རྩིས་ཁྲ་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་ཐོག་ཚོགས་གཙོའི་གཟིགས་ཚུལ།

རྩིས་ཁྲ་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་རིགས་རྣམས་དྲི་བ་གནང་མཁན་དང་བཀའ་ལན་གནང་མཁན་གཉིས་ཀས་ཁྲལ་ལྟ་བུར་གནང་གི་འདུག དྲི་བ་དང་དྲིས་ལན་གཉིས་ཀ་ལན་འཁྱོལ་ཙམ་བྱུང་བ་ཡིན་ན་འཕྲོ་དོན་དྲི་བ་སོགས་གང་ཡང་མི་དགོས་པ་དང༌། ལན་རྣམས་རྩིས་ཀྱི་འགྲོ་སྟངས་དང་མཐུན་པར་བྱུང་ཡོད་མེད་ལ་མ་ལྟོས་པར་ལན་གྱི་ས་མིག་བཀང་ཙམ་བྱས་ཐུབ་ན་འགྲིག་པ་ཙམ་བྱས་ནས་འགྲོ་རྒྱུ་འདི་ང་ཚོའི་གྲོས་ཚོགས་ཀྱི་ལས་དོན་རྣམས་ཚགས་ཚུད་ཡོང་གི་ཡོད་པའི་མཚོན་རྟགས་ཤིག་ཆགས་ཀྱི་མེད་སྙམ། གྲོས་ཚོགས་ཀྱི་ཡིག་ཆའི་ནང་སྡོད་རྒྱུའི་གཞུང་འབྲེལ་གྱི་ལན་རྣམས་ཀྱི་ནང་སྐབས་རེ་ཏོག་ཙམ་འདྲོགས་དགོས་རྒྱུའི་གནས་ཚུལ་འགའ་ཡང་འཁོད་འདུག དཔེར་ན་དྲི་བ་ཨང་ ༩ པའི་ལན་ནང་དེ་འཕྲོས་དངུལ་ལྷག་སྒོར་ ༦༡༤༨༢༠།༥༡ འདི་བཞིན་ལས་ཁུངས་ཀྱི་རྒྱུན་གྲོན་རྩིས་འགྲོ་འཕེར་མིན་ཁ་གསབ་ཆེད་བེད་སྤྱོད་བྱས་ཟིན་ཞེས་ཡོད། རྩིས་འགྲོ་མི་འཕེར་བ་རྣམས་ལ་རྩིས་འགྲོ་གཏོང་ཆོག་རྒྱུ་ཞིག་ཐག་བཅད་ནས་གྲོས་ཚོགས་ནང་ཚགས་གནང་བ་དེར་གྲོས་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་འདྲོགས་དགོས་པ་ཞིག་བྱུང་སོང༌། དེ་དང་ཕྱོགས་མཚུངས་གནས་ཚུལ་གལ་ཆེན་པོ་གྲོས་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ཡིན་ན། དྲི་བ་གཞན་ཞིག་གི་འཕྲོ་དོན་གྱི་དྲི་བ་ལ་སྦྱར་ནས་རྒྱ་གར་གྱི་གཏམ་དཔེ་བཞིན་མི་གཞན་གྱི་ཕྲག་པར་མེ་མདའ་བཞག་ནས་རྒྱག་གི་འདུག་ཟེར་བ་བཞིན་མ་གནང་བར་དོན་གནད་ཡོད་པའི་གལ་ཆེན་རྣམས་དམིགས་བསལ་གྱིས་དྲི་བ་གནང་ཐུབ་ན་ཡག་པོ་ཡོད་རེད་སྙམ། འབྲེལ་མེད་དྲི་བ་ཞིག་འཕྲོ་དྲི་ནང་ཡོང་སྐབས་དངོས་གནས་ཞུ་དཀའ་བ་འདུག དེ་རིང་གི་དྲི་བ་དྲིས་ལན་དང་འབྲེལ་བའི་ཚོགས་གཙོའི་མཐོང་ཚུལ་ཟུར་ཙམ་ཞིག་ཞུས་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡