རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་གྲྭ་ཚང་།

༄༅། །མཆོག་ཏུ་བཀུར་འོས་མཁས་བཙུན་བཟང་པོའི་དཔལ་གྱིས་ཕྱུག་ཅིང་ཕྱི་ནང་གཞུང་ལུགས་རབ་འབྱམས་སྨྲ་བར་ཆགས་ཐོགས་མི་མངའ་བའི་ངེས་དོན་གྱི་མཁས་པའི་དབང་པོ་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གང་ཉིད་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་རྫོང་དཀར་ཆོས་སྡེའི་མཁན་ལས་འདུས་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲི་བཀྲིས་བདེ་ལེགས་དང་མཛད་འཕྲིན་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་གྲངས་མེད་ཞུ།
རིན་པོ་ཆེ་མཆོག་གང་ཉིད་བསྐལ་བ་དུ་མའི་ལེགས་བྱས་བསོད་ནམས་དང་རླབས་ཆེན་ཐུགས་བསྐྱེད་གཅིག་ཏུ་སྤུངས་པ་ལས་སྐུ་ན་ཕྲ་མོའི་དུས་ནས་ད་ལྟའི་བར་རང་ཅག་བོད་འབངས་ཡོངས་ཀྱི་མེ་ཏོག་གང་ལ་འཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་སྲིད་པ་བཟུང་བ་༸གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་ཚུལ་དུ་འཇིག་རྟེན་ཁྱོན་དང་ཁྱད་པར་བོད་མི་རིགས་ཀྱི་བདེ་རྩར་ཆོས་དང་ཆབ་སྲིད་ཤེས་རིག་སོགས་གང་ཐད་ནས་མཐའ་བཙན་ཞིང་ཕུགས་འཕེར་བའི་ལེགས་བཅོས་གསར་གཏོད་དང་འཆད་སྤེལ་འཁྲིད་སྟོན། རྗེ་གུང་ཐང་པས། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །གསུངས་པ་ལྟར་གྱི་ཉམས་བཞེས་དང་རྒྱུན་པའི་འགྲོ་འདུག་གི་མཛད་སྤྱོད་ཀྱི་ཆ་ཕྲ་མོས་ཀྱང་སྐལ་ལྡན་དང་བ་འདྲེན་པའི་གསོས་སུ་གྱུར་ལ། ལྷག་དོན་ཉག་ཕྲ་བའི་དུས་འདིར་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གང་ཅིའི་དཀའ་ཚེགས་རིམ་པར་དཀྱེལ་ཡངས་ཕུལ་བྱུང་རྣམ་དཔྱོད་ཀྱིས་གདོང་ལེན་དང་འབྲེལ་ཐབས་བྱུས་བློ་གྲོས་འདོན་སྤེལ་སོགས་དུས་བསྟུན་རྣག་ཐོག་གཙག་འཁེལ་གྱི་ངེས་འདྲོང་གོ་སྐོན་སློབ་གསོ་ལན་འདེབས་རིམ་པར་མཛད་པ་འདི་རིགས་གཟུར་གནས་སྐྱེ་བོ་ཀུན་ལ་ཡི་རངས་ཀྱི་གནས་སུ་གྱུར་ཅིང་། འདི་ནས་ཀྱང་དེ་རིང་གི་གོ་སྐབས་དང་བསྟུན་ནས་རླབས་ཆེན་མཛད་རྗེས་ལ་སྙིང་དབུས་ནས་ལེགས་གསོལ་བསྔགས་བརྗོད་དང་བཀྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།
འབྱུང་འགྱུར་ཡང་བོད་བསྟན་སྲིད་མི་རིགས་དང་མཁའ་ཁྱབ་སྐྱེ་འགྲོའི་ཕན་བདེའི་རྩ་ལག་དམ་པར་འཕྲོད་བཞེས་མཛད་ཕྱོགས་མི་ལྷོད་ཅིང་སྐུ་ཚེ་ཡུན་དུ་བརྟན་པ་ནས་འཕྲལ་ཡུན་དགེ་བའི་ཆོས་སྲིད་ལམ་སྟོན་དལ་འགྲོའི་རྒྱུན་བཞིན་སྩོལ་གནང་མཆི་བ་དང་། འདི་ནས་ཀྱང་སྐུ་དཀྱིལ་གསལ་ཐང་ངོས་བླ་ན་མེད་པའི་ཐུགས་དགོངས་ཟབ་མོ་རྣམས་ཇི་བཞིན་འགྲུབ་པར་བསླུ་མེད་མཆོག་གསུམ་རྒྱ་མཚོར་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་བཅས་ཧོན་སུར་གཞིས་ཁོངས་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས། ༢༠༡༤ ཟླ་ ༩ ཚེས་ ༡༥ ཉིན།