ས་རཱ་མཐོ་སློབ་ཏུ་རིག་གནས་བགྲོ་གླེང་ཐེངས་བདུན་པའི་དབུ་འབྱེད་ཐོག་གསུང་བཤད།

སློབ་དཔོན་ཟམ་གདོང་རིན་པོ་ཆེས་ ༢༠༡༣ ཕྱི་ཟླ་ ༨ ཚེས་ ༧ ཉིན་ས་རཱ་མཐོ་སློབ་ཀྱི་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བདུན་པའི་དབུ་འབྱེད་དུ་ “བཙན་བྱོལ་ནང་གི་ཡིག་སྒྱུར་ལས་གཞི་གོང་འཕེལ་གཏོང་ཐབས་” ཐོག་གནང་བའི་གསུང་བཤད།Upper TCV 3སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་ལགས། གཞོན་ནུའི་རུ་ཁག་གི་ཚོགས་གཙོ་དང་མཛད་གཙོ་རྣམ་པ། འདི་གའི་སློབ་ཕྲུག་རྣམ་པ། ཕྱི་ནས་གདན་འདྲེན་ཞུས་པའི་བགྲོ་གླེང་ལ་ཕེབས་མཁན་གྱི་མཁས་དབང་རྣམ་པ་ཚང་མ་ལ་དེ་རིང་ང་སླར་ཡང་ས་རཱའི་བགྲོ་གླེང་གི་ཚོགས་འདུར་བཅར་རྒྱུ་བྱུང་བ་འདི་ཕལ་ཆེར་ཐེངས་གསུམ་པའམ་བཞི་པ་ཞིག་ཡིན་པ་ཡོད། ཁྱེད་རང་ཚོས་བགྲོ་གླེང་ཚོགས་འདུ་འཚོགས་རིམ་བཞིན་ཚོགས་འདུའི་དབུ་འབྱེད་ཀྱི་སྐུ་མགྲོན་དུ་མི་གཅིག་རང་བྱས་ན་ཡ་མཚན་པོ་ཞིག་རེད། ལོ་རེ་ལོ་རེ་ལ་གསར་པ་གསར་པ་གདན་འདྲེན་ཞུས་ན་ཡག་པོ་ཡོད། དེ་ནི་རྗེས་སུ་མ་གཏོགས་ཚོར་སྣང་མ་བྱུང། ཁ་སང་འགྲོ་གཏན་འཁེལ་དུས་ཐེངས་མང་པོ་ཕྱིན་ཚར་བ་དྲན་བསྡད་ཀྱི་འདུག།ལྷག་པར་དུ་ཁྱེད་རང་ཚོའི་བརྗོད་གཞི་ “བཙན་བྱོལ་ནང་གི་ཡིག་སྒྱུར་ལས་གཞི་གོང་འཕེལ་གཏོང་ཐབས་” ཐོག་དམིགས་བསལ་ཕན་ཐོགས་ཡོད་པའི་གཏམ་བཤད་བྱ་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན། ངའི་མི་ཚེའི་ཉམས་མྱོང་ནང་སྒྲ་སྒྱུར་གྱི་ལས་དོན་དེ་ཉུང་ཤོས་རེད།
ལར་ནས་སྔོན་མ་ནས་ངའི་བསམ་བློའི་ནང་ལེགས་སྦྱར་གྱི་སྐད་དང་པཱལིའི་སྐད། ཡང་ན་རྒྱ་གར་གྱི་སྐད་རིགས་གཞན་ནས་ནང་པའི་གཞུང་ལུགས་དེ་ཚོ་བོད་ཀྱི་སྐད་ཡིག་ནང་ཇི་ཙམ་ཡང་དག་པ་བསྒྱུར་ཐུབ་པ་བཞིན། རྒྱ་གར་སྐད་ཡིག་དང་བོད་སྐད་ཡིག་ནང་གི་ནང་པའི་ཆོས་དང་འབྲེལ་བའི་གཞུང་ལུགས་དེ་ཚོ་ཨིན་སྐད་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་པ་ཚོའི་ནང་བསྒྱུར་ཐུབ་པ་ཞིག་ཡོང་གི་མ་རེད་བསམ་གྱི་ཡོད། འདི་འདྲ་བསམས་དགོས་པ་དེ་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་ལྟ་བུ་གང་ཡང་མིན། བོད་ཀྱི་སྐད་ཡིག་འདི་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པའི་སྐད་ཡིག་ཅིག་རེད། ལེགས་སྦྱར་སྐད་ཡིག་ནང་གང་མངོན་པར་གསལ་བ་བྱེད་ཐུབ་པ་དེ་བོད་ཀྱི་སྐད་ཡིག་གི་ནང་ལ་མངོན་པར་གསལ་བ་བྱེད་ཐུབ་ཀྱི་ཡོད། མངོན་བརྗོད་དང་སྡེབ་སྦྱོར་ཉེ་སྒྱུར་སོགས་ཕྱོགས་གང་ནས་བལྟས་ཀྱང་། ལེགས་སྦྱར་སྐད་ཀྱིས་མཚོན་པའི་རྒྱ་གར་སྐད་ཡིག་ཁག་ལ་ཡོད་པའི་གནས་སྟངས་དེ་ཚོ་ཇི་བཞིན་སྟོན་ཐུབ་པའི་སྐད་ཡིག་དེ་ཕལ་ཆེར་བོད་ཡིག་གཅིག་པུ་རེད། ད་ལྟ་ལེགས་སྦྱར་ལ་སོགས་པའི་རྒྱ་གར་གྱི་སྐད་ཡིག་ཁག་ནང་ཡོད་པའི་གཞུང་ལུགས་དེ་ཚོ་དང་། བོད་ཀྱི་སྐད་ནང་ཡོད་པའི་བཀའ་འགྱུར་བསྟན་འགྱུར་དེ་ཚོ་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་ནང་བསྒྱུར་དགོས་བྱུང་ན། སྔོན་མ་ལེགས་སྦྱར་ནས་བོད་སྐད་ལ་བསྒྱུར་བའི་སྐབས་ཀྱི་སྒྱུར་གྱི་སྤུས་ཚད་དང་མཉམ་པ་ཞིག་བསྒྱུར་ཐུབ་ཀྱི་མ་རེད་སྙམ་པ་ད་ལྟའང་དྲན་གྱི་ཡོད། ཡིན་ནའང་དེ་རྒྱུ་མཚན་དུ་བྱས་ནས་བསྒྱུར་རྒྱུ་ཡོད་མ་རེད། བསྒྱུར་རྒྱུ་གཞག་དགོས་ཞེས་ལབ་ཐུབ་ཐབས་མེད། སྐད་ཡིག་སོ་སོའི་ནང་ལ་བསྒྱུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། སྒྱུར་གྱི་ལས་ཀའང་མང་པོ་བྱེད་ཀྱི་ཡོད། ལྔ་བཅུ་ང་དགུའི་ལོར་ང་ཚོ་བཙན་བྱོལ་ལ་བསླེབས་པའི་རྗེས་ཕྱི་རྒྱལ་གྱི་སྐད་ཡིག་ནས་བོད་སྐད་ལ་ཚུར་བསྒྱུར་བ་དང་། བོད་ཡིག་ནས་ཕྱི་རྒྱལ་གྱི་སྐད་ལ་ཕར་བསྒྱུར་བའི་ལས་དོན་རླབས་ཆེན་བྱས་པ་རེད། དེ་ཚོ་ཇི་ཙམ་གྱི་ཚད་ལྡན་དང་ཡང་དག་པ་བྱུང་ཡོད་མེད་ངས་ཞུ་ཐུབ་ཀྱི་མེད། དེ་མཁས་དབང་ཚོས་བསྐྱར་ཞིབ་གནང་དགོས་པ་ཞིག་རེད།
ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པའི་བསྟན་བཅོས་དེ་ཚོ་བཀླགས་ནས་གོ་བ་གང་བླངས་ཐུབ་པ་དེ་བོད་སྐད་ནང་ཀློག་དུས་བརྒྱ་ཆ་བརྒྱ་ཐམ་པ་གོ་བ་ཆ་ཚང་ལོན་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་པས་འདི་ལ་སྒྲ་སྒྱུར་ཞེས་མིང་བཏགས་པ་རེད། ད་ལྟ་ཁྱེད་རང་ཚོས་ཡིག་ཆའི་ནང་ལ་ཡིག་སྒྱུར་ཞེས་གསུངས་འདུག།བར་སྐབས་ཤིག་ལ་དྷརྨསཱལཱར་སྒྲ་སྒྱུར་གྱི་ཚབ་ལ་ཡིག་སྒྱུར་ཞེས་པའི་ཚིག་འདི་བེད་སྤྱོད་གནང་གི་འདུག། འདིའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གང་ཡོད་ངས་ཤེས་ཀྱི་མེད། ཡིན་ནའང་བོད་ཀྱི་གནའ་བོའི་རིང་ལུགས་ལ་ལུང་དུ་སྟོན་པ་དང་བརྡ་སྤྲོད་ཀྱི་རིག་གནས་ལ་སྒྲ་རིག་པ་ཞེས་བརྗོད་ཀྱི་རེད། དེ་ལ་ལེགས་སྦྱར་ནང་ཤབྡབིདྱཱ་ཞེས་བརྗོད། བོད་པའི་མཁས་པ་ཁ་ཤས་ཀྱིས་སྒྲ་བསླབས་པ་རེད། སྒྲ་རིག་པ་བསླབ་དགོས་ཞེས་བརྗོད་དུས་ལེགས་སྦྱར་གྱི་སྐད་སློབ་ཀྱི་ཡོད་པ་དེ་འདྲའི་དགོངས་པ་བཞེས་མཁན་ཡོད་ས་རེད། སྤྱིར་བཏང་སྒྲ་རིག་པ་ཞེས་པ་འདི་ཐ་སྙད་ཀྱི་རིག་གནས་ལྔའི་ནང་ནས་སྒྲ་རིག་སྟེ་ལུང་སྟོན་པའི་རྣམ་གཞག་གམ་བརྡ་སྤྲོད་པའི་རྣམ་གཞག ཡང་ན་སྐད་ཡིག་རིག་པ་འདི་རང་རེད་མ་གཏོགས། ལེགས་སྦྱར་གྱི་སྐད་རྐྱང་པ་ལ་སྒྲ་ཞེས་བརྗོད་ཀྱི་མེད། ཡིན་ནའང་སྒྱུར་བའི་སྐབས་སུ་སྒྲ་སྒྱུར་དང་དོན་སྒྱུར་ཞེས་ཡོང་གི་ཡོད། ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་ལ་དོན་སྒྱུར་ཡོང་གི་ཡོད་ཀྱང་། སྒྲ་སྒྱུར་ཡོང་གི་མ་རེད་ཅེས་བཤད་ཀྱི་ཡོད། ལེགས་སྦྱར་ནང་གང་ཡོད་ཇི་མ་ཇི་བཞིན་བོད་སྐད་ནང་བསྒྱུར་ཐུབ་པ་བཞིན་རྒྱ་སྐད་ནང་བསྒྱུར་ཐུབ་ཀྱི་མེད། ལེགས་སྦྱར་དང་རྒྱ་གར་སྐད་ནས་བོད་སྐད་ལ་སྒྱུར་སྐབས་སྒྲ་རང་རེད་མ་གཏོགས། སྒྲ་འདི་ཟུར་ལ་བཞག་ནས་ལེགས་སྦྱར་སྐད་ནས་རྒྱ་སྐད་ལ་བསྒྱུར་བ་བཞིན་མིན། དེར་བརྟེན་ང་རང་ཚོའི་སྲོལ་རྒྱུན་གྱི་བཤད་སྟངས་དེ་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཞུ་བ་མ་གཏོགས། ཡིག་སྒྱུར་གྱི་ལོ་ཙཱ་བ་ཞུ་མཁན་ཡོད་མ་རེད་ལ། ང་ཚོས་བསྒྱུར་བ་ཚང་མ་ཇི་མ་ཇི་བཞིན་སྒྲ་སྒྱུར་རང་རེད།
བཀས་བཅད་ནང་ལའང་སྐད་ཡིག་གཞན་པ་ནས་བོད་སྐད་ལ་སྒྱུར་བའི་སྐབས། ལོ་ཙཱ་བ་ཚོས་ཁྲིམས་དང་སྒྲིག་ལམ་གང་འདྲ་འཁྱེར་ནས་བསྒྱུར་དགོས་ཀྱི་ཡོད་མེད་རྣམ་གཞག་སྟོན་པའི་རིག་པའི་གཞུང་ལུགས་དེ་ “སྒྲ་སྦྱོར་བམ་གཉིས་” དང་ “བྱེ་བྲག་རྟོགས་བྱེད་ཆེ་ཆུང་” བཅས་གསུམ་པོ་དེ་རེད། འདི་ནི་སྔོན་གྱི་ཆོས་རྒྱལ་བཀའ་དྲིན་ཅན་དེ་ཚོ་དང་། ལྷག་པར་དུ་སྔོན་གྱི་ལོ་པཎ་ཚོས་ཧ་ཅང་ཞིབ་ཚགས་དང་ནན་ཏན་གནང་ནས་བཟོས་པར་བརྟེན། ད་ལྟ་འཇིག་རྟེན་སྟེང་སྒྲ་སྒྱུར་གྱི་བྱུང་རབས་ཁྲོད་བོད་པའི་སྒྲ་སྒྱུར་གྱི་བྱུང་རབས་དང་མཚུངས་པ་ཞིག་གཞན་སུ་ལའང་མེད་པའི་གནས་སྟངས་དེ་ཧ་ཅང་གསལ་པོ་རེད།
ད་ལྟ་ང་ཚོ་ནང་པའི་ཆོས་ཀྱི་བརྒྱུད་ལམ་གྱི་སྐད་ཡིག་ (Canonical language) ལ་ཆ་བཞག་ན་ཡག་ཤོས་བོད་ཡིག་འདི་ཆགས་ཀྱི་ཡོད། བརྒྱུད་ལམ་སྐད་ཡིག་བཞི་ཡིན་པ་ནི་ཡོངས་གྲགས་སུ་རྒྱལ་སྤྱིའི་མཁས་པ་ཚོས་ཁས་ལེན་གྱི་ཡོད། དེའི་ནང་པཱལི་དང་སཾསྐྲྀཏ་གཉིས་ནི་སངས་རྒྱས་ཀྱིས་ཐོག་མར་ཆོས་གསུངས་པའི་སྐབས་ལ་ཡོད་ཅིང་། བཀའ་བསྡུའི་སྐབས་སྐད་གཙོ་བོ་ད་ལྟ་ལྷག་པའི་པཱལི་དང་སཾསྐྲྀཏ་རེད། ཡུལ་མི་རང་བཞིན་པའི་སྐད་ནང་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་ཆོས་ཀྱི་ཚིགས་སུ་བཅད་པའི་ཆ་ཤས་དེ་འདྲ་རྙེད་ཀྱི་ཡོད་འདུག ལེགས་སྦྱར་དང་པཱལི་ལས་གཞན་པའི་ཟུར་ཆག་དང་ཡུལ་མི་རང་བཞིན་པའི་སྐད་དུ་ནང་པའི་གཞུང་ལུགས་དེ་ཙམ་ཐོབ་ཀྱི་མེད། བསྒྱུར་བཞག་པའི་སྐད་བོད་སྐད་དང་རྒྱ་སྐད་གཉིས་པོ་རེད། དེར་བརྟེན་ལེགས་སྦྱར་དང་། པཱལི། རྒྱ་སྐད། བོད་སྐད་བཅས་བཞི་པོ་ནང་པའི་གཞུང་ལུགས་ཀྱི་སྐད་ཡིག་ཏུ་ཡོངས་གྲགས་རེད། དེའི་ནང་ནས་བོད་སྐད་འདི་ནང་པའི་གཞུང་ལུགས་མང་ཤོས་དང་དག་ཤོས་ཡོད་པ་ཟུར་དུ་བཏོན་ཡོད། དེ་འདྲའི་རླབས་ཆེན་གྱི་གྲུབ་འབྲས་ཆེན་པོ་ཡོང་བའི་གཞི་རྩ་གཙོ་བོ་ནི་གཙོ་བོ་སྔོན་གྱི་ཆོས་རྒྱལ་ཚོའི་སྐུ་དྲིན་ལ་བརྟེན་ནས་ལོ་ཙཱ་བ་རྣམས་ཀྱིས་སྒྲ་སྒྱུར་ཡང་དག་པ་ཞིག་གནང་ཡོད་པས་རེད། བསྟན་དར་ལྷ་རམས་པས། “ཚོགས་གསུམ་འོད་ཀྱིས་བཀྲ་བའི་སྒྲོན་མེ་མཆོག། དམིགས་མེད་ཐུགས་རྗེའི་ཕྱག་གིས་རབ་བཏེགས་ཏེ།། མཐའ་འཁོབ་མུན་སྟུག་གསལ་མཛད་ལོ་པཎ་དྲིན།། ཤིན་ཏུ་ལྗིད་དོ་མི་སྐྱུད་དྲན་པར་རིགས།།” ཞེས་གསུངས་པ་དེ་ཧ་ཅང་བདེན་པོ་རེད། དེང་སང་ང་ཚོས་ཤློཀ་རེ་གཉིས་སྒྱུར་བའི་སྐབས་ཀྱང་དཀའ་ངལ་མང་པོ་ཡོང་གི་ཡོད། དེ་ཙམ་གྱི་རླབས་ཆེན་གྱི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་སྤུས་ཚད་ཡང་དག་པ་ཞིག་གི་ཐོག་བསྒྱུར་ཐུབ་པ་དེ་སློབ་དཔོན་བཀའ་དྲིན་ཅན་ཚོའི་སྐུ་དྲིན་ཡིན་པ་སྨོས་མེད་དང་། ལྷག་པར་དུ་རྒྱལ་ཁབ་རང་གིས་རླབས་ཆེན་གྱི་ལས་དོན་ཞིག་ཏུ་ངོས་འཛིན་གྱིས་གཞུང་འབྲེལ་གྱི་སྒྲ་སྒྱུར་སྡེ་ཚན་བཙུགས་པས་རེད། དཔེར་ན། བསམ་ཡས་གཙུག་ལག་ཁང་གསར་དུ་བཞེངས་པའི་སྐབས་སུ་ཕྱོགས་བཞི་དང་མཚམས་བརྒྱད་ཀྱི་ནང་དུ་གླིང་བཅུ་གཉིས་བཟོས་ཡོད་ཅིང་། དེའི་ནང་ནས་གླིང་གལ་ཆེ་ཤོས་གཅིག་སྒྲ་སྒྱུར་རྒྱ་གར་གླིང་ཞུ་བ་དེ་རེད། སྒྲ་སྒྱུར་རྒྱ་གར་གླིང་ནང་རྒྱ་གར་གྱི་པཎྜི་ཏ་ལྔ་བརྒྱ་ཡས་མས་དང་། བོད་ཀྱི་ལོ་ཙཱ་བ་ལྔ་བརྒྱ་ཡས་མས་བཞུགས་ཡོད་པའི་བྱུང་རབས་འདུག
དེ་རིང་འདིར་ཁྱེད་རང་ཚོའི་བགྲོ་གླེང་འདི་ལ་མཚན་མི་འདྲ་བ་གཉིས་འདུག། “བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བདུན་པ།” ཞེས་པ་དེ་སྤྱིར་བཏང་གི་ཚོགས་ཐེངས་ཚང་མ་ལ་ཁྱབ་པའི་གཅིག་གྱུར་གྱི་མཚན་དང་། ད་རེས་དམིགས་བསལ་གྱི་བརྗོད་གཞི་ “ཡིག་སྒྱུར་ལས་གཞི་” ཞེས་པ་དེ་ཡིན་པ་འདྲ། བོད་ཀྱི་རིག་གནས་ཞེས་པའི་ཐ་སྙད་འདི་ལའང་དཔྱད་པ་མང་པོ་བྱ་དགོས་པ་ཞིག་རེད། མིང་འདི་ཏག་ཏག་སྡོད་ཀྱི་འདུག་གམ། མིང་འདིའི་ནང་དོན་གྱི་བརྗོད་གཞི་དེ་ཚོ་གང་དང་གང་རེད། ནུབ་ཕྱོགས་པ་ཟེར་བ་དེ་བར་སྐབས་ཤིག་ལ་ཤར་ཕྱོགས་པའི་ཐོག་ཕྱོགས་ཐམས་ཅད་ནས་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་མཁན་གྱི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་ང་ཚོའི་སྐད་ཆ་བཤད་སྟངས་དང་། ལས་ཀ་བྱེད་སྟངས། བསམ་བློ་གཏོང་སྟངས་བཅས་མང་པོའི་ནང་ནུབ་ཕྱོགས་པ་དང་། ལྷག་པར་དུ་དེང་རབས་པའི་ནུབ་ཕྱོགས་ཀྱི་ཤན་ཤུགས་དེ་ཧ་ཅང་ཆེན་པོ་རེད།
སྤྱིར་བོད་ཀྱི་རིག་གནས་ཀྱི་གོ་དོན་གང་ཡིན་པ་དང་། སྒྲ་སྒྱུར་དང་ཡིག་སྒྱུར་གྱི་གོ་དོན་གང་ཡིན་པའི་ཐོག་ད་རེས་བགྲོ་གླེང་ནང་ཏན་ཏན་དོགས་གཅོད་ཡོང་གི་རེད་བསམ་གྱི་འདུག སྤྱིར་རིག་གནས་ཞེས་པ་འདི་ནང་པའི་ཐ་སྙད་ཅིག་ཡིན་ཞིང་། རྒྱ་གར་ནང་དུ་ནང་པའི་སྔོན་གྱི་གནས་སྟངས་ལ་བལྟས་པ་ཡིན་ན། བཟོ་ཡི་གནས་དང་སྒྱུ་རྩལ་གྱི་གནས་ཞེས་སྒྱུ་རྩལ་གྱི་གནས་བཅོ་བརྒྱད་དང་བཟོ་ཡི་གནས་བཅོ་བརྒྱད། དེ་བཞིན་སྒྱུ་རྩལ་དྲུག་ཅུ་རེ་བཞི་ཟེར་བ་དེ་འདྲའི་བཤད་སྟངས་ཡོད། ཡང་ན་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཅེས་པའི་བཤད་སྟངས་ཤིག་ཡོད། རིག་བྱེད་ནང་རིག་བྱེད་བཞི་དང་། དེའི་ཡན་ལག་ནང་སྨན་དང་རྩིས་ལ་སོགས་པའི་ཐ་སྙད་རིག་གནས་གཞན་པ་རྣམས་རྩི་སྲོལ་ཞིག་ཡོད། ཡང་རྩི་སྟངས་གཞན་ཞིག་ལ་རིག་བྱེད་དང་རིག་བྱེད་འོག་ཨུཔནིཥད་ (གསང་བ་པ་) ཟེར་བ་དེ་དང་། དེའི་འོག་ཏུ་པུརཱཎ་ (སྔོན་རབས་) ཞེས་པ། དེའི་རྗེས་སུ་དྷརྨཤཱསྟྲ་ (ཆོས་ཀྱི་བསྟན་བཅོས་) རེད། དེ་ཚོ་ཚང་མ་དང་མི་མཐུན་པར་ནང་པས་རིག་པའི་གནས་རྣམས་ལྔ་རུ་རྣམ་གཞག་ཕྱེ་བ་རེད། “རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་།། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།” ཅེས་རིག་པའི་གནས་ལྔ་ལ་སྦྱང་དགོས་ཞེས་མདོའི་ནང་གསུངས་ཡོད་ལ། མདོའི་ནང་གང་གསུངས་པ་དེ་ཚུར་བསྟན་བཅོས་ནང་དུའང་དྲངས་ཡོད། དེར་བརྟེན་རིག་པའི་གནས་ལྔ་བགྲང་བའི་སྐབས་སྒྲ་རིག་པ་དང་། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ། རྒྱུ་རིག་པ་བཅས་རེད། རྒྱུ་རིག་པ་ནི་གཏན་ཚིགས་རིག་པ་ཞེས་པ་དེ་རེད། དཔེ་ཆ་རྙིང་པ་དེ་ཚོའི་ནང་རྒྱུ་རིག་པ་ (ཧེཏུབིདྱཱ་) ཞེས་ཡོད། དེ་ལྟར་རིག་པའི་གནས་ལྔ་རྩི་སྲོལ་དེ་ནང་པའི་ལུགས་སྲོལ་རེད།
བོད་ཀྱི་རིག་གནས་ནང་རིག་པའི་གནས་ལྔར་མ་འདུས་པའི་བོད་པ་རང་གི་རིག་གནས་གཞན་པ་ཞིག་ཡོད་དམ། ཡོད་ན་བོད་ཀྱི་རིག་གནས་ཞེས་ཐ་སྙད་འདི་གཙང་མ་སྦྱར་རྒྱུ་ཡོང་གི་རེད། དཔེར་ན་ཐ་སྙད་རིག་གནས་བོད་ལ་དར་སྐབས་རྒྱ་གར་རྐྱང་རྐྱང་ལ་ཆ་མ་བཞག་པར་བོད་པས་གཡས་གཡོན་ནས་ཁ་སྣོན་བརྒྱབས་པ་ཁ་ཤས་ཡོད། སྨན་དང་རྩིས་གཉིས་ལ་བལྟས་ན། སྨན་དེ་རྒྱ་གར་གྱི་ཨཱཡུརྦེད་ (ཚེའི་རིག་བྱེད་) ཡན་ལག་བརྒྱད་པ་སོགས་ལས་བསྒྱུར་ཡོད་ཀྱང་། དེ་རང་ལ་ཆ་མ་བཞག་པར་བོད་པ་རང་གིས་ཐུན་མོང་མ་ཡིན་པའི་གཞུང་ “རྒྱུད་བཞི་” སོགས་བརྩམས་པ་རེད། དེའི་ནང་ཡུནཱནཱི་དང་། རྒྱ་ནག སྟག་གཟིག་སོགས་མང་པོ་ནས་ལེགས་ཆ་བླངས་ཏེ་བོད་པ་རང་གིས་ཁ་སྣོན་མང་པོ་བརྒྱབས་ཡོད། དེ་བཞིན་རྩིས་ཀྱི་ནང་སྐར་རྩིས་དང་དབྱངས་འཆར་མ་གཏོགས་རྒྱ་གར་ནས་བྱུང་མེད། རྒྱ་ནག་གི་ནག་རྩིས་དང་དེ་འདྲ་མང་པོ་ཞིག་ཀྱང་ང་ཚོས་རྩིས་ཀྱི་ནང་རུག་རུག་བཟོས་ཡོད། ཡིན་ནའང་ངོ་བོའི་གནས་བབ་ཀྱི་ཆ་ནས་དེ་ངེས་པར་དུ་རིག་པའི་གནས་ལྔ་གང་རུང་གཅིག་གི་སྡེ་ཚན་ནང་ལ་འགྲོ་བ་མ་གཏོགས། ཟུར་དུ་བཏོན་ནས་གྲངས་ཀ་བརྒྱབ་རྒྱུ་མེད། དེར་བརྟེན་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་དེ་གང་འདྲ་བྱེད་ཀྱི་རེད། བོད་སྐད་ནང་ཡོད་པའི་སྤྱི་ཡོངས་ཀྱི་རིག་གནས་དེ་ཚོ་ལ་བོད་ཀྱི་རིག་གནས་ཞེས་པའི་ཐ་སྙད་འདི་འཐོབ་ཀྱི་རེད་དམ། ཡང་ན་ནུབ་ཕྱོགས་པའི་ལྟ་སྟངས་ལྟར་བོད་པ་རང་གིས་ཟུར་དུ་བཟོས་པའི་རིག་གནས་ཤིག་ཡོད་དམ་མེད། དེ་དཔྱད་བྱའི་གནས་ཤིག་ལ་བཞག་ན་རྗེས་མ་ནས་གསལ་པོ་ཆགས་ཀྱི་རེད།
སྒྲ་སྒྱུར་གྱི་མིང་ཚིག་དེ་ད་ལྟ་ངས་གོང་དུ་ཞུས་པ་ལྟར། སྒྲ་སྒྱུར་རྒྱ་གར་གླིང་དང་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཞེས་མིང་བཏགས་པ་དང་། ཞུ་ཆེན་གནང་སྟངས་ཐད་ “སྒྲ་སྦྱོར་བམ་པོ་གཉིས་པ་” བཅས་ཀྱི་གནས་སྟངས་བྱུང་ཡོད། སྔོན་མ་ “ཡིག་སྒྱུར་” ཞེས་པ་དེ་གང་དུ་བེད་སྤྱོད་གཏོང་གི་ཡོད་ཅེ་ན། ཡིག་གཟུགས་གཅིག་ནས་གཅིག་ལ་བྲིས་པ་དེ་ལ་བརྗོད་ཀྱི་ཡོད། ཨིན་སྐད་ལ་ transcribe, transcription ཟེར་བ་རེད། དཔེར་ན་ལེགས་སྦྱར་གྱི་སྔགས་དེ་ཚོ་བོད་ཡིག་ནང་འབྲི་བའི་སྐབས་སྒྲ་སྒྱུར་གྱི་མེད་པར་ཡི་གེ་སྒྱུར་གྱི་ཡོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་དེ་ལེགས་སྦྱར་གྱི་སྐད་དམ་སྒྲ་རེད། ཡིན་ནའང་དེ་བོད་ཡིག་ནང་བྲིས་པར་བརྟེན། དེ་ལ་ཡིག་སྒྱུར་ཞེས་བརྗོད་ན་འགྲིག་པ་དང་། སྐད་གཅིག་ནས་མི་འདྲ་བ་གཞན་ཞིག་ལ་བསྒྱུར་དགོས་བྱུང་ན་དེ་ལ་སྒྲ་སྒྱུར་ཞེས་བརྗོད། སྒྲ་སྒྱུར་མི་ཐུབ་པ་དེ་འདྲའང་ཡོད་ཅིང་། དཔེར་ན་ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་དང་ཨིན་སྐད་ནང་ཕལ་ཆེར་སྒྲ་སྒྱུར་ཐུབ་ཀྱི་མེད། དེར་བརྟེན་དོན་སྒྱུར་མ་བྱེད་ཐབས་མེད་རེད། དེ་ལ་སྒྱུར་ཙམ་ཞིག་མ་གཏོགས། སྒྲ་སྒྱུར་ཞེས་པའི་ཐ་སྙད་འདི་འཐོབ་ཀྱི་ཡོད་མེད་དཔྱད་པ་བྱ་རྒྱུ་རེད། ལེགས་སྦྱར་ནང་ཤབྡཱརྠ་ (ཚིག་དོན་) དང་བྷཱབྰརྠ་ (ནང་དོན་) ཞེས་གཉིས་སུ་ཕྱེ་གི་ཡོད། དེར་བརྟེན་སྒྲ་སྒྱུར་མི་ཐུབ་པའི་སྐད་ཡིག་ལ་སྒྱུར་ཙམ་དང་། ཡང་ན་དོན་སྒྱུར་ཙམ་ལ་མི་འཇོག་ཐབས་མེད་རེད། འདི་ཚོ་ཁྱེད་རང་ཚོས་དཔྱད་གཞི་ལ་བཟུང་ན་དཔྱད་པ་བྱ་རྒྱུ་ཡོད་པ་ཞིག་དང་། དཔྱད་པ་བྱ་དགོས་པའི་གནས་སྟངས་ཤིག་ཡོད་རེད།
སྤྱིར་བཏང་སྒྱུར་གྱི་ཐོག་ལ་ངས་ཤེས་རྟོགས་ཡོད་པའི་བོད་པའི་གཞུང་ལུགས་གཉིས་རེད། དང་པོ་ “སྒྲ་སྦྱོར་བམ་ གཉིས་” དང་། གཉིས་པ་ “དག་ཡིག་མཁས་པའི་འབྱུང་གནས་” རེད། “སྒྲ་སྦྱོར་བམ་གཉིས་” ནི་ལེགས་སྦྱར་ནས་བོད་སྐད་ལ་སྒྱུར་བའི་སྐབས་ལ་ཁྲིམས་སུ་བཅས་པ་ཞིག་དང་། “དག་ཡིག་མཁས་པའི་འབྱུང་གནས་” ནི་བོད་སྐད་ནས་སོག་སྐད་དང་མན་ཇུའི་སྐད་ལ་སྒྱུར་བའི་སྐབས་ཁྲིམས་སུ་བཅས་པ་ཞིག་ཡིན་པར་བརྟེན། དེ་གཉིས་སྒྱུར་གྱི་རིག་པའི་གཞུང་ལུགས་ཀྱི་ངོ་བོར་བཟུང་ན་འགྲིག “དག་ཡིག་མཁས་པའི་འབྱུང་གནས་” ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པ་ཞིག་ཡིན། མཛད་དགོས་དོན་གྱི་རྒྱབ་ལྗོངས་ནི། སྐབས་དེ་དུས་མན་ཇུའི་སྐད་ཡིག་དང་སོག་པོའི་སྐད་ཡིག་ནང་ “བཀའ་འགྱུར་” བསྒྱུར་ཟིན། “བསྟན་འགྱུར་” བསྒྱུར་རྒྱུའི་ལས་གཞི་འགོ་བཙུགས་པར་བརྟེན། དེའི་དོན་དུ་མཁས་པ་མང་པོ་ཞིག་འཚོགས་ནས་ “བྱེ་བྲག་རྟོགས་བྱེད་ཆེན་པོ་” བཟོས་པ་བཞིན་ “དག་ཡིག་མཁས་པའི་འབྱུང་གནས་” ཞེས་པའི་ཚིག་མཛོད་འདི་བཟོས་པ་རེད། དེའི་ནང་ཚད་མ་དང་། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་ཞེས་སྡེ་ཚན་ཕྱེ་ནས་ཐ་སྙད་བཟོས་ཡོད། དེའི་དབང་གིས་བོད་སྐད་ནས་སྐད་ཡིག་གཞན་ལ་སྒྱུར་བའི་སྐབས་སུ་སྐྱོན་ཆ་མི་འགྲོ་བ་དང་། ཡང་དག་པ་བསྒྱུར་ཐུབ་པ་ཡོང་གི་ཡོད། གལ་ཏེ་སྒྲ་སྒྱུར་གྱི་ཕྱག་ལས་གནང་རྒྱུའི་དགོངས་པ་ཡོད་པ་ཡིན་ན་ངེས་པར་དུ་བོད་ལ་ཡོད་པའི་སྒྲ་སྒྱུར་གྱི་རིག་པའི་གཞུང་ལུགས་འདི་ཚོ་གཟིགས་དགོས།
ད་ལྟ་སྐད་ཡིག་གཞན་ནས་བོད་སྐད་ཐོག་སྒྱུར་བའི་སྐབས་ཡིན་ནའང་རུང་། བོད་སྐད་ནས་སྐད་ཡིག་གཞན་ལ་སྒྱུར་བའི་སྐབས་ཡིན་ནའང་འདྲ། སྒྱུར་གྱི་ཕྱག་ལས་གནང་མཁན་ཚོ་ལ་དམིགས་བསལ་གྱི་དཀའ་ངལ་ཁ་ཤས་ཤིག་ཡོད་རེད། སྔོན་མ་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་གཟིགས་སྐྱོང་འོག་བོད་ལ་བཀའ་འགྱུར་དང་བསྟན་འགྱུར་སྒྱུར་སྐབས་དཀའ་ངལ་འདི་ཚོ་འཕྲད་ཀྱི་མེད། དེང་སང་ང་རང་ཚོའི་སྐད་ཡིག་ནས་ཕྱི་རྒྱལ་གྱི་སྐད་ཡིག་ཏུ་ཕར་བསྒྱུར་བ་དང་། ཕྱི་རྒྱལ་གྱི་སྐད་ཡིག་ནས་ཐ་སྙད་རིག་གནས་ཕྲན་ཚེགས་དེ་ཚོ་ཚུར་སྒྱུར་བའི་སྐབས། ང་ཚོ་སྤྱི་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་དང་པོ་ནི་སྐད་ཡིག་ཡོངས་ལ་ཁྱབ་པའི་སྒྲ་སྒྱུར་གྱི་སྡེ་ཚན་ནམ་སྒྲིག་འཛུགས་མེད་པ་དེ་རེད། རྒྱལ་ཁབ་ཀྱི་ངོས་ནས་དེའི་ཐོག་ལ་ལྟ་རྟོག་སྟངས་འཛིན་བྱ་རྒྱུའི་གོ་སྐབས་མེད་པར་བརྟེན། ཐ་སྙད་བེད་སྤྱོད་བྱེད་སྟངས་དང་ཐ་སྙད་གསར་པ་བཟོ་སྟངས་གཉིས་ཀའི་ཐོག་ལ་གཅིག་གྱུར་ཡོང་གི་མེད། ཐ་སྙད་གཅིག་གྱུར་དགོས་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པར་བརྟེན། ཆོས་རྒྱལ་ཚོའི་སྐབས་སུ་ “བྱེ་བྲག་རྟོགས་བྱེད་” གསུམ་བསྒྲིགས་ཡོད། དེ་ལ་བརྟེན་ནས་བོད་ཀྱི་ནང་ལ་སུ་འདྲ་ཞིག་གིས་རྒྱ་གར་ནས་བཀའ་བསྟན་བསྒྱུར་བ་ཡིན་ནའང་ཐ་སྙད་གཅིག་གྱུར་ཡོང་གི་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་གྱི་ནང་གང་དུ་གཟིགས་ཀྱང་ཐ་སྙད་མི་འདྲ་བ་མང་པོ་མགོ་འཁྲུགས་དགོས་པ་ཁྱོན་ནས་མེད་པ་འདི་ནི་ང་ཚོ་བོད་པའི་སྒྱུར་གྱི་ཐུན་མོང་མ་ཡིན་པའི་གཟི་བརྗིད་ཅིག་རེད། དེང་སྐབས་ཐ་སྙད་གཅིག་གྱུར་མི་ཡོང་བ་དེ་ང་ཚོ་ལ་སྒྱུར་གྱི་དཀའ་ངལ་ཆེ་ཤོས་ཤིག་རེད། ཚུར་སྒྱུར་བའི་སྐབས་ལ་གཅིག་གྱུར་ཡོང་གི་ཡོད་མ་རེད་ལ། ཕར་སྒྱུར་བའི་སྐབས་ལའང་གཅིག་གྱུར་ཡོང་གི་མེད།
ང་ཚོས་བདུན་ཅུ་དོན་གྲངས་ནས་བཟུང་བོད་སྐད་ནས་ཨིན་སྐད་ནང་སྒྱུར་བའི་སྐབས་སུ་ཆོས་སྲིད་ཀྱི་ཐ་སྙད་གཅིག་གྱུར་དགོས་ཀྱི་འདུག་ཅེས་བཤད་མུས་རེད། དེའི་དོན་དུ་དྷརྨཤཱལཱའི་དཔེ་མཛོད་ནས་ཚིག་མཛོད་དེ་འདྲ་བཟོས་ཡོད། དང་པོ་སྒྱུར་མཁན་གྲས་སུ་ཇེཕ་རི་ཧོཔ་ཀིནས་ (Jeffrey Hopkins) དང་བོབ་ཐར་མན་ (Bob Thurman) སོགས་མི་ལྔ་དྲུག་ཅིག་ཡོད་ཅིང་། ཁོང་ཚོས་གང་བསྒྱུར་ཡང་དེའི་འོག་ཏུ་ཚིག་མཛོད་ལྟ་བུ་རེ་སྦྱར་ཡོད། ཡིན་ནའང་ཁོང་ཚོ་འདོད་པ་མཐུན་གྱི་མེད་པར་བརྟེན། གཅིག་གྱུར་ཡོང་ཐུབ་མེད། ཐ་སྙད་གཅིག་གྱུར་མ་བྱུང་བ་འདིས་མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་བབ་དང་བོད་ཀྱི་རིག་གནས་ལ་འཇུག་སྟངས་ཀྱི་བསམ་བློའི་འགྱུ་བ་གཉིས་ཀའི་ཐོག་ལ་སྐྱོན་བརྒྱབ་ཀྱི་རེད། དེར་བརྟེན་དེང་སང་གི་ལོ་ཙཱ་བ་གཞོན་པ་ཚོས་བོད་སྐད་ནང་ཐ་སྙད་གཅིག་གྱུར་ཡོང་བ་དང་། ནུབ་ཕྱོགས་པའི་སྐད་ནང་དུའང་ཐ་སྙད་གཅིག་གྱུར་ཡོང་བར་འབད་བརྩོན་བྱ་དགོས་རྒྱུ་གལ་ཆེན་པོ་རེད།
ཐ་སྙད་གསར་པ་བཟོ་སྐབས་སྔོན་གྱི་ཆོས་རྒྱལ་ཚོས་བཀས་བཅད་གང་གནང་ཡོད་ཅེ་ན། ཆོས་དང་མི་འགལ་བ་དང་། བརྡ་སྤྲོད་དམ་ལུང་སྟོན་པའི་གཞུང་དང་མི་འགལ་བ། འཇིག་རྟེན་གྲགས་ཚོད་དང་མི་འགལ་བ། རིགས་པ་དང་མི་འགལ་བ་བཅས་ཆ་རྐྱེན་བཞི་ཚང་དགོས་པ་གསུངས་ཡོད། ཆ་རྐྱེན་བཞི་པོ་ཚང་ནས་ཐ་སྙད་གསར་པ་བཟོས་པ་དེ་སྒྲ་སྒྱུར་གྱི་གྲྭ་ལ་སྙན་གསན་ཞུ་དགོས། དེ་རྗེས་རྒྱལ་པོ་ལ་སྙན་གསན་ཞུས་ཏེ་བཀའ་ཁྲོལ་བྱུང་ན་ཐ་སྙད་ཀྱི་དཀར་ཆག་ (ཐ་སྙད་དཀར་ཆག་ཅེས་པ་ནི་ཚིག་མཛོད་ལ་ཟེར།) “བྱེ་བྲག་རྟོགས་བྱེད་ཆེན་མོ་” སོགས་སུ་གཞི་ནས་ཡར་བཅུག་གི་ཡོད། དེར་བརྟེན་དེང་སང་ཐ་སྙད་གསར་པ་བཟོ་སྐབས། ང་ཚོ་ལ་དེའི་ཐ་སྙད་རྙིང་པ་ཡོད་མེད་ཞིབ་འཇུག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐ་སྙད་རྙིང་པ་ཡོད་བཞིན་དུ་ཐ་སྙད་གསར་པ་བཟོས་ན་དེས་སྐད་ཡིག་ལ་གནོད་ཀྱི་རེད་ལ། མ་འོངས་པར་ལྟ་མཁན་ཚོ་ལའང་དཀའ་ངལ་འཕྲད་ཀྱི་རེད།
དེང་སང་ཆོས་ཀྱི་སྐད་ཆ་བཤད་ཀྱི་མེད་པར་བརྟེན། ཆོས་དང་མི་འགལ་བ་ཞེས་པ་དེ་མི་དགོས་རུང་། རིགས་པ་དང་མི་འགལ་བ་དང་། འཇིག་རྟེན་གྲགས་ཚོད་དང་མི་འགལ་བ། ལུང་སྟོན་པའི་གཞུང་དང་མི་འགལ་བ་བཅས་གསུམ་པོ་དེ་ངེས་པར་དུ་དགོས། དེ་གསུམ་ཡོང་རྒྱུའི་ཆེད་དུ་ཆ་རྐྱེན་དང་པོ་དེ་གང་དགོས་སམ་ཞེ་ན། ཐ་སྙད་དེ་དང་པོ་གང་ནས་བྱུང་བ་དེ་རང་ནས་ཐད་ཀར་ཚུར་བཟོ་རྒྱུ་དེ་གལ་ཆེན་པོ་རེད། དཔེར་ན་ཐ་སྙད་དེ་ཐོག་མར་ཨིན་སྐད་ལ་བྱུང་བ་ཞིག་ཡིན་ན། ཨིན་སྐད་ནང་དེའི་གོ་དོན་གང་ཡིན་པ་དེ་ནས་བོད་སྐད་ལ་ཐ་སྙད་བཟོ་དགོས། བོད་སྐད་ནས་ཕར་ཐ་སྙད་ཅིག་བཟོས་པ་ཡིན་ན། བོད་སྐད་ལ་བལྟ་དགོས་ལ། དེའི་འབྱུང་ཁུངས་ཀྱི་ལེགས་སྦྱར་སྐད་ལའང་བལྟ་དགོས། དེར་བརྟེན་ཐོག་མའི་འབྱུང་ཁུངས་ཀྱི་ཐ་སྙད་དེ་ནས་ཐ་སྙད་གསར་བཟོ་བྱ་དགོས། དེ་འདྲ་མིན་པར་ཐོག་མར་ཨིན་སྐད་ལ་ཐ་སྙད་ཅིག་བྱུང་བ་དེ་རྒྱ་སྐད་ལ་བསྒྱུར། དེ་ནས་ཚུར་བོད་སྐད་ལ་བཟོས་པ་ཡིན་ན། ཐ་སྙད་གསར་བཟོ་དེ་གཡར་བ་ལྟ་བུ་ཞིག་དང་། མི་གཞན་གྱིས་བེད་སྤྱོད་བཏང་ཟིན་པ་ཐག་རིང་པོ་ཞིག་ནས་བྱུང་བ་ལྟ་བུ་ཞིག་རེད། ང་ཚོ་བོད་པའི་ཐ་སྙད་གསར་པ་མང་པོ་ཞིག་དང་། ལྷག་པར་དུ་ཚན་རིག་དང་འཕྲུལ་ཆས་ཀྱི་ཐ་སྙད་གསར་པ་རྣམས་ཐོག་མར་འབྱུང་སའི་སྐད་ཡིག་དེའི་ཐ་སྙད་ལ་མ་བལྟས་པར་རྒྱ་སྐད་ནས་བོད་སྐད་ལ་བསྒྱུར་བ་ཡིན་པར་བརྟེན། ཐག་རིང་པོར་སོང་ནས་དོན་ལ་མི་གནས་པ་མང་པོ་ཡོད་པ་ང་ཚོས་འཆར་ཅན་མཐོང་དང་མཐོང་མུས་རེད།
དེ་ནས་བརྡ་སྤྲོད་ཀྱི་གཞུང་དང་མི་འགལ་བ་ཞིག་དགོས། དེ་བཞིན་འཇིག་རྟེན་གྲགས་ཚོད་ལ་གཞན་ཞིག་ལ་མིང་བཏགས་ཟིན་པ་དེ་ཐ་སྙད་གཞན་ཞིག་ལ་བེད་སྤྱོད་བཏང་ན་གོ་ནོར་ཐེབས་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ཐ་སྙད་གཅིག་གྱུར་ཡོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
དཀའ་ངལ་འཕྲད་ས་གཞན་ཞིག་ནི་མིང་གཅིག་དོན་མང་ལ་འཇུག་པ་དང་། དོན་གཅིག་ལ་རྣམ་གྲངས་ཀྱི་མིང་མང་པོ་ཡོད་པའིི་རིགས་རྣམས་ཡིན་ཞིང་། དེ་དག་སྒྱུར་པའི་སྐབས་སུ་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཐ་སྙད་གཅིག་གིས་དོན་མང་པོར་འཇུག་པའི་སྐབས་སྒྱུར་མཁན་ལ་སྒྱུར་རྩལ་གང་དགོས་ཞེ་ན། བརྗོད་ཚིག་གམ་ཚིག་གྲུབ་དེའི་ལྟག་ལ་གང་འདུག འོག་ལ་གང་འདུག་ཚིག་གྲོགས་ལ་བལྟས་ནས། སྐབས་བབ་ཀྱི་བརྗོད་བྱ་གང་ཡིན་པ་བལྟ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དཔེར་ན། བོད་སྐད་ལ་ “རིགས་” ཞེས་པ་དེ་དོན་གྱི་འཇུག་ཡུལ་ཁ་ཤས་ཡོད་ཅིང་། རིགས་པ་ཡང་དག་ཟེར་བ་དེ་ལ་འགྲོ་ཡི་རེད་ལ། འོས་དང་མ་འོས་ཞེས་པའི་ཐ་སྙད་ལའང་འདི་འགྲོ་བ་རེད། འདི་ད་དུང་འཇུག་ཡུལ་ཉུང་བའི་གྲས་རེད། དེ་བཞིན་བོད་སྐད་ཀྱི་ “རིགས་” ཞེས་པ་དེ་ལེགས་སྦྱར་སྐད་ཀྱི་ཚིག་མི་འདྲ་བ་བཞིའམ་ལྔ་ལ་ང་ཚོས་བེད་སྤྱོད་གཏོང་གི་ཡོད། དེ་ཡང་ཀུལཔུཏྲ་ (རིགས་ཀྱི་བུ་) དང་ཀུལདུཧིཏཱ་ (རིགས་ཀྱི་བུ་མོ་) ལྟ་བུ་ཀུལ་ཞེས་པ་ལ་རིགས་དང་། ཤྲཱབཀགོཏྲ་ (ཉན་ཐོས་ཀྱི་རིགས་) དང་། པྲཏྱེཀབུདྡྷགོཏྲ། (རང་སངས་རྒྱས་ཀྱི་རིགས།) བོདྷིསཏྟྭགོཏྲ་ (བྱང་ཆུབ་སེམས་དཔའི་རིགས་) ལྟ་བུ་གོཏྲ་ཞེས་པ་ལ་རིགས། གོོཏྲ་ཟེར་བ་ནི་བློའི་ནང་རྒྱས་འགྱུར་གྱི་ས་བོན་ཞིག་ལ་གོ་བ་ཡིན། སཇཱཏཱིཡ་ (རིགས་མཐུན་པ་) དང་བིཇཱཏཱིཡ་ (རིགས་མི་མཐུན་པ་) ལྟ་བུ་ཇཱཏི་ཞེས་པ་ལ་རིགས། ཅཱཏུརྦརྞ་ (རིགས་བཞི་) ལྟ་བུ་བརྞ་ཞེས་པ་ལ་རིགས་ཞེས་བརྗོད། སྐབས་འགའ་རེར་སྐྱེ་གནས་ལའང་རིགས་ཞེས་བརྗོད་ཅིང་། དཔེར་ན་སྐྱེ་གནས་དྲུག་ལ་འགྲོ་བ་རིགས་དྲུག་ཅེས་བཤད་ཀྱི་ཡོད། དེ་ལྟར་སྐབས་བབ་ཚིག་དེའི་གོ་བ་གང་དུ་འཇུག་གི་ཡོད་པ་ཚིག་གྲོགས་དང་སྐབས་ཐོབ་ཀྱི་བརྗོད་དོན་ལ་བརྟེན་ནས་མ་གཏོགས། ཚིག་རང་ཟུར་དུ་བཏོན་ནས་ཚིག་མཛོད་ནང་བཙལ་ན་ནོར་གྱི་རེད། དེ་བཞིན་ཨིན་སྐད་ནས་ཚུར་བོད་སྐད་ལ་སྒྱུར་སྐབས་ཀྱང་། དཔེར་ན་ “རིགས་” ཞེས་པའི་ཚིག་ལ་དབྱིན་སྐད་དུ་ race, nation, ethnic བཅས་གསུམ་ལ་གཅིག་གྱུར་བེད་སྤྱོད་གཏོང་གི་འདུག དེར་བརྟེན་དེ་ཚོའི་རིགས་ལ་ཁ་ཐུག་གི་བརྗོད་དོན་མ་ཤེས་ན། ཐག་གཅད་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲའི་ཐོག་ལ་ཏན་ཏན་དཀའ་ངལ་དང་འགྱུར་མ་དག་པ་ཡོང་རྒྱུའི་ཉེན་ཁ་ཡོད།

དེ་དང་ཕྱོགས་མཚུངས་མིང་གཅིག་དོན་དུ་མ་ལ་འཇུག་པ་དེའང་ “སྒྲ་སྦྱོར་བམ་གཉིས་” དང་ “མཁས་པའི་འབྱུང་གནས་” གཉིས་ཀའི་ནང་ལམ་སྟོན་གཅིག་པ་རེད། དེ་ཡང་མིང་གཅིག་དོན་དུ་མ་ལ་འཇུག་པར་དཀའ་ངལ་འཕྲད་ཀྱི་འདུག་ན། རང་འཇགས་གཞག་དགོས་ཞེས་གསུངས་ཡོད། དཔེར་ན་ལེགས་སྦྱར་གྱི་ཀཽཤིཀ་ཟེར་བ་དེ་བརྒྱ་བྱིན་ལ་འཇུག་གི་ཡོད་ལ། དེ་མིན་གནས་ཚུལ་མང་པོ་ཞིག་ལའང་འཇུག་གི་ཡོད་པར་བརྟེན། བོད་སྐད་ནང་མ་བསྒྱུར་བར་རང་འཇགས་བཞག་པ་རེད། ལྷག་པར་དུ་སྙན་ངག་གི་ཚིག་ཅིག་ཡིན་ན། ཉི་མ་ལ་ཉི་མ་ཞེས་མ་བརྗོད་པར་འོད་ཟེར་བརྒྱ་པ་དང་། རྟ་བདུན་དབང་པོ། ཉིན་བྱེད་ལྟ་བུའི་མངོན་བརྗོད་ཀྱི་མིང་གཞན་བཏགས་ཡོད་ན་དེ་སྒྱུར་བའི་སྐབས་ལ་ཡང་མངོན་བརྗོད་ཀྱི་མིང་དེ་རང་བསྒྱུར་དགོས་ཀྱི་རེད། དེ་བོད་སྐད་ལ་མ་འདང་བ་མེད། འོན་ཀྱང་ནུབ་ཕྱོགས་པའི་སྐད་ལ་མངོན་བརྗོད་ཀྱིས་མ་འདང་བ་ཡོང་གི་འདུག ཉི་མའི་མིང་ཉི་ཤུ་རྩ་གྲངས་ཡོད་ན་དེའི་ཚབ་ཏུ་ནུབ་ཕྱོགས་པའི་སྐད་ནང་གཅིག་རྐྱང་མ་གཏོགས། མང་པོ་ཞིག་ཡོང་རྒྱུ་མེད་པའི་གནས་ཚུལ་ཆགས་ཡོད། དེར་བརྟེན་འདི་ཚོའི་རིགས་ལ་ཏན་ཏན་གཟབ་གཟབ་བྱ་དགོས་རྒྱུ་གལ་ཆེན་པོ་རེད།
ཡུལ་གྱི་མིང་དང་། གང་ཟག་གི་མིང་། མེ་ཏོག་སོགས་རྫས་ཁྱད་པར་བའི་མིང་རྣམས་རང་འཇགས་གཞག་དགོས་ཞེས་ “སྒྲ་སྦྱོར་བམ་གཉིས་” དང་ “མཁས་པའི་འབྱུང་གནས་” གཉིས་ཀའི་ནང་ཡོད། ཡིན་ནའང་ “སྒྲ་སྦྱོར་བམ་གཉིས་” ཀྱི་སྔོན་ལ་ཡིན་ནམ། ཡང་ན་དེའི་རྗེས་ལ་སྒྲིག་ལམ་ཡག་པོ་མ་ཁྱེར་བ་ཡིན་ནམ། གང་ལྟར་བོད་པའི་འགྱུར་དེ་ཚོའི་ནང་ཡུལ་གྱི་མིང་དང་གང་ཟག་གི་མིང་སོགས་བོད་སྐད་ལ་བསྒྱུར་བ་མང་པོ་རེད། དེའི་དབང་གིས་དེང་སང་དཀའ་ངལ་འཕྲད་བཞིན་ཡོད། ཡུལ་གྱི་མིང་དེ་རྒྱ་གར་སྐད་རང་འཇགས་བཞག་ཡོད་ན། ད་ལྟ་ལམ་སེང་ངོ་འཕྲོད་ཀྱི་རེད། ཡུལ་གྱི་མིང་དེ་བོད་སྐད་ལ་བསྒྱུར་བར་བརྟེན། སེར་སྐྱའི་གཞི་དེ་གང་དུ་ཡིན་ནམ། རྩྭ་མཆོག་གྲོང་དེ་གང་དུ་ཡིན་ནམ། མཉན་ཡོད་གང་དུ་ཡིན་ནམ། ཡངས་པ་ཅན་གང་དུ་ཡིན་ནམ། དེ་རྒྱ་གར་སྐད་ལ་གང་ཟེར་གྱི་ཡོད་དམ་ཞེས་སྐད་བརྡ་མ་འཕྲོད་པ་ཡོང་གི་ཡོད། ཝཱརཱཎསཱི་ཞེས་པ་དེ་བོད་སྐད་ནང་རང་འཇགས་བཞག་པ་མང་བ་ཡོང་གི་འདུག་མ་གཏོགས། གཞན་མང་པོ་ཞིག་བོད་སྐད་ནང་བསྒྱུར་ཡོད། དེར་བརྟེན་ “སྒྲ་སྦྱོར་བམ་གཉིས་” ཀྱི་ལམ་སྟོན་ཡོད་པ་བཞིན་ཡུལ་དེ་ཚོ་རང་འཇགས་གཞག་དགོས་པ་དང་། གལ་སྲིད་གོ་མི་བདེ་བ་འདུག་ན། དེ་དག་ལ་ཡུལ་དང་། གང་ཟག མེ་ཏོག་སོགས་སོ་སོར་ཐ་སྙད་དེ་ཚོ་དང་མཉམ་དུ་སྦྱར་དགོས། དཔེར་ན་པདྨ་དང་། ཨུཏྤལ། ཀུ་མུད་རྣམས་མ་བསྒྱུར་བར་ལེགས་སྦྱར་སྐད་རང་འཇགས་བཞག་ཡོད། གལ་ཏེ་དེ་ཚོ་བོད་སྐད་ལ་གོ་མི་བདེ་བ་ཡོང་གི་ཡོད་ན། མེ་ཏོག་པད་མ་དང་། མེ་ཏོག་ཨུཏྤལ། མེ་ཏོག་ཀུ་མུད་ཞེས་སྦྱར་དགོས། གཞན་ཡང་ཝཱརཱཎཱསཱི་ལ་ཡུལ་ཝཱརཱཎསཱི་ཞེས་པ་དང། དེ་བཞིན་མིའི་མིང་ཡིན་ན། གནས་བརྟན་དང་། སློབ་དཔོན་སོགས་སྦྱར་དགོས།
དེ་ནས་སྒྲ་སྒྱུར་སྐབས་སུ་དཀའ་ངལ་གཞན་པ་འཕྲད་རྒྱུ་གཅིག་ཉམས་དེ་རེད། བསྟོད་པ་དང་། སྨད་པ། ངོ་མཚར། འཇིགས་པ་སོགས་ལ་ཉམས་ཀྱི་རྣམ་འགྱུར་ཆ་ཚང་སྐད་ཡིག་གཞན་པ་དེའི་ནང་འཐོན་ཐུབ་རྒྱུ་དེ་སྒྲ་སྒྱུར་གྱི་སྒྱུ་རྩལ་ནང་ཀླན་ཀ་ཆེ་ཤོས་ཤིག་རེད། འགྱུར་དེ་ལ་ཉམས་ཐོན་སྟངས་ཀྱིས་ཁྱད་པར་ཆེན་པོ་འགྲོ་བ་རེད། དཔེར་ན་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ “སངས་རྒྱས་ཀྱི་སྤྱོད་པ་” ཞེས་པའི་སྙན་ངག་ཆེན་པོ་དང་། “མཛད་བརྒྱ་དཔག་བསམ་འཁྲི་ཤིང་” གཉིས་པོ་ལེགས་སྦྱར་མཁས་པ་སུ་ལ་ཀློག་བཅུག་ནའང་། “སངས་རྒྱས་ཀྱི་སྤྱོད་པ་” ཞེས་པ་དེ་སྙན་ངག་ཡག་པ་དང་། “མཛད་བརྒྱ་དཔག་བསམ་འཁྲི་ཤིང་” དེ་ཙམ་སྙན་ངག་ཧ་ལས་པ་མི་བརྩི། ཡིན་ནའང་བོད་པས་རྦད་དེ་ལོགས་སུ་བརྩི་ཞིང་། “སངས་རྒྱས་ཀྱི་སྤྱོད་པ་” ཞེས་པའི་སྙན་ངག་དེ་ཀློག་མཁན་ཉུང་ཉུང་རེད་ལ། ཧ་གོ་མཁན་ཡང་དཀོན་པོ་རེད། འོན་ཀྱང་ “མཛད་བརྒྱ་དཔག་བསམ་འཁྲི་ཤིང་” ནི་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེས། “སྙན་ངག་ཀུན་གྱི་རྒྱལ་པོ་འཁྲི་ཤིང་གི། ཤིང་རྟའི་འཕང་ལོ་གཡོས་པའི་བཤུལ་ལམ་དུ།། དེང་དུས་སྐྱེ་བོའི་རྒྱུ་འགྲུལ་ཟད་པ་ན།། གྲིབ་མ་གཉིས་པའི་གྲོགས་བཅས་འགྲོ་བ་སུ།།” ཞེས་སྙན་ངག་ཀུན་གྱི་རྒྱལ་པོ་ལྟ་བུར་གསུངས་ཡོད། དེའི་རྒྱུ་མཚན་གང་རེད་ཅེ་ན། སྒྲ་སྒྱུར་སྐབས་སུ་ཐོག་མའི་སྐད་ཡིག་ནང་ཡོད་པའི་ཉམས་དང་འགྱུར་བའི་གནས་སྟངས་ཇི་མ་ཇི་བཞིན་སྐད་ཡིག་གཉིས་པ་དེའི་ནང་ཐོན་ཐུབ་པས་རེད། གལ་ཏེ་དེ་ཇི་བཞིན་འཐོན་མ་ཐུབ་ན་གཞུང་ལུགས་སྤྱི་དང་། ལྷག་པར་དུ་སྙན་ངག་གི་རྒྱན་ཡོད་པའི་ཚིག་དེ་དག་འགྱུར་ཐབས་ཆག་ཅིག་ཆགས་འགྲོ་བ་རེད། དེར་བརྟེན་གར་གྱི་ཉམས་དགུ་པོ་རྣམས་གནས་སྐབས་དང་བརྗོད་ཚིག་གི་ཐོག་ནས་འཐོན་ཐུབ་པ་བཟོ་དགོས་རྒྱུ་དེ་གལ་ཆེན་པོ་རེད།
གོང་དུ་ངས་ “སྒྲ་སྦྱོར་བམ་གཉིས་” ནང་གི་དོན་དག་བདུན་ཙམ་དང་། “དག་ཡིག་མཁས་པའི་འབྱུང་གནས་” ནང་གི་དོན་དག་བཅུ་གཅིག་ཙམ་ཡོད་པའི་ནང་ནས་གལ་ཆེ་བ་འགའ་ཤས་ཟུར་འདོན་གྱིས་ཁྱེད་རང་ཚོའི་བགྲོ་གླེང་གི་དཔྱད་གཞི་ཙམ་གྱི་ཆེད་དུ་ཞུས་པ་ཡིན།
དམིགས་བསལ་གྱིས་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་གཞུང་ལུགས་དེ་དག་ཕར་སྒྱུར་བའི་སྐབས་གཟབ་གཟབ་མ་བྱས་པར་ཕྲན་བུའི་ནོར་འཁྲུལ་ཕྱིན་ཡང་གོ་བ་ལོག་སྒྲུབ་ཆེན་པོ་འགྲོ་རྒྱུའི་གནས་སྟངས་རེད། དཔེར་ན། མཚན་གཞི་ཡིད་ཀྱི་རྣམ་ཤེས་དང་ཀུན་གཞི་ཡིད་ཀྱི་རྣམ་ཤེས་གཉིས་ཚིག་མཛོད་ནང་བལྟས་ན། དོན་དག་གཅིག་པ་རེད་མ་གཏོགས། ཁྱད་པར་གང་ཡང་མེད། ཡིན་ནའང་ཉན་ཐོས་སྡེ་པས་ཀུན་གཞི་ཡིད་ཀྱི་རྣམ་ཤེས་བེད་སྤྱོད་གཏོང་བ་དང་། སེམས་ཙམ་པས་ཀུན་གཞི་ཡིད་ཀྱི་རྣམ་ཤེས་བེད་སྤྱོད་གཏོང་བ། དེ་བཞིན་ཉན་ཐོས་སྡེ་པས་དྲུག་པ་ཡིད་ཀྱི་རྣམ་ཤེས་བེད་སྤྱོད་གཏོང་བ་དང་། སེམས་ཙམ་པ་དང་རང་རྒྱུད་པས་དྲུག་པ་ཡིད་ཀྱི་རྣམ་ཤེས་བེད་སྤྱོད་གཏོང་བ་དེ་དག་གི་དོན་གོ་སྟངས་རྦད་དེ་ཐ་དད་རེད། དེ་མཚུངས་བདེན་པར་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ། བདག་ཏུ་གྲུབ་པ་བཅས་ཚིག་བཞི་པོ་ཐལ་འགྱུར་བའི་ལུགས་ལ་དོན་གཅིག་མིང་གི་རྣམ་གྲངས་རེད། འོན་ཀྱང་རང་རྒྱུད་པའི་ལུགས་ལ་རྦད་དེ་ཐ་དད་རེད། གཞུང་ཆེན་མོ་སྒྱུར་མཁན་ཁ་ཤས་ཀྱིས་ཕྱོགས་སྔའི་འདོད་ཚུལ་གང་ཡིན་པ་དང་། དེ་ལ་འགོག་པའི་རིགས་པ་གང་ཡིན་པ། དེ་བཀག་པའི་རྗེས་ལ་རང་ལུགས་བཞག་པ་གང་ཡིན་པ་དེ་ཚོ་དབྱེ་བ་མ་ཕྱེ་ནས་བསྲེས་པ་མང་པོ་ཡོང་གི་འདུག དེ་ང་ཚོའི་མི་ཚེའི་ནང་དངོས་བྱུང་གི་ཉམས་མྱོང་རེད། ད་ལྟ་དགེ་བཤེས་བཟོད་པ་ལགས་བཞུགས་ཡོད་ཅིང་། ཁོང་གིས་དེའི་སྐོར་ལ་རྩོམ་ཡིག་མང་པོ་བྲིས་ཡོད། སྐབས་དེ་དུས་ནུབ་ཕྱོགས་ཀྱི་སྐད་ལ་བསྒྱུར་བའི་གཞུང་དེ་ཚོའི་ནང་ཧ་ལས་པའི་ནོར་འཁྲུལ་ཕྱིན་ཡོད། དེར་བརྟེན་ཐ་སྙད་གཅིག་གྱུར་རིགས་ལ་སུས་བརྗོད་པ་ཡིན་ནའང་དོན་དག་གཅིག་པ་རེད་བསམས་ཏེ། ཐ་སྙད་དེ་སུས་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་མ་ཤེས་པ་ཡིན་ན་མགོ་ལོག་ཆེན་པོ་ཡོང་རྒྱུའི་ཉེན་ཁ་ཡོད།
ང་ལ་སྒྲུང་ཞིག་བཤད་རྒྱུ་ཡོད། ཁོང་སྐད་གྲགས་ཡོད་པའི་སློབ་དཔོན་ (Professor) ཞིག་རེད། ད་ལྟ་དགོངས་པ་རྫོགས་ཚར་བ་རེད། ཁོང་གིས་བོད་ཡིག་ཡག་པོ་ཀློག་ཐུབ་ཀྱང་། བོད་སྐད་གོ་ཐུབ་ཀྱི་མེད། མ་གོ་བའི་སྐབས་སུ་དབུ་ཅན་ནང་བྲིས་ན་གོ་བ་རེད། ཁོང་གིས་མང་པོ་བསྒྱུར་བ་རེད། ཉིན་ཞིག་བསྒྱུར་བའི་སྐབས་སུ་གཞུང་ཞིག་ནང་རྐང་པ་བཞི་པའི་དོན་ནི་སྔར་ལྟར་རོ་ཞེས་རྐང་པ་བཞི་པའི་དོན་དེ་བཤད་མི་དགོས་པར་སྔར་བཤད་ཟིན་པ་དང་གཅིག་པ་རེད་ཅེས་འཁོད་ཡོད་འདུག ཁོང་གིས་རྐང་པ་བཞི་པའི་དོན་ནི་སྔར་ལྟར་རོ་ཞེས་པའི་དོན་རྟོགས་མ་ཐུབ་པར། ལམ་སེང་ཚིག་མཛོད་ལ་བལྟས་པ་རེད། དེའི་ནང་རྐང་པ་བཞི་པ་ཞེས་པ་ནི་དུད་འགྲོ་ཞེས་གསལ་ཡོད་ཅིང། དུད་འགྲོའི་དོན་ནི་སྔར་ལྟར་རོ་ཟེར་ན་གོ་རྒྱུ་མི་འདུག་བསམས་ནས་ང་ཚོའི་རོགས་པ་དགེ་བཤེས་ཤིག་ཡོད་པ་དེར་དྲིས་འདུག དེར་བརྟེན་ཚིག་མཛོད་རྐྱང་ལ་ཆ་བཞག་ན། སྐབས་རེ་འདི་འདྲ་ཡོང་ཉེན་ཡོད།
ལོ་ཙཱ་བ་ཚོའི་དགོས་མཁོ་དང་པོ་དེ་སྐད་ཡིག་གཉིས་ཀ་ལ་བྱང་ཆུབ་པ་ཞིག་དགོས། སྐད་ཡིག་གཉིས་ཀར་བྱང་ཆུབ་པ་ཡོད་ནའང་རང་གི་སྐད་ཡིག་མ་ཡིན་པའི་སྐད་ཡིག་གཞན་པ་དེ་སོ་སོའི་མ་སྐད་ཡིན་པའི་མི་ཞིག་དང་མཉམ་འབྲེལ་གྱིས་བསྒྱུར་དགོས་པ་དེ་གལ་ཆེན་པོ་རེད། སྔོན་གྱི་ཆོས་རྒྱལ་ཚོས་རྒྱ་གར་གྱི་པཎྜི་ཏ་མེད་པར་བོད་ཀྱི་ལོ་ཙཱ་བ་རྐྱང་པས་བསྒྱུར་མི་ཆོག་པ་དང་། བོད་ཀྱི་ལོ་ཙཱ་བ་མེད་པར་རྒྱ་གར་གྱི་པཎྜི་ཏ་རྐྱང་པས་བསྒྱུར་མི་ཆོག་པ་བཟོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། དེང་སང་གི་སྐད་ཆ་བཤད་སྟངས་ལྟར་ན་ཚན་རིག་དང་མཐུན་པ་རེད། སོ་སོའི་མ་སྐད་ནང་གོ་སྟངས་དེ་དང་། སྦྱངས་པའི་སྐད་ཡིག་གཞན་པའི་དེའི་ནང་གི་གོ་སྟངས་དབར་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་བོད་སྐད་ནས་ཨིན་སྐད་ལ་བསྒྱུར་བ་ཡིན་ན། སོ་སོ་ཨིན་སྐད་ལ་མཁས་པ་ཡིན་ནའང་ཨིན་སྐད་མ་སྐད་ཡིན་པའི་མི་ཞིག་དང་མཉམ་དུ་བསྒྱུར་ན་ཡག་པོ་ཡོད། དེ་བཞིན་ཨིན་ཇིའི་མི་ཨིན་སྐད་མཁས་པ་དེ་ཚོས་བོད་སྐད་ལ་ཚུར་སྒྱུར་གྱི་ཡོད་ན་བོད་ཡིག་མ་སྐད་ཡིན་མཁན་ཞིག་དང་མཉམ་དུ་བསྒྱུར་དགོས་རྒྱུ་དེ་གལ་ཆེན་པོ་རེད། སྔོན་གྱི་ཆོས་རྒྱལ་ཚོས་བཀས་བཅད་མཛད་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད།
དེ་དང་ཆབས་ཅིག་ཏུ་ཐ་སྙད་རྙིང་པ་གང་ཡོད་པ་རྣམས་བེད་སྤྱོད་གཏོང་ཐུབ་དགོས། སྔོན་གྱི་ལོ་ཙཱ་བ་ཚོས་བོད་སྐད་ནང་ལ་ཐ་སྙད་རྙིང་པ་ཡོད་པ་དེ་དག་སྒྲ་དོན་གྱི་ཆ་ནས་ལེགས་སྦྱར་དང་ཏག་ཏག་མ་འགྲིགས་པ་ཡིན་ནའང་བེད་སྤྱོད་གནང་ཡོད། དཔེར་ན། གཡུང་དྲུང་དང་གཙུག་ལག་ལྟ་བུ་ལེགས་སྦྱར་གྱི་སྐད་ནས་བསྒྱུར་བ་ཞིག་མིན་པར། བོད་སྐད་ནང་དེ་སྔོན་ནས་ཡོད་པར་བརྟེན། ཤཱཤྭཏ་ལ་གཡུང་དྲུང་དང་། ཨརྴ་ལ་གཙུག་ལག་ཅེས་བེད་སྤྱོད་བཏང་ཡོད། ཐ་སྙད་རྙིང་པ་དེ་དག་བེད་སྤྱོད་བཏང་བ་ཡིན་ན། གང་མཚམས་ཤིག་ནས་སྒྲ་གཏིང་ཚུགས་པ་ཆགས་འགྲོ་བར་བརྟེན། དེ་དག་བེད་སྤྱོད་གཏང་རྒྱུ་དང་བཙལ་རྒྱུ་གལ་ཆེན་པོ་ཡིན་ཞིང་། མ་རྙེད་པའི་སྐབས་ལ་གཞི་ནས་ཐ་སྙད་གསར་བཟོ་བྱེད་སྐབས་ཡོངས་ཁྱབ་གཅིག་གྱུར་ཡོང་རྒྱུར་གོང་དུ་ཞུས་པ་བཞིན་རིགས་པ་དང་མི་འགལ་བ་དང་། བརྡ་སྤྲོད་དང་མི་འགལ་བ། གྲགས་པ་དང་མི་འགལ་བའི་ཐོག་ནས་འབད་བརྩོན་བྱ་དགོས།
དེ་ནས་སྐད་ཡིག་གཉིས་ཀྱི་སྒྲོམ་གཞི་མི་འདྲ་བའི་དབང་གིས་ལེགས་སྦྱར་ནས་བོད་སྐད་ལ་བསྒྱུར་བ་བཞིན་སྟབས་བདེ་པོ་ཞིག་བོད་སྐད་ནས་ཨིན་སྐད་ལ་སྒྱུར་བའི་སྐབས་སུ་ཡོང་གི་མ་རེད། དེར་བརྟེན་བོད་སྐད་ནང་ཡོད་པའི་བརྗོད་བྱ་ཡོངས་སུ་རྫོགས་པ་དེ་སྐད་ཡིག་གཞན་པ་དེའི་ནང་དུ་འདོན་ཐུབ་བམ། འདོན་མི་ཐུབ་ན་ཐབས་ཤེས་གང་བྱ་དགོས་སམ། དེ་བཞིན་ཨིན་སྐད་ནས་བོད་སྐད་དུ་བསྒྱུར་བ་ཡིན་ནའང་ཏག་ཏག་ཆ་ཚང་བ་ཞིག་ཡོང་ཐུབ་བམ། དེ་ལྟ་བུ་ཞིག་བསྒྱུར་བའི་རྗེས་སུ་གང་ནས་བསྒྱུར་བའི་དཔེ་ཆ་དེ་མ་ཀློག་མཁན་བོད་སྐད་ཡག་པོ་ཤེས་མཁན་ཞིག་ལ་ལྟ་རུ་བཅུག་སྟེ་ཚུར་ལབ་འཇུག་དགོས། དེ་བཞིན་བོད་སྐད་ནས་ཨིན་སྐད་དུ་བསྒྱུར་བ་དེ་མཐོང་མ་མྱོང་མཁན་ཞིག་ལ་ཀློག་ཏུ་བཅུག་དགོས། གལ་ཏེ་གོ་བ་ཏག་ཏག་འཕྲོད་ཀྱི་འདུག་ན། དེ་འགྲིགས་པ་རེད།
ལོཀཙཀྵུ་ (འཇིག་རྟེན་གྱི་མིག་) ཅེས་པ་དེ་ལས་སླ་པོ་ཞིག་མིན། གང་ལྟར་འཇིག་རྟེན་གྱི་མིག་ལྟ་བུ་ཞིག་དགོས། འཇིག་རྟེན་གྱི་མིག་དེ་ཏོག་ཙམ་ཀྱོག་ནའང་ཡག་པོ་ཡོང་གི་མེད་པར་བརྟེན། དེའི་ལས་འགན་དེ་ཧ་ཅང་ཆེན་པོ་རེད། ང་ཚོ་ལ་དམིགས་བསལ་གྱིས་རིག་པའི་གཞུང་ལུགས་རྒྱ་ཆེ་གཏིང་ཟབ་ཡོད་པ་དང་། ཐ་སྙད་ཀྱི་རྣམ་གྲངས་ཧ་ཅང་ཕྱུག་པོ་ཡོད་པ་འདི་དག་མཁྱེན་པའི་ཐོག་ནས་ལོ་ཙཱ་བའི་ཕྱོགས་ལ་སྦྱངས་པ་གནང་ན་ཡག་པོ་ཡོད་རེད་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།།།