རྩིས་ལ་དོ་ནན་བྱ་དགོས་ཚུལ་དང༌། གསོལ་ཕོགས་བཀའ་ཁྲོལ་མ་ཐོབ་པའི་གནས་སྟངས།

རྩིས་ལ་དོ་ནན་བྱ་དགོས་ཚུལ་དང༌། གསོལ་ཕོགས་བཀའ་ཁྲོལ་མ་ཐོབ་པའི་གནས་སྟངས། གྲོས་ཆོད་བསྐྱར་བཅོས་བྱ་དགོས་བྱུང་བ་བཅས་ཀྱི་སྐོར། ད་ལྟ་བཀའ་བློན་ཁྲི་པ་མཆོག་གིས་སྐུ་ངལ་གསུངས་པ་དེ་དངོས་ཡོད་ཀྱི་སྐུ་ངལ་ཞིག་ཡིན་ངེས། ཡིན་ཡང་སྐུ་ངལ་དེ་དག་སྒྲིག་གཞིའི་སྐྱོན་གྱི་ཐོག་ནས་སྐུ་ངལ་ཆགས་པ་ཞིག་མ་རེད། ཕྱག་ལས་གནང་ཕྱོགས་ཀྱི་ཐད་ནས་སྐུ་ངལ་འཕྲད་པ་ཞིག་རེད། ཐེ་ཝན་དོན་གཅོད་ཁང་གི་སྐུ་ངལ་དེར་མཚོན་ན། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་འཇུག་གནང་བའི་སྐབས་ལོ་སྔ་མའི་འགྲོ་གྲོན་ཇི་སོང་གཟིགས་ཀྱི་ཡོད། སྔ་མའི་འགྲོ་གྲོན་སྟེང་འདི་ལོའི་སྔོན་རྩིས་ནང་སྲིད་བྱུས་ཤིག་གི་སྟེང་བརྒྱ་ཆ་ངེས་ཅན་ཞིག་སྤར་གྱི་ཡོད། དེར་བརྟེན་རྩིས་ཁྲ་བཟོ་མཁན་གྱིས་རྩིས་ཁྲའི་ནང་ལོ་སྔ་མའི་འགྲོ་སོང་དེ་ཟླ་བ་བདུན་གྱི་ཡིན་པའི་ཟུར་བརྗོད་གསལ་པོ་བཀོད་ཡོད་ན་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ནོར་འཁྲུལ་དེ་ཡོང་ཤེས་ཀྱི་མ་རེད། གལ་སྲིད་ཚོགས་ཆུང་ནས་བཅག་པའི་དབང་དུ་བཏང་ནའང་གྲོས་ཚོགས་ནང་ཟླ་བ་བདུན་དང་བཅིུས་ཀྱི་གནད་དོན་དེ་གསལ་པོ་གསུངས་ཡོད་ན། སྤྱི་འཐུས་རྣམ་པས་ངེས་པར་དུ་དགོངས་པ་བཞེས་ཡོད་ཀྱི་རེད། སྤྱི་འཐུས་རྣམ་པས་སྔ་ལོ་ཟླ་བ་བདུན་ལས་ལས་ཀ་བྱས་མི་འདུག་ལ། འདི་ལོ་ཡང་དེ་བཞིན་གནང་སྟེ་ཟླ་བ་ལྔ་གང་ཡང་མ་གནང་བར་བཞུགས་ཞེས་གསུངས་ཤེས་ཀྱི་མ་རེད། དེ་སྐབས་སྤྱི་འཐུས་དང་འཛིན་སྐྱོང་གཉིས་ཀས་རྩིས་ཀྱི་ཐོག་དོ་ནན་པོ་བྱས་ནས་མ་གཟིགས་པར་བརྟེན་ཧོལ་རྒྱུག་ལ་ཕྱིན་པ་རེད། ལྷག་པར་དུ་སྔོན་རྩིས་བགྲོ་གླེང་གནང་བའི་སྐབས་ཞུས་ཡོད། དེ་ཕེབས་དགོས་དོན་ནི་བཀའ་བློན་རྣམ་པས་རྩིས་ཀྱི་སྐོར་ཞིབ་ཅིང་ཕྲ་བ་ཐུགས་ངེས་ཡོང་གི་མ་རེད། རྩིས་དང་འབྲེལ་བ་ཡོད་པའི་རྩིས་པ་དང་དྲུང་ཆེ་ཟུར་ཉན་ལ་ཕེབས་ཡོད་ན་ཁོང་ཚོས་ལམ་སེང་ཤོག་འཛར་གྱི་ཐོག་བྲིས་ཏེ་བཀའ་བློན་རྣམ་པར་གནས་ཚུལ་འབུལ་ཐུབ་པ་དང༌། གལ་ཏེ་མ་བྱུང་བ་ཡིན་ན། གསོལ་ཇའི་བར་སེང་སྐབས་ཞུ་ཐུབ། དཀའ་ངལ་དེ་འདྲ་བྱུང་བའི་སྐབས་སྔོན་རྩིས་གཏན་འབེབས་གནང་དུས་དཀའ་ངལ་དེ་སེལ་མ་ཐུབ་པ་ཡིན་ཡང་སྔོན་རྩིས་བསྐྱར་བཅོས་སྐབས་ངེས་པར་དུ་སེལ་དགོས་པ་ཞིག་ཡིན། ལྷག་པར་དུ་བསྐྱར་བཅོས་སྔོན་རྩིས་རྒྱུན་ལས་ནས་གཏན་འབེབས་གནང་བ་དེ་མཐའ་མའི་ཐག་གཅོད་མིན་ཞིང༌། རྒྱུན་ལས་ཀྱིས་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་བྱས་པ་དེ་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐུར་བའི་འགན་དབང་གི་ཐོག་ནས་བྱས་པ་ཞིག་རེད། དེར་བརྟེན་ཚོགས་ཆེན་ནས་བཟོ་བཅོས་གནང་ཆོག བསྐྱར་བཅོས་སྔོན་རྩིས་ཀྱི་ཁྲིམས་ཡིག་བསྐྱར་བཅོས་དང་ལོ་རྗེས་མའི་སྔོན་རྩིས་ཁྲིམས་ཡིག་མཉམ་དུ་གཏན་འབེབས་གནང་གི་ཡོད། ༡༩༩༩་་༢༠༠༠ ལོའི་བསྐྱར་བཅོས་སྔོན་རྩིས་ཀྱི་མཐའ་མའི་ཐག་གཅོད་དེ་ད་རེས་ཀྱི་ཚོགས་དུས་འདིའི་ནང་གནང་རྒྱུ་ཡིན། དེ་འདྲ་ཡིན་སྟབས་ཉེ་ཆར་རྒྱུན་ལས་ནས་གཏན་འབེབས་གནང་བའི་བསྐྱར་བཅོས་སྔོན་རྩིས་ནས་མ་ཐོན་པ་ཞིག་ད་ལྟ་གྲོས་ཚོགས་ཀྱི་ནང་བགྲོ་གླེང་གནང་གི་ཡིན་ནའང་གནང་ལམ་ཡོད། དངུལ་མ་ལྡེང་བ་གང་ཡོད་པ་དེ་བསྐྱར་བཅོས་སྔོན་རྩིས་སྐབས་ཞུ་ཆོག སྔོན་རྩིས་དང་བསྐྱར་བཅོས་གང་གི་རྩིས་འགོའི་ནང་མ་ཚུད་པའི་འགྲོ་སོང་གསར་པ་ཞིག་གཏོང་དགོས་བྱུང་ཚེ། དེ་ངེས་པར་དུ་བཀའ་ཤག་གི་ངེས་མེད་ནས་གཏོང་དགོས། བཀའ་ཤག་གི་ངེས་མེད་ནས་མ་བཏང་བར་བསྐྱར་བཅོས་ནང་ཟུར་དུ་བཀའ་འཁྲོལ་ཞུས་པ་ཡིན་ན། དེ་ཁྲིམས་མཐུན་ཆགས་ཀྱི་མ་རེད། གང་ལགས་ཟེར་ན། བསྐྱར་བཅོས་ནི་སྔོན་རྩིས་ནང་རྩིས་འགོ་ཡོད་པ་ཞིག་གི་ཐོག་ནས་ཡོང་གི་ཡོད། གང་ཡང་མེད་པ་ལ་བསྐྱར་རྒྱུ་དང་བཅོས་རྒྱུ་མེད། ང་རང་ཚུད་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་སྔོན་རྩིས་ནང་མེད་པ་བསྐྱར་བཅོས་ནང་གསར་དུ་བཀའ་ཁྲོལ་གནང་བ་བྱུང་འདུག དེ་ནི་ནོར་འཁྲུལ་དང་ཁྲིམས་འགལ་རེད། ངེས་མེད་དགོས་དངུལ་ནང་ཨར་པོ་རྒྱག་རྒྱུ་དང༌། གཏན་འཇགས་ལས་བྱེད་ཀྱི་གསོལ་ཕོགས་མ་གཏོགས་གཞན་གང་གཏོང་ཡང་འགྲིག་རྒྱུ་དེ་སྒྲིག་གཞིའི་ནང་གསལ་ཡོད། མཛད་སྒོ་ཁག་དང་ཆོས་ཕྱོགས་ཀྱི་ཕྱག་ལས་ག་འདྲ་ཞིག་ལ་གཏོང་དགོས་ཀྱང་འཛིན་སྐྱོང་བཀའ་ཤག་ནས་ཐུགས་ཐག་བཅད་དེ་ངེས་མེད་ནས་གཏོང་ཆོག ངེས་མེད་ཀྱི་དངུལ་འབབ་ནས་མ་ལྡེང་བ་བསྐྱར་བཅོས་ནང་སྤར་ཆ་ཞུས་ན་སྐུ་ངལ་གང་ཡང་མེད། ཚད་གཞི་སྔོན་རྩིས་སྤྱི་འབོར་གྱི་བརྒྱ་ཆ་ ༡༤ ལས་མ་བརྒལ་བའི་བར་སྤར་ཆོག་གི་རེད། ཚད་གཞི་དེ་ཧ་ཅང་མཐོ་པོ་རེད། ངེས་མེད་དགོས་དངུལ་འབོར་ཆེན་པོ་དེ་ཙམ་ད་ལྟ་བར་དུ་བཀའ་ཤག་ལ་དགོས་པ་བྱུང་མེད་ལ། མ་འོངས་པར་ཡང་ཡོང་གི་མ་རེད། དེར་བརྟེན་དེ་འདྲའི་གནས་ཚུལ་བྱུང་བའི་སྐབས་ཟུར་དུ་སྒྲིག་གཞི་དང་མི་མཐུན་པའི་ཐོག་བཀའ་ཁྲོལ་ཞུས་པ་ལས་བཀའ་ཤག་ངེས་མེད་དགོས་དངུལ་ནས་གཏོང་རྒྱུ་དང༌། སྔོན་རྩིས་ནང་གསལ་བའི་ངེས་མེད་དགོས་དངུལ་གྱི་དངུལ་འབོར་མ་ལྡེང་ན་བསྐྱར་བཅོས་སུ་སྤར་ཆ་རྒྱུ་མཚན་དང་བཅས་ཏེ་ཞུས་ན་མི་འགྲིག་པ་གང་ཡང་མེད།
ཕྱོགས་མཚུངས་ད་ལྟ་དཔེ་མཚོན་གཞན་ཞིག་ལ། གང་ཟག་བྱེ་བྲག་པ་ཞིག་གི་མཚན་སྨྲོས་ཏེ་ཁོང་ཆོད་གན་ཐོག་ཡོད་པ་གསོལ་ཕོགས་བཀའ་ཁྲོལ་མ་ཐོབ་པའི་ལོ་རྒྱུས་གསུངས་སོང༌། ཆོད་གན་མ་རྫོགས་བར་དུ་གསོལ་ཕོགས་ཕུལ་དགོས་པ་དེ་སྨྲོས་མི་དགོས་པ་ཡིན། ཡིན་ཡང་གསོལ་ཕོགས་བཅད་དགོས་དོན་ནི་ཆོད་གན་བཞག་པར་ས་མིག་དགོས་ཀྱི་ཡོད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཞིབ་འཇུག་གནང་བའི་སྐབས་ད་ལྟ་ཆོད་གན་བཞག་སའི་མི་ཡོད་པའི་སྡེ་ཚན་དེའི་ནང་ས་མིག་གཉིས་མ་གཏོགས་མེད་པ་གང་ཞིག་ལ་མི་འགྲོ་གསུམ་ལ་གསོལ་ཕོགས་ཞུས་ཡོད་པས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་ས་མིག་གཅིག་གི་གསོལ་ཕོགས་བཅག་ཡོད། དེ་ཡང་སྐབས་དེ་དུས་འགྲེལ་བརྗོད་གནང་དགོས་པ་ཡིན། ས་མིག་གསུམ་ཡོད་ན་ཡིག་ཆའི་ནང་ས་མིག་གཉིས་འཁོད་པ་ཡིག་ནོར་ཡིན་ལུགས་དང༌། གཉིས་ལས་མེད་ན་བཀའ་ཤག་གིས་ས་མིག་གསུམ་པ་ཞིག་བཀའ་ཁྲོལ་གནང་སྟེ་དེ་ལུགས་སྐབས་དེ་དུས་འགྲེལ་བརྗོད་གནང་ན་ས་མིག་གཅིག་གི་གསོལ་ཕོགས་བཅག་ཤེས་ཀྱི་མ་རེད། ས་མིག་མེད་པར་མི་འཕར་མ་ཞིག་སླེབས་ཡོད་ན་གྲོས་ཚོགས་དང་རྩིས་ཞིབ་གཉིས་ཀས་ངོས་ལེན་མི་ཐུབ། ས་མིག་བཀའ་ཁྲོལ་གནང་རྒྱུའི་འགན་དབང་དེ་བཀའ་ཤག་ལ་ཡོད། དེ་ལ་གྲོས་ཚོགས་དང་རྩིས་ཞིབ་གཉིས་ནས་གང་ཡང་ཐེ་བྱུས་བྱེད་ཀྱི་མེད། སྐབས་དེ་དུས་ས་མིག་མེད་པ་ཞིག་གི་དབང་དུ་བྱས་ནའང་བཀའ་ཤག་ནས་ཕྱིར་ལོག་བྱས་ཏེ་དུས་ཚིགས་གང་ནས་ས་མིག་ཆད་པ་Restrospectiveདེ་ནས་བཀའ་ཁྲོལ་གནང་ནའང་གནང་ཆོག་གི་ཡོད། གཅོག་བྱའི་གྲོས་འཆར་བཏོན་སྐབས་བཀའ་ཤག་ནས་གང་ཡང་མ་གསུངས་པ་རེད། ཡིན་ཡང་ཕོགས་བཞེས་མཁན་ནས་རྗེས་སུ་གསུང་སྐད་བསྐྱོན་པ་རེད། དེས་ན་གནད་དོན་དེ་རིགས་ལ་ཞིབ་ཚགས་པོ་གནང་དགོས་རྒྱུ་དང༌། གལ་ཏེ་ཞིབ་ཚགས་པོ་གནང་མ་ཐུབ་པར་ནོར་འཁྲུལ་ཕྱིན་པ་ཡིན་ནའང་ནོར་འཁྲུལ་དེ་སྒྲིག་གཞིའི་སྟེང་ཁག་མ་དཀྲི་བར་ལས་དོན་གནང་ཕྱོགས་ནོར་བ་ཞིག་ལ་ངོས་འཛིན་གནང་སྟེ་ལས་དོན་གནང་ཕྱོགས་དེ་བསྐྱར་བཅོས་གནང་ཚེ་སྒྲིག་གཞི་བསྐྱར་བཅོས་གནང་རྒྱུའི་སྐུ་ངལ་དེ་གནང་དགོས་ཀྱི་མ་རེད།
དེ་ཡན་བརྗོད་པ་དང་པོ་ཟིན་པ་ཡིན་པས། བརྗོད་པ་གཉིས་པ་དེ་ཉིན་ཁ་ཤས་ཤིག་གི་རྗེས་སུ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་སྤྱི་འཐུས་རྣམ་པར་དགོངས་པ་བཞེས་རྒྱུ་དང་ཞིབ་འཇུག་གནང་རྒྱུ་ལ་ཁྱད་པར་མི་ཡོང་ངམ་སྙམ། དེའི་རྗེས་ད་རིང་གི་ལས་རིམ་ནང་ཁྲིམས་བཟོའི་ལས་དོན་ཡ་མཚན་ཞིག་ཞུ་རྒྱུ་ཡོད། མ་ཞུས་ནི་ཐབས་མེད་རེད། མ་གཞི་སྤྱི་འཐུས་རང་གི་ལས་དོན་བྱེད་ཕྱོགས་འཐུས་མ་ཚང་བའི་རྐྱེན་གྱིས་ཡོང་བ་ཞིག་རེད། ངས་ཁ་སང་ཞུས་པ་ལྟར་ང་ཚོའི་ཁྲིམས་བཟོའི་ལས་དོན་དེ་ཡང་དག་པ་ཞིག་ཡོང་གི་ཡོད་མ་རེད་དེ། ཡིན་ནའང་ཁྲིམས་བཟོའི་ལས་དོན་ལྟར་སྣང་ཞིག་ལས་མ་བྱུང་ཡང་ལྟར་སྣང་དེ་གནང་དགོས་པ་ཆགས་ཀྱི་ཡོད་རེད། ལོ་རྒྱུས་ཀྱི་དགོས་མཁོའི་ཐོག་ནས་དེད་ཡོང་བའི་སྐབས་མ་གནང་རང་གནང་ཆགས་ཀྱི་ཡོད། དེ་ནི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ཚོགས་གཙོ་བགྲེས་གཞོན་བཅས་ཀྱི་ཕོགས་དང་ཟུར་ཕོགས། ཐོབ་ཐང་གཞན་བཅས་ཀྱི་སྐོར་དེ་རེད། དེ་ནི་འཛིན་སྐྱོང་གིས་ཐག་གཅོད་བྱེད་མ་ཆོག་པར་སྤྱི་འཐུས་ཀྱི་ཁྲིམས་ལུགས་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས་པ་ཞིག་རེད། གང་ལགས་ཟེར་ན་དེ་རྣམས་གཞུང་གི་ཁེ་ཡོད་ལས་འཛིན་གྱི་གྲས་སུ་མིན་སྟབས་དེ་དག་ལ་ཁེ་ཕན་དགོས་མཁོ་གང་ཡོད་པ་དེ་གཞུང་གི་ཐག་གཅོད་དམ་སྒྲིག་གཞི་གཅིག་གི་འོག་ཚུད་པ་མ་ཡིན་པར། ངེས་པར་དུ་གྲོས་ཚོགས་ནས་ཁྲིམས་ཀྱི་ལམ་སྲོལ་ཞིག་གི་འོག་ཐག་གཅོད་བྱེད་དགོས་རྒྱུ་ཞིག་ཡིན། འོན་ཀྱང་དེ་ཚོའི་ཁྲིམས་གཞི་དེ་གྲོས་ཚོགས་ནས་ད་ལྟ་བར་བཟོས་མེད། ཁྲིམས་གཞི་མ་བཟོས་པའི་ཚབ་ལ་འཕྲལ་སེལ་ལག་ལེན་བསྟར་ཆེད་གྲོས་ཆོད་ཅིག་བཞག་ཡོད། གྲོས་ཆོད་དེ་བཞག་པའི་སྐབས་ལའང་མ་འོངས་པར་ཁྲིམས་གཞི་བཟོ་རྒྱུར་དམིགས་ནས་བཞག་པ་ཞིག་རེད། ཁྲིམས་གཞི་དེ་འཛིན་སྐྱོང་བཀའ་ཤག་གིས་ཁྲིམས་འཆར་བཏོན་དགོས་རྒྱུ་ཞིག་ཡིན་ཡང་ད་བར་བཏོན་མེད། སྤྱི་འཐུས་རྒྱུན་ལས་ནས་ཀྱང་གནང་ཆོག་པ་ཞིག་དང་གནང་དགོས་པ་ཞིག་ཡིན་ཡང་དེ་ལྟར་གནང་རྒྱུའི་གོ་སྐབས་བྱུང་མེད། དེར་བརྟེན་གྲོས་ཆོད་དེ་ད་ལྟའི་བར་ང་ཚོའི་རྩ་འཛིན་གྱི་ཡིག་ཆར་བསྡད་ཡོད། སྤྱིར་བཏང་གྲོས་ཚོགས་ཀྱི་འགྲོ་སྟངས་བྱས་ན་སྒྲིག་གཞི་དང་ཁྲིམས་ཡིག་ལ་བསྐྱར་བཅོས་བྱེད་སྲོལ་ཡོད་ཀྱང་གྲོས་ཆོད་ལ་བསྐྱར་བཅོས་བྱེད་སྲོལ་མེད། གང་ལགས་ཟེར་ན་ཁྲིམས་ཡིག་དང་སྒྲིག་གཞིའི་ནང་བསྐྱར་བཅོས་བྱེད་སྟངས་ཀྱི་ཆ་རྐྱེན་དོན་ཚན་ཟུར་འགོད་ཡོད་ཀྱང༌། གྲོས་ཆོད་འཇོག་སྐབས་ད་རེས་ང་ཚོས་གྲོས་ཆོད་འདི་འདྲ་ཞིག་བཞག་པ་ཡིན། མ་འོངས་པར་གྲོས་ཆོད་དེར་བསྐྱར་བཅོས་བྱེད་དགོས་བྱུང་ན་བྱེད་སྟབས་འདི་འདྲ་ཡིན་ཞེས་ཆ་རྐྱེན་གྲོས་ཆོད་ནང་ནམ་ཡང་བཀོད་སྲོལ་མེད། དེར་བརྟེན་གྲོས་ཆོད་བསྐྱར་བཅོས་ཞེས་པ་གྲོས་ཚོགས་ག་འདྲ་ཞིག་གི་ནང་དུའང་གོ་མ་མྱོང་བ་ཞིག་ཡིན་ལ། གྲོས་ཚོགས་ལམ་ལུགས་ཀྱི་མཁས་དབང་ཁག་གིས་གཟིགས་ཚེ་བཞད་གད་ཀྱི་གནས་སུ་གྱུར་སྲིད། ཡིན་ཡང་ད་ལྟ་ང་ཚོའི་དངོས་ཡོད་ཀྱི་གནས་ཚུལ་ལ་བལྟས་ཏེ་གྲོས་ཆོད་ལ་བསྐྱར་བཅོས་མ་བྱས་པ་ཡིན་ན་ཐབས་མེད་པས་གྲོས་ཆོད་བསྐྱར་བཅོས་ཞུ་རྒྱུ་ཡིན། གྲོས་ཆོད་བསྐྱར་བཅོས་ཞུ་སྐབས་དྲི་བ་ཞིག་སླེབས་ཀྱི་ཡོད། དེ་ནི་མང་མོས་ཕལ་པ་ཙམ་མམ་ཡང་ན་གསུམ་ཆ་གཉིས་ལ་སོགས་པའི་ཐོག་ནས་བསྐྱར་བཅོས་བྱེད་དགོས་སམ། དེར་བརྟེན་ང་ཚོ་འགོ་འཛུགས་མ་ཞུས་གོང་ཚོགས་གཙོའི་བསམ་ཚུལ་ཞུ་རྒྱུ་ཡིན། དེ་ལ་དགག་བྱ་ཡོད་ན་གྲོས་ཚོགས་ནང་བགྲོ་གླེང་གནང་སྟེ་ཐག་གཅོད་གནང་ན་འགྲིག གལ་ཏེ་དགག་བྱ་མེད་ན་ཚོགས་གཙོའི་བསམ་ཚུལ་ཐོག་ནས་ཕེབས་ན་འགྲིག དེ་ཡང་གྲོས་ཆོད་འཇོག་སྐབས་མང་མོས་ཕལ་པའི་ཐོག་བཞག་གི་ཡོད། དེར་བརྟེན་གྲོས་ཆོད་བསྐྱར་བཅོས་དེ་ཡང་མང་མོས་ཕལ་པའི་ཐོག་ནས་འགྲིག་པ་བྱས་ན་སྙམ། བསྐྱར་བཅོས་བྱེད་སྟངས་དེ་ཡང་ཁྲིམས་གཞི་བསྐྱར་བཅོས་རྒྱས་པ་ལྟར་བརྗོད་པ་དང་པོ་དང་གཉིས་པ་བཅས་ཀྱི་ལམ་སྲོལ་གྱི་ཐོག་ནས་བསྐྱར་བཅོས་བྱེད་རྒྱུ་ཡིན། བསྐྱར་བཅོས་དེ་གྲོས་ཚོགས་ནང་འཁྱེར་ཡོང་རྒྱུ་ནི་ཚོགས་གཙོ་གཉིས་ཀྱིས་ཐག་གཅོད་བྱས་ཏེ་འཁྱེར་ཡོང་བ་ཞིག་ཡིན་ལ། ཡིག་ཆའང་བཀྲམ་ཟིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡