་བསལ་རྒྱུའི་ལས་རིམ་དེ་འཐབ་རྩོད་ཀྱི་ངོ་བོ་མ་ཡིན་པར་སྒྲུབ་པ་ཉམས་ལེན་གྱི་ངོ་བོ་དང༌། ཐོབ་ཐང་ལེན་པའི་ཆེད་མ་ཡིན་པར་ལས་འགན་སྒྲུབ་པའི་ཆེད་དུ་བྱེད་ཐུབ་པ་ཡིན་ན་དབུ་ཁྲིད་དང༌། རྗེས་འཇུག་རྣམས་ཀྱི་བྱེད་སྟངས་མཐུན་པ་ཡོང་གི་རེད། དེ་འདྲ་མ་བྱུང་ན་དབུ་ཁྲིད་རླབས་ཆེན་ཞིག་ཡོད་ནའང་རྗེས་འཇུག་པ་ཚོས་དབུ་ཁྲིད་ཀྱི་དགོངས་པ་དང༌། ལམ་སྟོན། གསང་བ་གསུམ་གྱི་མཛད་སྤྱོད་བཅས་དང་མི་མཐུན་པའི་བརྒྱུད་ལམ་ཞིག་ཏུ་བསྐྱོད་དེ་འཐབ་རྩོད་ཀྱི་རྣམ་པའི་ཐོག་ནས་ལས་དོན་བརྩམས་པ་ཡིན་ན་གྲུབ་འབྲས་གང་ཡང་འཐོན་རྒྱུ་མེད།

ད་ལྟ་བོད་རྒྱའི་དབར་འགལ་ཟླ་ཆེན་པོ་མང་པོ་ཡོད་ཀྱང༌། འགལ་ཟླ་དེ་ཚོ་བསལ་རྒྱུའི་ཆེད་དུ་ཉམས་ལེན་བྱེད་དགོས། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཉམས་ལེན་བྱེད་པའི་སྐབས་སུའང་སྤང་བྱ་དང་གཉེན་པོའི་འགལ་ཟླའི་ཐོག་ནས་ས་ལམ་བགྲོད་དགོས། ལམ་རེ་རེ་བཞིན་དུ་སོ་སོའི་ངོ་སྐལ་གྱི་སྤང་བྱ་ས་བོན་དང་བཅས་པ་སྤངས་ཏེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་རྣམ་གྲོལ་གྱི་ལམ་ཐོབ་དགོས་པ་རེད། དེ་དང་མཚུངས་པར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྒྲུབ་པ་ཉམས་ལེན་བྱེད་པའི་སྐབས་སུའང་འགལ་ཟླ་ཡོད་པ་ནི་སྨོས་མེད་ཡིན། འོན་ཀྱང་འགལ་ཟླ་དེ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མི་རིགས་ཀྱི་འགལ་ཟླ་མིན་ལ། དེ་བཞིན་ཆོས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་བརྟེན་པའི་འགལ་ཟླའང་མིན། དེང་སྐབས་འཛམ་གླིང་ནང་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་བརྟེན་པའི་འགལ་ཟླ་ Conflict of Civilization མང་པོ་མཐོང་རྒྱུ་ཡོད་ཀྱང༌། ང་ཚོར་དེ་འདྲའི་འགལ་ཟླའི་འཐབ་རྩོད་གང་ཡང་མེད། སྲིད་དབང་སུས་འཛིན་གྱི་དབང་ཆའི་འཐབ་རྩོད་ནི་དེ་བས་ཀྱང་ག་ལ་ཡིན། བོད་མིའི་རྩ་དོན་སྒྲུབ་ཐབས་ཀྱི་སྒྲུབ་པ་ཉམས་ལེན་གྱི་ངོ་བོ་བསྡོམས་བརྒྱབས་ཏེ་ཞུས་ན་ཐ་ཡི་ལེན་ཌའི་ནང་པའི་དབུ་ཁྲིད་སུ་ལཀ་ སི་ཝརཀ་སཱ་མཆོག་གིས་གསུངས་པ་དེ་སྟབས་བདེ་པོ་རེད། ང་ཚོའི་འགལ་ཟླ་ནི་བདེན་པ་དང་རྫུན་པའི་བར་གྱི་འགལ་ཟླ་དང༌། དྲང་བདེན་དང་དྲང་བདེན་མ་ཡིན་པའི་བར་གྱི་འགལ་ཟླ། འཚེ་བ་དང་འཚེ་མེད་ཞི་བའི་ལམ་བར་གྱི་འགལ་ཟླ་ཞིག་ཡིན་པས་དེ་སྤང་གཉེན་གྱི་ངོ་བོའི་ཐོག་ནས་ང་ཚོས་སྒྲུབ་པ་ཉམས་ལེན་བྱེད་དགོས་པ་ཡིན། དེར་བརྟེན་ང་ཚོའི་སྒྲུབ་པ་ཉམས་ལེན་འདི་ལ་བརྟེན་ནས་བོད་རིགས་ལ་ཁེ་བཟང་འཐོབ་རྒྱུ་དང༌། རྒྱ་རིགས་ལ་གྱོང་རག་རྒྱུ། ཡང་ན་རྒྱ་རིགས་ལ་ཁེ་བཟང་དང༌། བོད་རིགས་ལ་གྱོང་རག་རྒྱུ་ཞིག་མ་ཡིན་པར་བོད་དང༌། རྒྱ་ནག འགྲོ་བ་མི་རིགས་སྤྱི་ཡོངས། སེམས་ཅན་སྤྱི་ཡོངས་ལ་ཁེ་བཟང་ཡོད་པའི་སྒྲུབ་པ་ཉམས་ལེན་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་ཉམས་ལེན་འདི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་དགོས་པ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ཁེ་གཅིག་ཕམ་གྱི་ཆེད་དུ་མ་ཡིན་པར་དབྱིན་སྐད་དུ་ ཟེར་བའི་དེང་རབས་ཀྱི་སྡུམ་སྒྲིག་བྱེད་སྟངས་ཡག་ཤོས་སུ་བརྩིས་པ་དེ་ཡིན་པ་དང༌། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐོག་ནས་བོད་མི་རིགས་དང༌། རྒྱ་མི་རིགས་གཉིས་ཀར་ཕན་པའི་ལམ་བཟང་པོ་ཞིག་བསྟན་རྒྱུའི་ཐབས་ཤེས་གནང་བ་རེད། དབུ་མའི་ལམ་གྱི་མངོན་འདོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་ཆབ་སྲིད་ཀྱི་སྒྲོམ་གཞི་དང༌། ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་སྒྲུབ་ཐུབ་པ་ཞིག་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་ཚུགས་པའི་སྐབས་སྤོབས་པ་ཆེན་པོས་རྒྱ་ནག་གསར་པ་འདི་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། དེ་སྔོན་གོང་མ་རིམ་བྱོན་གྱི་སྐབས་དང༌། གོ་མིན་ཏང་གིས་གཞུང་འཛིན་པའི་སྐབས་སུ་བྱུང་བའི་མི་རིགས་གཉའ་གནོན་དང༌། མི་རིགས་བཤུ་གཞོག་གི་སྲིད་བྱུས་ངན་པ་དེ་དག་རྩ་མེད་དུ་བཏང་སྟེ་ཀོ་རལ་མར་ཁེ་སིས་གཏན་ལ་ཕབ་པའི་མི་རིགས་ཀྱི་ལྟ་གྲུབ་དང༌། ལེ་ཉིན་ལ་སོགས་པའི་རིག་པའི་གཞུང་ལུགས་དང་མཐུན་པའི་སྒོ་ནས་མི་རིགས་འདྲ་མཉམ་དང༌། མི་རིགས་མཐུན་བསྒྲིལ་གྱི་སྲིད་བྱུས་གསར་པ་ཞིག་བཟུང་སྟེ་གྲངས་ཉུང་མི་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྤྲོད་དགོས་པ་དང༌། དེའི་འགལ་ཟླ་མི་རིགས་ཆེན་པོའི་རིང་ལུགས་དང༌། ས་གནས་མི་རིགས་རིང་ལུགས་གཉིས་ཀ་འགོག་དགོས་པ། མི་རིགས་ས་གནས་རང་སྐྱོང་དེའང་གྲངས་ཉུང་མཉམ་སྡོད་དང༌། གྲངས་མང་ཁ་ཐོར་གྱི་ཐོག་ནས་མི་རིགས་ཆེན་པོའི་རིང་ལུགས་ཀྱིས་གྲངས་ཉུང་མི་རིགས་ཟིལ་གྱིས་མི་གནོན་པ་དང༌། མི་རིགས་ཆེན་པོའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཚབ་མི་བྱེད་པ་དགོས་ཚུལ་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད། དེ་ཚོ་དངོས་སུ་ལག་ལེན་དུ་འཁེལ་ཐུབ་པ་ཞིག་བྱུང་ན་ང་ཚོའི་དབུ་མའི་ལམ་གྱི་དགོས་འདུན་དེ་སྒྲུབ་ཐུབ་རྒྱུར་ཐེ་ཚོམ་མེད།

དབུ་མའི་ལམ་ནི་ཧ་ཅང་གསལ་པོ་ཡིན། དེའི་ནང་ཧ་མི་གོ་བ་དང༌། རྒྱབ་ཏུ་ག་རེ་ཡོད་དམ་སྙམ་པའི་དྭོགས་པ་བྱེད་དགོས་པ་གང་ཡང་མེད། བོད་མི་རིགས་ཞེས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གྲངས་ཉུང་མི་རིགས་ ༥༥ ཡོད་པའི་ནང་ནས་གཅིག་རེད་མ་གཏོགས་མང་པོ་མ་རེད། དེ་འདྲའི་བོད་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་དང་ས་གནས་ཀྱི་རང་སྐྱོང་གཅིག་གྱུར་ཞིག་ཡོང་དགོས་པ་ནི་ཟུར་བལྟས་ལེབ་མཐོང་རེད། “དུམ་བུར་བགོས་ནས་དབང་སྒྱུར་བྱེད་” ཅེས་པ་ནི་ནུབ་ཕྱོགས་པའི་བཀས་བཀོད་རྒྱུད་འཛིན་དང༌། བཙན་དབང་རིང་ལུགས་པ་རྣམས་ཀྱིས་མི་རིགས་གཞན་ལ་དབང་སྒྱུར་བྱེད་སྐབས་བེད་སྤྱོད་བྱེད་པའི་ལག་ཆ་ཞིག་རེད། དེ་ནི་དུས་ལས་ཡོལ་ཟིན་པའི་རུལ་སུངས་ཀྱི་ཐབས་ལམ་ཞིག་ཡིན་པས་དེང་སྐབས་དེ་འདྲའི་སྲིད་བྱུས་ཡོང་མི་ཤེས་པ་རེད།

མའོ་ཚེ་ཏུང་གིས་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་ཐེངས་མང་གསུངས་ཡོད། དེ་ནི་བདེན་པ་རེད། མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་མ་བྱས་པར་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་སྟངས་མི་ཤེས། ཇི་སྲིད་མི་རིགས་ཆེན་པོའི་རིང་ལུགས་གནས་པའི་རིང་ས་གནས་མི་རིགས་རིང་ལུགས་ཀྱང་མེད་པ་བཟོ་མི་ཐུབ་པ་ནི་དངོས་པོའི་གཤིས་ལུགས་ཤིག་རེད། དེ་ནི་དབྱིན་སྐད་ནང་ Action and Reaction ཟེར་བའི་ཕན་ཚུན་ལྟོས་གྲུབ་ཀྱི་གནས་སྟངས་ཤིག་རེད། མི་རིགས་ཆེན་པོའི་རིང་ལུགས་མེད་པར་གྱུར་ན་ས་གནས་མི་རིགས་རིང་ལུགས་ཀྱང་རང་བཞིན་གྱིས་མེད་པར་འགྲོ་བས་དེའི་ཆེད་དུ་དམིགས་བསལ་འབད་བརྩོན་བྱེད་དགོས་མེད། མདོར་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་བོད་རིགས་ཡོངས་སུ་རྫོགས་པ་ལ་དགོས་པ་དང་ཆབས་ཅིག་དེའང་མང་གཙོའི་རིང་ལུགས་དང་ལྡན་པ་ཞིག་དགོས་པ་དེ་དབུ་མའི་ལམ་གྱི་མཐར་ཐུག་གི་དགོས་འདུན་མདོར་བསྡུས་པ་དེ་ཡིན།

ད་རེས་ཀྱི་ཚོགས་འདུ་འདིའི་ནང་དགོངས་བཞེས་གནང་དགོས་པའི་གལ་ཆེ་བའི་དྲི་བ་ཁག་ནི།

ཀ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བསྐྱར་བཅོས་མ་དགོས་པར་ད་ཡོད་ཀྱི་ཆ་རྐྱེན་ཁག་གི་འོག་ནས་ཁྲིམས་བཟོའི་ལས་དོན་ཆ་ཚང་ཞིག་བྱས་པ་ཡིན་ན། ང་ཚོའི་མངོན་འདོད་ཀྱི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་ཞིག་འཐོབ་ཐུབ་ཀྱི་ཡོད་དམ་མེད།

ཁ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་བོད་རིགས་དང༌། གྲངས་ཉུང་མི་རིགས་གཞན་གྱི་ཐོག་ལག་བསྟར་བྱེད་བཞིན་པའི་རང་སྐྱོང་གི་གནས་བབ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་རྣམས་དང་ཡོངས་སུ་མཐུན་པ་ཞིག་ཡིན་དང་མིན།

ག ལོ་བཞི་བཅུ་འཁོར་ཟིན་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་ཡོད་པའི་རང་སྐྱོང་གི་ཆ་རྐྱེན་རྣམས་ཚང་བ་ཞིག་ཐོབ་ཡོད་དམ་མེད་བཅས་རེད།

རྩིག་ངོས་སུ་བཀྲམས་པའི་རས་གཞིའི་ཐོག་བྲིས་པའི་བརྗོད་ཚིག་གི་ངོ་གདོང་ལ་བལྟས་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་གཉིས་མཐུན་མིན་དཔྱད་རྒྱུ་ལྟ་བུ་ཞིག་མངོན་ནའང༌། དེའི་ཤུགས་བསྟན་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མངོན་འདོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་གྱི་འོག་ནས་སྒྲུབ་ཐུབ་ཐབས་ཡོད་མེད་ལ་ཤེས་འདོད་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པ་དང༌། སུམ་ཅུ་སོ་གཅིག དོན་ཚན་བརྒྱ་དང་བཅུ་གཉིས་ནས་བརྒྱ་དང་ཉི་ཤུ་རྩ་གཉིས་བར་གྱི་དོན་ཚན་ཁག དེ་བཞིན་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ཆེད་དུ་གཏན་ལ་ཕབ་པའི་ཡིག་ཆ་ཨང་ ༤༦ པ། བོད་མི་རིགས་ཀྱི་ཆེད་དུ་གཏན་ལ་ཕབ་པའི་ཡིག་ཆ་ཨང་ ༣༡ པ་བཅས་ཀྱི་ནང་དོན་རྣམས་དངོས་སུ་ལག་ལེན་བསྟར་ཐུབ་པ་ཡིན་ན། ང་ཚོའི་དབུ་མའི་ལམ་གྱི་དགོས་འདུན་ཆ་ཚང་བ་ཞིག་སྒྲུབ་ཐུབ་ཀྱི་རེད་དམ། ཡང་ན་དགོས་འདུན་དེ་དག་སྒྲུབ་པ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། ཁྲིམས་ཡིག་ཁག་ལ་འགྱུར་བ་མ་བཏང་ན་ཡོང་ཐབས་མེད་པ་ཞིག་ཡིན་ད་རེས་མཁས་དབང་རྣམས་ཀྱིས་དཔྱད་ཞིབ་ཀྱི་ལམ་ནས་གྲུབ་དོན་གསལ་བཏོན་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང༌། བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་བགྲོ་གླེང་གནང་སྐབས་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་ཇི་ཡིན་དཔྱད་ཞིབ་གནང་བ་དང་ཆབས་ཅིག་མ་འོངས་པའི་གནས་སྟངས་ག་འདྲ་ཞིག་ཡོང་ཐུབ་མིན་གྱི་གནས་ཚུལ་ཡང་གསལ་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་འདི་བཀའ་ཤག་གིས་གལ་གནད་ཆེན་པོ་བརྩི་བ་ཡིན། ཚང་མས་བགྲོ་གླེང་ལྷུག་པོ་གནང་སྟེ་བཙན་བྱོལ་གཞུང་གི་མ་འོངས་པའི་བསམ་བློ་གཏོང་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་གྲུབ་དོན་ཞིག་འཐོན་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེ། །