སུད་སི་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་པའི་མཛད་སྒོའི་ཕྱི་དྲོར་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད།

སློབ་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༢༤ ལྷ་བབ་དུས་ཆེན་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོའི་ཉིན་རྒྱབ་ཏུ་ཕྱི་ལོ་ ༡༩༠༠ ནས་ ༡༩༥༩ བར་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད་བཀའ་དྲིན་བསྩལ་པ། །

Swiss 2དགེ་འདུན་པ་རྣམ་པ་དང་། ཚོགས་འདུར་ཕེབས་པ་ཚང་མར་ཞུ་རྒྱུར། དེ་རིང་ཉིན་རྒྱབ་ཀྱི་ཚོགས་ཐེངས་འདིའི་ཐོག་ཕྱི་ལོ་ ༡༩༠༠ ནས་ ༡༩༥༩ བར་བོད་ཀྱི་རྒྱལ་རབས་སྐོར་བཤད་དགོས་ཞེས་བཀའ་གནང་སོང་། འདིར་བཅར་རྒྱུའི་ཁས་ལེན་ཞུས་ཟིན་སྟབས། བརྗོད་གཞི་འདི་འདྲ་ཞིག་བཤད་ཀྱི་མིན་ཞུས་ན་མ་འོས་པ་ལྟ་བུ་འདུག འོན་ཀྱང་ང་ལ་རྒྱལ་རབས་སྐོར་ཤོད་གསུངས་པ་དེ་ང་ཚོ་བོད་པའི་གཏམ་དཔེར་མགོ་སྤུ་མེད་ལ་རལ་པའི་ཁྲལ་ཞེས་པ་དང་གཅིག་མཚུངས་བྱུང། ང་རྒྱལ་རབས་ཀྱི་སློབ་གཉེར་བ་མ་རེད། མ་གཞི་ནས་ངས་སློབ་སྦྱོང་ཡག་པོ་བྱས་མེད་ཅིང་། སློབ་སྦྱོང་ཕྲན་བུ་བྱས་པའི་སློབ་ཚན་ནི་གཞུང་ཆེན་མོ་མ་གཏོགས་བྱུང་རབས་སྐོར་མ་རེད། སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་བྱུང་བ་རིག་པའི་ཐོག་སློབ་སྦྱོང་བྱེད་མཁན་གྱི་ཁྱད་མཁས་པ་དཀོན་པོ་རེད། བོད་ལ་རིག་གནས་ཧ་ཅང་མང་པོ་དར་ཡང་བྱུང་བ་རིག་པའི་སྐོར་དེང་རབས་ཀྱི་བྱུང་བ་རིག་པ་དང་མཐུན་པ་ཞིག་བོད་ལ་སྔོན་ཆད་དར་མེད། བོད་ནང་བྱུང་བ་རིག་པའི་ཐོག་ཞིབ་འཇུག་དེང་རབས་དང་མཐུན་པར་གནང་མཁན་དགེ་འདུན་ཆོས་འཕེལ་ཕལ་ཆེར་དང་པོ་ཡིན་སྲིད། དགེ་འདུན་ཆོས་འཕེལ་སྔོན་གྱི་བྱུང་རབས་སྨྲ་བ་རྣམས་ཀྱིས་ཞིབ་འཇུག་མ་གནང་བ་རེད་ཅེས་ཞུས་པ་མིན། པཎ་ཆེན་བསོད་ནམས་གྲགས་པ་དང་། རྒྱལ་བ་ལྔ་པ་ཆེན་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་བོད་ཀྱི་བྱུང་རབས་སྨྲ་བ་ཧ་ཅང་མང་པོ་བྱུང་ཡོད་རུང་། ཚང་མས་ཉམས་ཞིབ་གནང་སྟངས་བྱུང་བ་རིག་པ་ཁེར་རྐྱང་གི་རིག་པའི་གཞུང་ལུགས་དང་མཐུན་པར་ཉམས་ཞིབ་མ་གནང་བར་ཆོས་འབྱུང་དང་། རྒྱལ་རབས། སྒྲུང་གཏམ། རྟོགས་བརྗོད། སྤྱི་ཚོགས་ཀྱི་གནས་བབ་ཚང་མ་མཉམ་བསྲེས་གནང་བར་བརྟེན། དེང་དུས་ཀྱི་བྱུང་བ་རིག་པའི་ཉམས་ཞིབ་གནང་སྟངས་ཇི་མ་ཇི་བཞིན་བྱུང་མེད། བོད་ཀྱི་གནའ་བོའི་བྱུང་རབས་དང་། བར་སྐབས་ཀྱི་བྱུང་རབས་གཉིས་ཀ་བར་ལམ་ཞིག་ནས་ནུབ་ཕྱོགས་པ་ཚོས་ཞིབ་འཇུག་གིས་ཡིག་ཐོག་བཀོད་པ་མ་གཏོགས། བོད་པ་རང་གིས་ཞིབ་འཇུག་གིས་ཡིག་ཐོག་བཀོད་པ་ཉུང་ཉུང་རེད། འོན་ཀྱང་ང་ཚོས་ངེས་པར་མཁྱེན་དགོས་པ་ཞིག་ནི་ནུབ་ཕྱོགས་དང་རྒྱ་གར་གྱི་མཁས་པ་བོད་ཀྱི་བྱུང་བ་རིག་པའི་ཐོག་ཞིབ་འཇུག་གནང་མཁན་ཚང་མས་ཞིབ་འཇུག་གི་རྒྱུ་ཆ་ཚང་མ་བོད་པས་བཟོས་པ་དེ་རང་རེད། བོད་ཀྱི་བསྟན་བཅོས་དེ་ཚོའི་ཐོག་ནས་ཞིབ་འཇུག་གནང་བ་མ་གཏོགས་ཕྱི་ནས་འཁྱེར་ཡོང་རྒྱུ་ཞིག་གང་ཡང་མེད། དེ་ཡང་བོད་ཀྱི་རྩོམ་ཡིག་ཁག་གི་ནང་ནས་བྱུང་བ་རིག་པའི་ལྟ་ཚུལ་དང་མཐུན་པ་རྣམས་རྡོག་སྒྲུག་བརྒྱབས་ཏེ་བྱུང་བ་རིག་པའི་ངོ་བོར་བསྒྲིགས་ནས་ཡོད་པ་དེ་མཁྱེན་དགོས། མ་འོངས་པར་བོད་པ་རང་གིས་བྱུང་བ་རིག་པའི་རིག་གནས་ཡར་རྒྱས་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐོག་རིགས་གཅིག་རྐང་འཛིན་གྱི་ཁྱད་ལས་པ་བྱུང་ན་ཕན་ཐོགས་ཡོད། གཞུང་ཆེན་མོའི་ཐོག་གནའ་དུས་ནས་ཡོད་མུས་རེད། རིག་གནས་ཁ་ཤས་ཀྱི་མཚན་ཉིད་སྟོན་པའི་གཞུང་བོད་ལ་མ་འགྱུར་བའང་ཡོད། བོད་པས་བཅུ་ཕྲག་རིག་པའི་གནས་ཞེས་བརྗོད་རུང་། བོད་པར་ཟློས་གར་རིག་གནས་ཀྱི་མཚན་ཉིད་སྟོན་པའི་གཞུང་གཅིག་ཀྱང་མེད། ཟློས་གར་གྱི་བསྟན་བཅོས་མང་པོ་བསྒྱུར་ཡོད་ཀྱང་ཟློས་གར་གྱི་མཚན་ཉིད་སྟོན་པའི་གཞུང་མེད་པར་བརྟེན། ཟློས་གར་རིག་གནས་ཀྱི་གཞུང་ལུགས་དང་མཐུན་པར་སློབ་སྦྱོང་བྱེད་མཁན་དཀོན་པོ་རེད།
ང་ཚོས་ནམ་རྒྱུན་ཡོངས་གྲགས་ཁ་སྐད་དུ་བྱུང་རབས་ལ་རྒྱལ་རབས་དང་། ཡང་ན་ལོ་རྒྱུས་ཞེས་བརྗོད་ཀྱི་ཡོད། མིང་དེ་གཉིས་བེད་སྤྱོད་ཆེ་ཤོས་རེད། འོན་ཀྱང་བྱུང་བ་རིག་པའི་ངོས་ནས་བལྟས་ན་དེ་གཉིས་བྱུང་རབས་ཀྱི་ཆ་ཤས་མ་གཏོགས། བྱུང་རབས་ཡོངས་སུ་རྫོགས་པ་མིན། རྒྱལ་རབས་ཞེས་པ་ཚིག་གི་ངོ་གདོང་ནས་བལྟས་ནའང་རྒྱལ་པོ་གང་གི་རྗེས་སུ་གང་བྱུང་བ་རྒྱལ་པོ་ཚོའི་མི་རབས་བསྒྲིགས་པ་ཞིག་ལ་བརྗོད། བདག་ཉིད་ཆེན་པོ་གཱནྡྷཱིིས་བྱུང་རབས་ལ་བཀའ་བཀྱོན་གནང་སྐབས་བྱུང་རབས་ནང་རྒྱལ་པོ་དང་སྐུ་དྲག་སྐོར་མ་གཏོགས། མི་མང་དཀྱུས་མའི་སྐོར་སླེབས་མི་འདུག་གསུངས་པ་དེ་ཕྱོགས་གཅིག་ནས་བལྟས་ན་བདེན་པ་རེད། ལོ་རྒྱུས་ཞེས་པ་དེ་ཚིག་གི་ངོ་གདོང་ལ་བལྟས་ན་ལོ་ནི་ལོ་འཁོར་བཅུ་གཉིས་སུ་བརྩི་རྒྱུའི་ཟླ་བ་བཅུ་གཉིས་སམ། བཅུ་གསུམ་གྱི་དུས་ཡུན་ཅན་དེ་རེད། རྒྱུས་ནི་དེའི་བརྒྱུད་རིམ་མམ་གོ་རིམ་རེད། ཨིན་སྐད་དུ་ Chronology ཞེས་པ་དེ་ལ་ལོ་རྒྱུས་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན་ཕལ་ཆེར་དོན་དང་མཐུན། དེ་ཡང་བྱུང་བ་རིག་པའི་ཆ་ཤས་ཤིག་མ་གཏོགས། ཆ་ཚང་བ་མིན། དེང་སང་ནུབ་ཕྱོགས་པས་བཤད་པའི་ History ཟེར་བ་དེའི་ནང་རྒྱལ་རབས་དང་ཆོས་འབྱུང་ཡང་ཚུད་དགོས་ལ། ལོ་རྒྱུས་ཀྱང་ཚུད་དགོས། དེ་རྣམས་ཚང་མ་བསྡོམས་པའི་སྤྱི་ཡོངས་ཤིག་ལ་ History ཞེས་བརྗོད་དགོས། History ལ་ལེགས་སྦྱར་སྐད་དུ་ཨིཏིཧཱས་བརྗོད་ཀྱི་རེད། ཨིཏིཧཱས་དེ་ཐད་ཀར་བསྒྱུར་ན་“དེ་ལྟ་བུའི་བྱུང་བ་”རེད། སྟོན་པ་བདེ་བར་གཤེགས་པའི་གསུང་རབ་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ་ཞིང་། དེའི་ནང་ནས་“དེ་ལྟ་བུའི་བྱུང་བ་”ཞེས་པ་ཡན་ལག་གཅིག་རེད། དཔེར་ན་འདུལ་བ་ལུང་གཞིའི་ནང་བྱུང་བ་དང་གླེང་གཞི་ཞེས་གཉིས་གསལ་ཞིང་། བྱུང་བ་གང་དང་གང་བྱུང་བ་དང་། དེ་ལ་བརྟེན་ནས་གླེང་གཞི་གང་དང་གང་ཆགས་པ་བཅས་རེད། དེ་གཉིས་ཀ་དེ་ལྟ་བུའི་བྱུང་བའི་ནང་འདུས་པ་རེད། དེས་ན་ཨིན་སྐད་ཀྱི་ History ཞེས་པའི་ཚིག་དོན་ཆ་ཚང་བསྟན་ཐུབ་པའི་བོད་སྐད་ཀྱི་ཚིག་ནི་དེ་བྱུང་ངམ་དེ་ལྟ་བུའི་བྱུང་བ་ཞེས་པ་དེ་རེད། དེ་ནི་ང་ཚོས་གསར་དུ་བཟོས་པ་ཞིག་མིན། སྔོན་གྱི་ལོ་ཙཱ་བ་ཚོས་ཐོག་མ་ནས་“ཨིཏིཧཱས་”དེ་བོད་སྐད་ལ་“དེ་ལྟ་བུའི་བྱུང་བ་”ཞེས་བསྒྱུར་བ་རེད། འགྱུར་དེའང་སྐད་དོད་དང་མཐུན་པའི་སྒྲ་བསྒྱུར་མ་ནོར་བ་ཞིག་རེད། དེར་བརྟེན་ང་ཚོས་འདས་པའི་བྱུང་རིམ་ལ་ཞིབ་འཇུག་བྱེད་སྐབས་རྒྱལ་རབས་ཙམ་དང་། ཆོས་འབྱུང་ཙམ། ལོ་རྒྱུས་ཙམ་གྱི་སྡེ་ཚན་བྱེ་བྲག་གཅིག་མ་ཡིན་པར། ཐམས་ཅད་ལ་ཁྱབ་པའི་དེ་བྱུང་ཞིག་གཟིགས་དགོས་ལ། དེ་བྱུང་རིག་པའི་དགོངས་དོན་ལྟར་གྱི་ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ལམ་དེ་ཚོ་མཁྱེན་དགོས་པའང་གལ་ཆེན་པོ་རེད། ང་དེ་བྱུང་རིག་པའི་སློབ་གཉེར་བ་མ་རེད། འོན་ཀྱང་ལས་ཀ་བྱེད་སྐབས་དགོས་གལ་དང་བསྟུན་ནས་དོ་སྣང་མ་བྱེད་ཀ་མེད་བྱུང་བའི་འདས་པའི་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ནང་གང་དང་གང་བྱུང་བའི་གནས་ཚུལ་རེ་ཟུང་ཞུ་རྒྱུ་ཡོད་ཀྱང་། དེ་ཚོ་བྱུང་བ་རིག་པའི་རིག་གནས་དང་མཐུན་པར་ཞུ་ཤེས་ཀྱི་མེད། ང་ཚོའི་སྤྱི་ཚོགས་ནང་བོད་ཀྱི་ལོ་རྒྱུས་མཁྱེན་གྱི་ཡོད་དགོངས་མཁན་མང་པོ་ཡོད་རུང་། བྱུང་བ་རིག་པའི་རིག་གནས་དང་མཐུན་པར་མཁྱེན་མཁན་ཧ་ཅང་ཉུང་ཉུང་རེད། དཔེར་ན། ལོ་འདི་འདྲ་ཞིག་ལ་རྒྱལ་པོ་འདི་འདྲ་ཞིག་བྱུང་བ། དེ་རྒྱལ་སྲིད་ལ་འཁོད་པ། སྐུ་འདས་པ་སོགས་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། འོན་ཀྱང་བྱུང་བ་རིག་པའི་ཐོག་ནས་བསམ་བློ་གཏོང་སྐབས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་པ་བཞིན་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་རུང་། གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད་ཟེར་རྒྱུ་དེ་ཨིན་སྐད་ལ་ Event ཟེར་གྱི་རེད། དེ་འདྲ་བྱུང་བ་དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད། རྒྱབ་ལྗོངས་ཀྱི་རྒྱུ་མཚན་མངོན་གསལ་དོད་པོ་དང་མངོན་གསལ་མ་དོད་པ། མང་ཚོགས་ཀྱིས་ཤེས་པ་དང་མ་ཤེས་པ་གང་ཡོད་བསྡོམས་ནས་གནས་ཚུལ་དེ་འདྲ་ཞིག་བྱུང་བའི་དངོས་བརྒྱུད་ཀྱི་རྒྱུ་རྐྱེན་དང་། དེའི་མཇུག་འབྲས། དེ་ལ་བརྟེན་ནས་སྤྱི་ཚོགས་ལ་ཤན་ཤུགས་ཇི་ཐེབས་སོགས་ལ་དཔྱད་ཞིབ་ཀྱིས་གྲུབ་དོན་བརྗོད་པ་ལ་དེ་བྱུང་ (History) ཟེར་གྱི་རེད། དཔེར་ན། ང་ཚོ་བོད་དུ་ཉེ་ཆར་གྱི་བྱུང་བ་རྭ་སྒྲེང་རིན་པོ་ཆེ་བཙོན་ཁང་ནང་དུ་དགོངས་པ་མྱ་ངན་ལས་འདས་པ་ལྟ་བུར་མཚོན་ན། ལོ་འདི་འདྲ་ཞིག་ལ་རྭ་སྒྲེང་རིན་པོ་ཆེ་བཙོན་ཁང་ནང་དགོངས་པ་རྫོགས་པ་རེད་ཟེར་རྒྱུ་དེ་ཚང་མས་ཤེས་ཀྱི་རེད། འོན་ཀྱང་རྭ་སྒྲེང་རིན་པོ་ཆེ་ཅིའི་ཕྱིར་བཙོན་ཁང་དུ་ཚུད་པ་དང་། ཇི་ལྟར་དགོངས་པ་རྫོགས་པ། རྒྱུ་རྐྱེན་གང་ལ་བརྟེན་ནས་དགོངས་པ་རྫོགས་པ། དེའི་སྐབས་སུ་མངོན་གསལ་དོད་པ་དང་མངོན་གསལ་མ་དོད་པའི་རྒྱུ་རྐྱེན་གང་ཡོད། དགོངས་པ་རྫོགས་པའི་ཉེར་ལེན་ལ་བརྟེན་ནས་སྤྱི་ཚོགས་དང་། ཆབ་སྲིད། སྒྲིག་འཛུགས་བཅས་ལ་ཤུགས་རྐྱེན་གང་ཐེབས་པ། སྐབས་དེ་རང་ལ་འབྲས་བུ་གང་བྱུང་བ། ལོ་མང་རྗེས་སུ་དེའི་དབང་གིས་མིའི་བསམ་བློའི་ནང་བག་ཆགས་བཟང་ངན་གང་བཞག་པ། དེ་ལ་བརྟེན་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་བ་གང་བྱུང་བ་རྣམས་བྱུང་བ་རིག་པའི་ཐོག་ནས་བལྟ་རྒྱུའི་གནད་དོན་གཙོ་བོ་དེ་རེད། དེ་མིན་གནས་ཚུལ་འདི་དང་འདི་བྱུང་བ་རེད་ཟེར་རྒྱུ་དེ་ཁག་པོ་མིན། དེ་ཅིའི་ཕྱིར་བྱུང་བ་དང་། དེ་ལ་བརྟེན་ནས་མཇུག་འབྲས་གང་ཐོན་པ་རེད་ཟེར་རྒྱུ་དེ་བྱུང་བ་རིག་པའི་ལྟ་སྟངས་ཤིག་རེད། དེ་བཞིན་བྱུང་བ་རིག་པ་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས། ཁྱོན་ཡོངས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་སོགས་རྟེན་ཅིང་འབྲེལ་འབྱུང་གི་འབྲེལ་བ་ཇི་ལྟར་ཆགས་པ་དང་། དེའི་མཇུག་འབྲས་གང་ཡོང་རྒྱུ་ཡིན་པ་བཅས་གཟིགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་དག་སྤྱི་ཡོངས་ཀྱི་བྱུང་བ་རིག་པའི་གནས་སྟངས་སྐོར་ངོ་སྤྲོད་མདོར་བསྡུས་ཙམ་ཡིན།
བོད་ཀྱི་བྱུང་རབས་ཀྱི་གནས་སྟངས་ཆ་ཚང་གཟིགས་སྐབས་ཤར་གླིང་ཨེ་ཤི་ཡ་ཡོངས་རྫོགས་ཀྱི་བྱུང་རབས་ལ་གཟིགས་ན་མ་གཏོགས་བོད་པ་རྐྱང་པ་ཟུར་དུ་བཏོན་ནས་གཟིགས་རྒྱུ་ཁག་པོ་རེད། ཆ་ཚང་གཟིགས་ཐུབ་ཀྱི་མ་རེད། དེ་ནས་རྒྱ་ཆེ་རུ་བཏང་ན་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐབས་དེ་དང་དེའི་བྱུང་རབས་ལ་གཟིགས་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོས་རྡོག་སྒྲུག་བརྒྱབ་ན། འདི་ལོ་ཕྱི་ལོ་ ༢༠༡༣ ནས་བརྩིས་པའི་འདས་པའི་ལོ་ལྔ་བརྒྱའི་ནང་གི་ཤར་གླིང་ཨེ་ཤི་ཡའི་བྱུང་རབས་དེ་ཇི་ལྟར་གནས་ཡོད་དམ་ཞེ་ན། དེ་ནི་ནུས་ཤུགས་གསུམ་གྱི་འོག་ཏུ་ཕྱིན་པའི་བྱུང་རབས་ཤིག་རེད། ཆོས་དང་རིག་གནས་ཀྱི་ནུས་ཤུགས་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ནུས་ཤུགས། དམག་གི་ནུས་ཤུགས་བཅས་རེད། དེ་ཚོ་ལ་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། དེ་གསུམ་པོ་སྐབས་རེ་ཐ་དད་དང་། སྐབས་རེ་འདྲེས་ནས་ཡོད། དེ་ཞིབ་ཚགས་པོས་དབྱེ་གསེས་བྱེད་རྒྱུ་ཁག་པོ་རེད། ཡིན་ནའང་དེའི་ཡོང་ཁུངས་གང་ཡིན་པ་དེ་བལྟ་ཐུབ་ཀྱི་རེད། དཔེར་ན། ལོ་ཆིག་སྟོང་གི་སྔོན་དུ་ཆོས་དང་རིག་གནས་ཀྱི་ནུས་ཤུགས་དེ་རྒྱ་གར་གྱིས་བེད་སྤྱོད་བྱས་པ་རེད། རྒྱ་གར་གྱི་བྱུང་རབས་ཆ་ཚང་ཆོས་དང་རིག་གནས་ཀྱི་ནུས་ཤུགས་ལ་བརྟེན་པ་ལྟ་བུ་ཞིག་རེད། རྒྱ་ནག་ཆབ་སྲིད་དང་དཔལ་འབྱོར་གྱི་ནུས་ཤུགས་ལ་བརྟེན་པ་ལྟ་བུ་ཞིག་རེད། དེ་ནི་རྒྱ་ནག་རང་ནས་བྱུང་བ་དང་རྒྱ་ནག་གི་གཡས་གཡོན་ཚང་མར་ཁྱབ་པ་རེད། ད་ལྟ་ནས་བརྩིས་པའི་ལོ་བརྒྱད་བརྒྱ་དགུ་བརྒྱ་ཙམ་གྱི་སྔོན་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་ནང་སོག་པོའི་དམག་གི་ནུས་ཤུགས་དེ་གློ་བུར་དུ་འབར་ཡོང་བ་རེད། ཇིང་གེ་སེ་ཁཱང་གིས་དམག་ཤུགས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ནས་དབུས་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་ལུང་པ་མང་པོ་ཞིག་ལ་དབང་བསྒྱུར་བྱས་པ་ནས་བཟུང་། དམག་གི་ནུས་ཤུགས་དེ་དུས་ཚོད་གང་འཚམས་ཤིག་བར་སོག་པོའི་སར་གནས་པ་རེད། དེ་ནས་གྲངས་ཉུང་མི་རིགས་མན་ཇུ་རི་ཡའི་ལག་ཏུ་སོང་བ་རེད། དེ་བཞིན་ཆོས་དང་རིག་གཞུང་གི་ནུས་ཤུགས་དེ་རྒྱ་གར་ནང་ཉམས་སྐབས་བོད་ནང་བསྟི་གནས་བྱས་པ་ཞིག་རེད། དེས་ན་ལོ་ཆིག་སྟོང་སྔོན་ལ་བལྟས་ན། ཆོས་དང་རིག་གནས་ཀྱི་ནུས་ཤུགས་དེ་རྒྱ་གར་ནས་བྱུང་བ་དང། དཔལ་འབྱོར་དང་ཆབ་སྲིད་ཀྱི་ནུས་ཤུགས་དེ་རྒྱ་ནག་ནས་བྱུང་བ་གཉིས་པོ་དེ་གཙོ་བོ་རེད། དེ་བཞིན་རྒྱ་གར་ཁ་ཆེའི་དབང་འོག་ཏུ་སོང་རྗེས་ཆོས་དང་རིག་གནས་ཀྱི་ནུས་ཤུགས་རྒྱ་གར་ལ་ཡོད་པ་དེ་བོད་ནང་ཕར་སྤོས་པ་དང་། དེ་སྔ་མེད་པའི་དམག་གི་ནུས་ཤུགས་གསར་པ་ཇིང་གེ་སེ་ཁཱང་གིས་འགོ་འཁྲིད་པའི་ཆེན་པོ་ཧོར་གྱི་སྟོབས་ཤུགས་དེ་བྱུང་། དེ་ནས་བཟུང་ཤར་གླིང་ཡོངས་དང་། ཡུ་རོབ་ཀྱི་ཆ་ཤས་འགའ་ཤས་བཅས་ཀྱི་ནང་ཆབ་སྲིད་ཀྱི་འགྱུར་བ་མང་པོ་ཞིག་བྱུང། དེར་བརྟེན་ཁྱོན་ཡོངས་ཀྱི་བྱུང་རབས་ལ་ལྟ་བའི་སྐབས་སུ་རྒྱབ་ལྗོངས་ཀྱི་གནས་སྟངས་རྒྱ་ཆེ་བ་དེ་མཁྱེན་དགོས་པ་གལ་ཆེན་པོ་རེད། ད་ལྟ་ཤར་གླིང་ཨེ་ཤི་ཡའི་མི་ཚོའི་བསམ་བློའི་ནང་ནུས་ཤུགས་གསུམ་པོ་དེའི་ནང་ནས་ཆབ་སྲིད་ཀྱི་ནུས་ཤུགས་དེ་དམིགས་བསལ་བ་ཞིག་ཏུ་བརྩི་བ་མ་ཟད། ནུས་ཤུགས་དེ་རྒྱ་ནག་ཏུ་ཡོད་པ་ལྟ་བུ་ཞིག་དང་། རྒྱ་ནག་དེ་དབུས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ཁམས་ (Central kingdom) ལྟ་བུ་ཞིག་ཏུ་ལྟ་གི་ཡོད། དེ་ནི་བསམ་བློའི་རྣམ་རྟོག་ཅིག་རེད་མ་གཏོགས། དངོས་ཡོད་གནས་ཚུལ་དང་ངེས་དོན་དུ་གང་ཡང་མེད། རྒྱ་ནག་དེ་དམིགས་བསལ་བ་ཞིག་རེད་བསམ་པའི་རྣམ་རྟོག་དེ་ཨེ་ཤི་ཡའི་མི་ཡོངས་རྫོགས་ཀྱི་བསམ་བློའི་ནང་དུ་གཏིང་ཟབ་པོར་འཛུལ་ཡོད། བསམ་བློའི་རྣམ་རྟོག་དེ་ནི་དུག་ལྟ་བུ་ཞིག་རེད། བསམ་བློ་དེ་ལ་བརྟེན་ནས་ཤར་གླིང་ཨེ་ཤི་ཡའི་བྱུང་རབས་ནང་གནས་ཚུལ་མང་པོར་ནོར་འཁྲུལ་བྱུང་བ་རེད། ད་ལྟའང་རྒྱ་ནག་གི་མི་རིགས་ཚོའི་བསམ་བློའི་ནང་རྒྱ་ནག་དེ་འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་ཁྱད་དུ་འཕགས་པའི་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག གཞུང་ཞིག་ཡིན་པའི་བག་ཆགས་གཏིང་ཟབ་པོ་རེད། ཁོང་ཚོའི་མི་རིགས་ཀྱི་ཆེ་མཐོང་ལ་ཕོག་ཐུག་ཡོང་དུས་ལམ་སེང་འབར་ཆོག་ཡོད་པ་དེ་མི་རབས་ནས་མི་རབས་བརྒྱུད་དེ་བསམ་བློའི་ནང་འཇགས་པ་ཞིག་མ་གཏོགས། ད་ལྟ་གསར་དུ་བྱུང་བ་ཞིག་མིན། ལོ་ཉིས་སྟོང་གི་བྱུང་རབས་ལ་བལྟས་ན། དཔེར་ན་བོད་ཀྱི་བཙན་པོས་རྒྱ་ནག་ལ་དམག་བརྒྱབས་ནས་རྒྱ་ནག་གོང་མ་ཁྲི་ལས་ཕབ་པ་དང་གོང་མ་གསར་པ་བཟོས་པ་བྱུང་ཡོད་ཀྱང་། བོད་པས་རྒྱ་ནག་དབང་བསྒྱུར་བྱས་ནས་བསྡད་མེད། རྒྱ་ནག་དེ་དབུས་ཀྱི་རྒྱལ་ཁམས་ཆེན་པོ་ཞིག་ཡིན་པ་དེས་ཚང་མ་དབང་བསྒྱུར་བྱེད་དགོས་པའི་བསམ་བློའི་བག་ཆགས་དེའི་དབང་གིས་བཀྲ་ཤིས་རྒྱལ་བརྒྱུད་ (Tashi dynasty) ཟེར་བ་དེ་ཡང་དུས་ཚོད་ཐུང་ངུ་ལས་གནས་མེད་ཀྱང་། དེ་ཟུར་དུ་བཞག་པ་མ་གཏོགས་བོད་པས་རྒྱ་ནག་དབང་བསྒྱུར་བྱེད་རྒྱུའི་བསམ་བློ་བཏང་མེད། སོག་པོས་རྒྱ་ནག་ཡོངས་རྫོགས་དབང་དུ་བསྒྱུར་རྗེས་སོག་ཡུལ་གྱི་རྒྱལ་ས་ནས་དབང་བསྒྱུར་མ་བྱས་པར། རྒྱ་ནག་ལ་ཕྱིན་ནས་རྒྱ་ནག་གོང་མ་ཆགས་སོང་བ་རེད། གནས་ཚུལ་དེ་ཚོ་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཤུགས་ཀྱི་ནུས་པ་དེ་དབུས་ཀྱི་རྒྱལ་ཁམས་ (Central kingdom) ལ་ཡོད་པའི་བསམ་བློའི་བག་ཆགས་མཐུག་པོ་མངོན་པར་མི་གསལ་བའི་ཚུལ་དུ་ཡོད་པ་དེའི་དབང་གིས་བྱུང་བ་རེད། སོག་པོ་ཉམས་ཉེས་སོང་རྗེས་མན་ཇུས་དབང་བསྒྱུར་བ་རེད། མན་ཇུའི་གོང་མ་ཡང་མན་ཇུའི་རང་ས་ནས་དབང་བསྒྱུར་མ་བྱས་པར། རྒྱ་ནག་དབུས་ལ་ཡོང་ནས་མན་ཇུ་གོང་མའི་མིང་ཐོག་ནས་དབང་བསྒྱུར་བྱས་པ་རེད། རྒྱ་ནག་གོང་མ་ལ་བོད་པས་འཇམ་དབྱངས་གོང་མ་ཆེན་པོ་ཞེས་པ་ནི་མན་ཇུ་ཟེར་བ་དེ་འཇམ་དབྱངས་ལ་བསྒྱུར་ནས་དེའི་སྟེང་རྣམ་རྟོག་གི་སྒྲོ་མང་པོ་ཞིག་བཏགས་པ་རེད། དེ་ལྟར་རྒྱ་ནག་པ་ཚོའི་བསམ་བློའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་ཁོང་ཚོ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དང་། ཚང་མས་ཁོང་ཚོར་གུས་འདུད་ཞུ་དགོས་པ། ཚང་མ་ཁོང་ཚོའི་མངའ་འོག་ཏུ་ཡོད་པའི་བསམ་བློའི་བག་ཆགས་ཤུགས་ཆེན་པོ་ཡོད། ཁྱིམ་མཚེས་རྒྱལ་ཕྲན་མང་པོ་ཞིག་གིས་ཀྱང་རྒྱ་ནག་གོང་མ་དེ་འདྲ་ཡིན་ཤག་གིས་གོ་ས་དང་གསོལ་རས་སྤྲད་ན་ལེན་རྐྱང་བྱེད་པའི་བསམ་པ་ཞིག་མ་གཏོགས། རང་ཉིད་རང་བཙན་ཡིན་པ་དང་། རྒྱ་ནག་ལ་ལྟོས་མི་དགོས་པའི་བསམ་བློའི་བག་ཆགས་ཧ་ཅང་ཆུང་ཆུང་རེད། དེ་འདྲའི་བསམ་བློའི་བག་ཆགས་ཀྱི་དབང་གིས་ད་ལྟ་ང་ཚོའི་བོད་ཀྱི་བྱུང་རབས་གསལ་པོ་མེད་པ་དང་། བྱུང་རབས་ཐོག་རྒྱ་མིའི་ངོས་ནས་འཁྱོག་བཤད་མང་པོ་བྱེད་བདེ་པོ་ཡོད་པ་དེ་བྱུང་བ་རེད། དེས་ན་དེང་སང་བྱུང་རབས་ལ་ཞིབ་འཇུག་བྱེད་སྐབས་དངོས་དོན་གྱི་གནས་སྟངས་དང་། སྲིད་དོན་གྱི་གནས་སྟངས། ཁྲིམས་དོན་གྱི་གནས་སྟངས་བཅས་གསུམ་གྱི་ཐོག་ནས་བལྟས་ན་མ་གཏོགས་གསལ་པོ་མི་ཆགས་པའི་རྒྱུ་མཚན་དེ་རེད། དཔེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སོག་པོའི་སྐབས་སུ་ལྟ་ཅི། མན་ཇུ་གོང་མ་དང་རྒྱལ་དབང་ལྔ་པ་ཆེན་པོ་འབྲེལ་བ་བྱུང་བ་ནས་བཟུང་བོད་དང་རྒྱ་ནག་གི་འབྲེལ་བ་དེ་འགྲེལ་བཤད་འདྲ་མིན་གང་བརྒྱབ་ཡོད་པ་དེའང་བསམ་བློའི་བག་ཆགས་དེའི་དབང་གིས་བྱུང་། དངོས་དོན་ཐོག་བོད་ཀྱི་ཆབ་སྲིད་ལ་མན་ཇུ་གོང་མའི་ཐེ་ཇུས་དང་དབང་ཤུགས་མེད། གནས་ཚུལ་ཚང་མ་བོད་གཞུང་རང་གིས་ཐག་བཅད་པ་མ་གཏོགས་མན་ཇུ་གོང་མའི་བཀའ་བསྒུག་དགོས་མེད། དཔེར་ན་ཨམ་བན་ཟེར་བ་དེའང་གཞུང་ཚབ་ལྟ་བུ་ཞིག་རེད། ད་ལྟའི་རྒྱལ་ཁབ་ཚོས་ Diplomatic relation བཞག་པ་ལྟ་བུ་རེད། འོན་ཀྱང་ཕྱི་ཚུལ་ནས་ལྟ་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པར་བརྟེན། སྲིད་དོན་གྱི་གནས་སྟངས་གསལ་པོ་མེད་པ་ཆགས་པ་རེད། དངོས་དོན་གྱི་གནས་སྟངས་གསལ་པོ་རེད་ལ། རྒྱལ་སྤྱིའི་ཁྲིམས་དོན་གྱི་གནས་སྟངས་ཐོག་ནས་བལྟས་ནའང་གསལ་པོ་རེད། ཁྲིམས་ཀྱི་གནས་སྟངས་ཐོག་ནས་གཅིག་འོག་གཅིག་ཏུ་ཕྱིན་པ་ནམ་ཡང་མེད། དེས་ན་དངོས་དོན་གྱི་གནས་སྟངས་དང་། སྲིད་དོན་གྱི་གནས་སྟངས། ཁྲིམས་དོན་གྱི་གནས་སྟངས་བཅས་གསུམ་གའི་ཐོག་ནས་ཞིབ་འཇུག་བྱེད་ན་གཞི་ནས་ཕྲན་བུའི་གསལ་པོ་ཆགས་རྒྱུའི་རེ་བ་ཡོད་པ་མ་གཏོགས། གཞན་བོད་པའི་བྱུང་རབས་དེ་འདྲེས་མ་གང་དུ་འཐེན་འཐེན་ཞིག་ཆགས་ཡོད། གང་དུ་འཐེན་འཐེན་དེ་ང་ཚོས་ཀྱང་བཟོས་ཡོད་ལ། རྒྱ་མིའི་ངོས་ནས་དེ་བས་ཀྱང་བཟོས་ཡོད། དེ་བཞིན་ཨིན་ཇིས་ཀྱང་ཆེད་མངགས་བཟོས་པ་ཞིག་རེད། དེར་བརྟེན་བོད་ཀྱི་བྱུང་རབས་ལ་སློབ་སྦྱོང་གནང་སྐབས་དངོས་དོན་གྱི་གནས་སྟངས་དང་། སྲིད་དོན་གྱི་གནས་སྟངས། ཁྲིམས་དོན་གྱི་གནས་སྟངས་གསུམ་མ་འདྲེས་པར་དབྱེ་བ་ཕྱེ་ནས་གཟིགས་ན་གསལ་པོ་མཁྱེན་ཐུབ། དེང་སང་ཉམས་ཞིབ་བྱེད་མཁན་མང་ཆེ་བས་སྲིད་དོན་དང་ཁྲིམས་དོན་གཉིས་པོ་གཙོ་བོར་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་སྟབས། དངོན་དོན་ཇི་བྱུང་སྣང་མེད་དུ་ལུས་པའང་ཡོང་གི་འདུག རྒྱ་ནག་མན་ཇུ་གོང་མ་མེད་པ་ཆགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚུགས་པའི་རྗེས་སུ་ཁྱིམ་མཚེས་རྒྱལ་ཁབ་མང་ཆེ་བས་རང་གི་རང་བཙན་གྱི་གནས་བབས་གསལ་པོ་བཟོས་སྟབས་དཀའ་ངལ་མ་བྱུང་བ་རེད། དཔེར་ན། ཝེཏ་ནམ་དང་། ཀོ་རི་ཡ། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཕི་ལི་པིན། བལ་ཡུལ་སོགས་བོད་དང་མཚུངས་པར་རྒྱ་ནག་གོང་མས་གསོལ་རས་དང་། གོ་གནས། གཟེངས་བསྟོད། གསེར་ཡིག ཐམ་ག་སོགས་སྤྲོད་ལེན་བྱ་རྒྱུ་དང་། རྒྱལ་ཕྲན་ཚོའི་ངོས་ནས་རྒྱ་ནག་གོང་མ་ལ་འབུལ་ཚན་དང་ཕྱག་འཚལ་འབུལ་མཁན་གྲས་ཡིན་ནའང་། རྗེས་སུ་དེ་ཚོའི་ཐོག་རྒྱ་ནག་གིས་ཧམ་བཤད་བྱེད་ས་བྱུང་མེད། མན་ཇུ་གོང་མའི་སྐབས་དང་སོག་པོ་གོང་མའི་སྐབས་གཉིས་ཀར་རྒྱ་ནག་མི་མང་མགོ་བོ་རྨོངས་སུ་འཇུག་པའི་གཡོ་སྒྱུ་ཅན་གྱི་སྲིད་ཇུས་མང་པོ་ཡོད་པ་རེད། རྒྱ་ནག་གོང་མའི་གསེར་ཡིག་ཕེབས་ན་༧རྒྱལ་བ་རིན་པོ་ཆེ་དང་། ཡང་ན་བོད་ཀྱི་རྒྱལ་པོ་དང་རྒྱལ་ཚབ་སུ་ཡིན་དེས་རྒྱ་ནག་ལ་ཕྱོགས་ནས་ཕྱག་སྒོ་ཕྲུགས་འཚལ་དགོས་པའི་སྲོལ་རྒྱུན་དེ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བར་དུ་གནས་པ་རེད། དེ་མཚུངས་རྒྱ་མི་ཨམ་བན་གྱིས་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ལ་ཕྱག་འཚལ་སྒོ་ཕྲུགས་ཞུ་དགོས་ཀྱི་ཡོད། དེས་བོད་རྒྱ་གཉིས་གཅིག་འོག་གཅིག་མིན་པ་མཚོན་གྱི་ཡོད། དེང་སང་ཉམས་ཞིབ་བྱེད་མཁན་ཚོས་རྒྱ་མི་ཨམ་བན་གྱིས་༧གོང་ས་མཆོག་ལ་ཕྱག་འཚལ་སྒོ་ཕྲུགས་ཞུ་དགོས་པ་དེ་བོད་ལ་བཏང་བའི་ཡིག་ཆའི་ནང་མ་གཏོགས་རྒྱ་ནག་རང་གི་ཡིག་ཆའི་ནང་བཞག་མེད་སྐོར་བརྗོད་ཀྱི་འདུག རྒྱ་ནག་རང་གི་ཡིག་ཆའི་ནང་རྒྱ་ནག་གི་སྐུ་ཚབ་དེ་ཚོས་སུ་ལའང་ཕྱག་འཚལ་མི་དགོས་པ་ཞིག་བསྟན་གྱི་ཡོད་རེད། ༧གོང་ས་ལྔ་པ་ཆེན་པོ་རྒྱ་ནག་ལ་ཆིབས་བསྒྱུར་གནང་སྐབས་མན་ཇུའི་གོང་མ་རྒྱལ་ས་ནས་ཕྱི་ལ་ཕལ་ཆེར་ཉིན་ལམ་གསུམ་ཙམ་གྱི་སར་ཕེབས་བསུར་བཅར་བ་རེད། འོན་ཀྱང་ཁོང་ཚོའི་ཡིག་ཆའི་ནང་ཕེབས་བསུ་ཟེར་བའི་ཚིག་དེ་ཁྱོན་ནས་ཐོན་གྱི་མེད། དེ་ལས་ལྡོག་སྟེ་རི་དྭགས་གཤོར་བར་ཕེབས་ཚུལ་གསལ་གྱི་ཡོད་ཚོད། རྒྱ་ནག་གོང་མ་རི་དྭགས་མེད་ས་ལ་རི་དྭགས་གཤོར་བར་ཕེབས་དགོས་རྒྱུ་དང་། བཞུགས་སྒར་ལ་སོགས་པ་གྲ་སྒྲིག་བྱེད་དགོས་པ་གང་ཡང་མེད། དོན་དུ་བོད་པ་དང་༧རྒྱལ་བ་རིན་པོ་ཆེ་ལ་གུས་འདུད་ཆེན་པོ་ཞུ་བ་དང་། གོང་མ་རང་ཕེབས་བསུར་བཅར་བའི་རྣམ་འགྱུར་ཐོག་ནས་བོད་པ་ཚོ་བློ་འགུགས་ཐབས་བྱས་ཡོད། འོན་ཀྱང་རྒྱ་ནག་རང་གི་མི་སེར་ལ་ཁོང་ཚོ་ཚུར་བཅར་བར་ཡོང་བ་མ་གཏོགས། ང་ཚོ་སུ་ལའང་ཕེབས་བསུ་ཞུ་དགོས་ཀྱི་མེད་ལ། ཕར་བཅར་བར་འགྲོ་དགོས་ཀྱི་མེད་པའི་རྣམ་འགྱུར་བསྟན་ཐབས་བྱས་ཡོད། གང་ལྟར་རྒྱ་ནག་གོང་མ་རིམ་བྱོན་གྱི་ཆབ་སྲིད་ནང་གཡོ་སྒྱུ་འཁྲབ་སྟངས་དེ་ཚོ་ཧ་ལས་པ་ཞིག་རེད། དེ་བཞིན་བོད་ལས་གཞན་པའི་རྒྱ་མིའི་གཞུང་ཚབ་གཏོང་རེས་ཡོད་པ་དང་། གསོལ་རས་གནང་ས་ཝེ་ཏེ་ནམ་དང་ཀམ་བྷོ་ཌི་ཡ་ལྟ་བུའི་ནང་དུའང་ས་གནས་སོ་སོའི་རྒྱལ་པོས་གོང་མ་ལ་ཕྱག་འཚལ་བ་མ་གཏོགས། གོང་མའི་སྐུ་ཚབ་ཀྱིས་ཕར་ཕྱག་འཚལ་མི་དགོས་པ་ཡིག་ཆ་ཚང་མའི་ནང་གསལ་པོ་ཡོད་སྐོར་བཤད་ཀྱི་འདུག དེང་སང་དེའི་ཐོག་ཉམས་ཞིབ་བྱེད་མཁན་ཡོད་མུས་རེད། དེ་འདྲའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་མ་མཁྱེན་ན་བོད་རྒྱའི་ཆབ་སྲིད་ཀྱི་འབྲེལ་བ་ངོ་མ་ཇི་ཡིན་གསལ་པོ་ཆགས་རྒྱུར་དཀའ་ངལ་འཕྲད་ཀྱི་རེད། རྒྱ་ནག་གོང་མའི་ Central kingdom གྱི་རྣམ་རྟོག་དེ་ཇི་ལྟར་འཇིག་རྟེན་ཡོངས་ལ་ཁྱབ་པའི་ཐབས་ཤེས་བྱས་པ་དང་། དེ་ལ་བརྟེན་ནས་ང་ཚོའི་བསམ་བློའི་ནང་བག་ཆགས་མཐུག་པོ་ཇི་ལྟར་བཞག་པ། བག་ཆགས་མཐུག་པོ་དེས་ང་ཚོའི་སྲིད་དོན་གྱི་བྱུང་རབས་དང་བོད་དང་རྒྱ་མིའི་དབར་གྱི་འབྲེལ་བའི་གནས་བབ་རྣམས་གསལ་པོ་མེད་པ་དང་འཁྱོག་བཤད་བྱེད་བདེ་ཇི་ལྟར་མང་པོ་བྱུང་བ་དེ་ཚོ་མཁྱེན་རྒྱུར་ཁག་པོ་ཡོང་གི་རེད། དེ་རྒྱབ་ལྗོངས་གཅིག་ཡིན།
Swiss 1རྒྱབ་ལྗོངས་མཐའ་མ། ༧རྒྱལ་བ་ལྔ་པའི་ཆབ་སྲིད་ནས་བརྩི་ན་བོད་ཀྱི་འདས་པའི་ལོ་སུམ་རྒྱ་དྲུག་ཅུ་ལྷག་ཙམ་རིང་ལ་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་གང་ཡིན་པ་དང་། ཇི་ལྟར་གནས་པ། བོད་དང་མན་ཇུ་གོང་མའི་བར་གྱི་འབྲེལ་བའི་གནས་སྟངས་གང་ཡིན་པའི་སྐོར་ང་ཚོ་བོད་པའི་ནང་ལའང་ལྟ་ཚུལ་མི་འདྲ་བ་གཉིས་དང་། ཕྱི་མི་ཚོའི་ནང་དུའང་ལྟ་ཚུལ་མི་འདྲ་བ་གཉིས་ཡོད་པ་ཞིག་རེད། ལྟ་ཚུལ་དང་པོ་དེ་བོད་མན་ཇུ་གོང་མའི་མངའ་འོག་ཏུ་ཡོད་པ་དང་། དེ་མན་ཇུ་གོང་མ་མགོ་རྟིང་ལོག་རྗེས་ཕྱི་ལོ་ ༡༩༡༢ དང་ ༡༩༡༣ ཙམ་ལ་གཞི་ནས་བོད་རང་བཙན་ཐོབ་པ་དང་། གང་ལྟར་༧རྒྱལ་བ་ལྔ་པའི་དགའ་ལྡན་ཕོ་བྲང་གི་གཞུང་དབུ་ཚུགས་པ་ནས་བཟུང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་ ༡༩༡༣ གྱི་བཀའ་རྩ་ཁྱབ་བསྒྲགས་མ་གནང་བར་བོད་རྒྱ་ཁོངས་སུ་ཡོད་པ་ལྟ་བུ་ཞིག་འདོད་ཀྱི་ཡོད། ཁོངས་ཟེར་བ་དེ་ལ་བཤད་སྟངས་མི་འདྲ་བ་མང་པོ་རེད། སུད་ཛ་རན་ཀྲི་ (suzerainty) ཟེར་བའི་ཁོངས་བརྩི་སྟངས་ཤིག་དང་། སུ་ཝ་རན་ཀྲི་ (sovereignty) ཟེར་བའི་ཁོངས་བརྩི་སྟངས། མངའ་ཁོངས་ལ་ཡོད་པ་དང་མིང་ཙམ་གྱི་ཁྱབ་ཁོངས་ལ་ཡོད་པ་དེ་འདྲའི་བཤད་སྟངས་མི་འདྲ་བ་ཞིག་ཡོད་པ་ལས། གང་ལྟར་ཁྱབ་ཁོངས་སུ་ཡོད་པའི་ལྟ་ཚུལ་ཞིག་རེད། ལྟ་ཚུལ་དང་བཤད་ཚུལ་འདི་ལ། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་སྐབས་ཀྱི་དབུས་གཙང་ནང་འཁྲུགས་དང་། གོར་དམག་སྔ་རྗེས་བཅས་ཀྱི་སྐབས་མན་ཇུ་གོང་མར་དཔུང་རོགས་ཞུས་པ་ལ་བརྟེན་ནས་ཁུངས་སྐྱེལ་རྒྱུ་མཚན་མང་བ་བཟོས་ཡོད། ལྟ་ཚུལ་གཞན་པ་དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱ་ནག་གོང་མ་ནས་ཆོལ་ཁ་གསུམ་བརྩི་བཞེས་གནང་རྗེས་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་དབང་བསྒྱུར་མ་བྱས་པའི་བར་དུ་བོད་དེ་རང་བཙན་གཙང་མའི་ངོ་བོར་གནས་པ་དང་། བོད་རྒྱའི་ས་མཚམས་དུས་ནས་དུས་སུ་ཡར་མར་ཕྲན་བུའི་འགྱུར་འགྲོ་བ་མ་གཏོགས། དབུས་བོད་ཀྱི་ཆབ་སྲིད་དེ་རང་བཙན་གཙང་མའི་ངོ་བོར་གནས་པའི་ལྟ་ཚུལ་ཞིག་རེད། ལྟ་ཚུལ་གཉིས་ཀར་རྒྱུ་མཚན་མང་པོ་ཡོད། ངས་གོང་དུ་ཞུས་པ་བཞིན་དབུས་ཀྱི་རྒྱལ་ཁམས་ཀྱི་བསམ་ཚུལ་དང་རྣམ་རྟོག་དེའི་འོག་ཏུ་ང་ཚོའི་ངོས་ནས་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་དུ་བཀོད་རྒྱུའི་རྒྱུ་ཆ་མང་པོ་ཞིག་རྒྱལ་སྤྱིའི་ནང་བཟོས་ཡོད་ལ། རྒྱལ་ནང་དུའང་བཟོས་ཡོད། དངོས་དོན་དང་ཁྲིམས་དོན་ཐོག་ནས་བལྟས་ན་དེ་ཚོ་ཚང་མ་རྫུན་མ་ཡིན་པ་དང་། བོད་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པས་དབང་བསྒྱུར་བ་ནས་བཟུང་ནམ་ཡང་རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་མ་སོང་བར་རང་བཙན་གཙང་མའི་ངོ་བོར་ཕྱི་ལོ་ ༡༩༥༡ བར་གནས་པ་ཡིན་པའི་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད་ལ། རྒྱུ་མཚན་དེ་དག་མང་ཆེ་བ་དངོས་དོན་དང་ཁྲིམས་དོན་གྱི་གནས་ཚུལ་དང་ཡང་མཐུན་པ་རེད།
དེ་འདྲའི་གནས་ཚུལ་གཉིས་པོ་དེ་ནས་གང་འཐད་པ་ནི་བློ་གཟུ་བོར་གནས་ཤིང་། བྱུང་བ་རིག་པ་ལ་མཁས་པ་ཚོས་ཐག་གཅོད་གནང་རྒྱུ་མ་གཏོགས། ངས་འདི་རེད་འདི་མ་རེད་ཅེས་ཞུ་རྒྱུ་མིན། གང་ལགས་ཤེ་ན། ང་བྱུང་བ་རིག་པའི་ཁྱད་མཁས་པ་མིན་པ་དང་། ངས་དེའི་ཐོག་དམིགས་བསལ་ཞིབ་འཇུག་གིས་གྲུབ་དོན་རྙེད་པ་བྱུང་མེད་སྟབས། བཤད་རྒྱུ་འཚམས་པོ་མེད། འོན་ཀྱང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་ནི་ངེས་གཏན་རྙེད་པའི་བརྟན་པོ་ཡོད། བོད་པའི་ན་གཞོན་ཚོའི་ནང་དེའི་གནས་སྟངས་གསལ་པོ་མེད་པ་ཞིག་ག་དུས་ཡིན་ནའང་མཐོང་གི་འདུག མང་ཆེ་བས་བཀའ་མོལ་གནང་ཕྱོགས་ཤིག་ལ་བོད་དེ་རྟག་ཏུ་རང་བཙན་གཙང་མ་མ་གཏོགས། རྒྱལ་ཁབ་གཞན་གྱི་མངའ་འོག་འགྲོ་མ་མྱོང་ཞེས་གསུང་རྒྱུའི་ཐུགས་འདོད་ཤུགས་ཆེ་ཞིག་འཁྱེར་བ་དང་མཉམ་དུ་སྐུ་ཕྲེང་བཅུ་གསུམ་པས་ཆུ་བྱིའི་ལོར་རང་བཙན་གསལ་བསྒྲགས་གནང་ཚུལ་ཡང་གསུངས་ཀྱི་འདུག ཕྱི་ལོ་ ༡༩༡༣ ལ་རང་བཙན་གསལ་བསྒྲགས་གནང་བ་ཡིན་ན་དེའི་སྔོན་དུ་རང་བཙན་མིན་པ་ཞིག་ཤུགས་ཀྱིས་བསྟན་གྱི་རེད། ལར་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཆུ་བྱིའི་རྩ་ཚིག་ཆེན་མོའི་ནང་རང་བཙན་ཞེས་པའི་ཚིག་དེ་གང་དུའང་བཀོད་གནང་མེད། བོད་མིའི་ཆབ་སྲིད་ཀྱི་ཁྱོན་ཡོངས་ཀྱི་གནས་སྟངས་འགྲེལ་བཤད་གནང་བ་ཞིག་རེད། དེང་སང་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཞུ་དགོས་ཞེས་ཧེབ་ལངས་མཁན་དེ་ཚོས་ཀྱང་བཀའ་རྩ་དེ་ཆ་ཚང་ཀློག་ཨེ་ཡོད་བསམས་པའི་དྭོགས་པ་འདུག བཀའ་རྩ་ཞིབ་ཏུ་ལྗགས་ཀློག་གནང་ནས་དེའི་ནང་དོན་གང་ཡིན་ངེས་པ་རྙེད་པ་ཞིག་གི་ཐོག་ནས་དུས་དྲན་གནང་ན་དོན་དང་ལྡན་པ་ཞིག་ཡོང་རྒྱུ་རེད། མ་གཞི་ཁོང་ཚོར་ཡང་ཐུགས་ཁག་མི་འདུག གཞུང་གི་ཡིག་ཆ་ཁ་ཤས་ནང་དུའང་བཀའ་རྩ་དེ་རང་བཙན་གསལ་བསྒྲགས་ཡིན་པ་འཁོད་ཡོད། སྐུ་ངོ་ཞ་སྒབ་པའི་རྒྱལ་རབས་ཀྱི་དེབ་ནང་དུའང་རང་བཙན་གསལ་བསྒྲགས་གནང་བ་རེད་ཅེས་བཀོད་འདུག ཡིན་ནའང་སྐུ་ངོ་ཞྭ་སྒབ་པས་རང་བཙན་གསལ་བསྒྲགས་གནང་བ་རེད་གསུངས་པ་མ་གཏོགས། དེའི་སྔོན་རང་བཙན་མ་རེད་ཅེས་ཁས་ལེན་གནང་གི་མེད། དེའི་སྔོན་ལའང་རང་བཙན་རེད། ད་ལྟ་རང་བཙན་ཡིན་པ་ཡང་བསྐྱར་གསལ་བསྒྲགས་གནང་བ་རེད་ཅེས་གསུངས་ཀྱི་ཡོད།
དེས་ན་བོད་ཀྱི་བྱུང་རབས་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཕྱི་ལོ་ ༡༩༥༡ བར་རང་བཙན་གཙང་མ་ཡིན་པའི་ལྟ་ཚུལ་དེའི་རྗེས་སུ་འགྲོ་རྒྱུའམ། ཡང་ན་རྒྱལ་བ་ལྔ་པ་དང་མན་ཇུ་གོང་མ་འབྲེལ་བ་བྱུང་བ་ནས་བཟུང་བོད་དེ་མན་ཇུ་གོང་མའི་ཁྱབ་ཁོངས་སུ་ཡོད་པ་དང་། ཕྱི་ལོ་ ༡༩༡༣ ལོར་མན་ཇུ་གོང་མའི་འོག་ནས་རང་བཙན་ཐོབ་པའི་ལྟ་ཚུལ་དེའི་རྗེས་སུ་འགྲོ་རྒྱུ་ཡིན་རང་ངོས་ནས་ཞིབ་འཇུག་གནང་དགོས། ལྟ་ཚུལ་དེ་གཉིས་བོད་ཀྱི་བར་སྐབས་ཀྱི་བྱུང་རབས་ལ་ལྟ་ཚུལ་གནད་འགག་ཆེ་ཤོས་གཉིས་ཡིན་པ་དང་། ལྷག་པར་དུའང་ཕྱི་ལོ་ ༡༩༠༠ ནས་ ༡༩༥༩ བར་གྱི་བྱུང་རབས་ལ་ཞིབ་ཏུ་གཟིགས་ན་དེའི་སྐོར་བོད་ཀྱི་ཆབ་སྲིད་སྐྱོང་མཁན་ཚོའི་ཐུགས་ལ་གསལ་པོ་མེད་པའི་དབང་གིས་ནོར་འཁྲུལ་མང་པོ་བྱུང་ཡོད་པ་གསལ་པོ་ཆགས་ཀྱི་རེད། སྤྱིར་བྱུང་བ་རིག་པ་དང་། བྱེ་བྲག་བོད་ཀྱི་བྱུང་རབས་ལ་གཟིགས་ཚུལ་སྐོར་རྒྱབ་ལྗོངས་མདོར་བསྡུས་ཤིག་ཞུས་ཟིན་པ་ཡིན།
དེ་ནས་ཕྱི་ལོ་ ༡༩༠༠ ནས་ ༡༩༥༩ བར་གྱི་བྱུང་རབས་རྣམས་ཆུ་ཚོད་གཅིག་ནང་ཆ་ལག་ཚང་བ་ཞིག་ཞུ་ཐུབ་ཐབས་མེད་ཀྱང་། ཤ་ཟིན་སྤུ་ཟིན་ཚུལ་དུ་ཞུ་རྒྱུ་ཡིན། ཕྱི་ལོ་ ༡༩༠༠ ནས་ ༡༩༥༩ བར་གྱི་བྱུང་རབས་ལ་གཟིགས་སྐབས་ལོ་ཁ་ཤས་ཕྱི་བཤིག་བརྒྱབ་དགོས། དེ་མིན་གནས་ཚུལ་ཆ་ཚང་གསལ་པོ་ཆགས་ཀྱི་མ་རེད། ༡༩༠༤ ལོར་ཨིན་ཇིའི་དམག་གིས་བོད་དུ་བཙན་འཛུལ་བྱས་པ་དེ་དུས་ཚོད་དེའི་རིང་གི་བྱུང་རབས་ནང་གནས་ཚུལ་ཛ་དྲག་ཆེ་ཤོས་ཡིན་པ་མ་ཟད། བོད་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ཡ་ཡུད་ཆེ་བ་མང་པོའི་ས་བོན་དེ་དུས་བཏབ་ཡོད། གནས་ཚུལ་དེའི་རྒྱབ་ལྗོངས་ཕྱི་ལོ་ ༡༨༨༥ ཙམ་ནས་འགོ་ཚུགས་པ་ཞིག་རེད། ཕྱི་ལོ་ ༡༨༨༥ ལོར་བོད་ལ་ཡོད་པའི་རྒྱ་ནག་གཞུང་གི་ཨམ་བན་དང་རྒྱ༌གར་ནང་ཡོད་པའི་ཨིན་ཇིའི་སྐུ་ཚབ་ཚོས་བོད་དང་ཨིན་ཇིའི་རྒྱ་གར་གཉིས་དབར་ཚོང་དོན་སྐོར་ཆོད་གན་ཞིག་བཞག་ཡོད། དེ་ལ་ཅི་ཕོ་གྲོས་ཆོད་ཅེས་མིང་བཏགས་པ་རེད། དེའི་ནང་རྗེས་སུ་ཕྱི་ལོ་ ༡༩༠༤ ལོར་གཞག་རྒྱུའི་ཆོད་གན་གྱི་དོན་ཚན་མང་ཆེ་བ་ཞིག་བཀོད་ཡོད། འོན་ཀྱང་ཆོད་གན་དེ་ལ་བོད་ལྗོངས་ཚོགས་འདུ་ཆེན་པོས་རྒྱ་ནག་གི་ཨམ་བན་གྱིས་བོད་ཀྱི་སྐུ་ཚབ་མཚོན་མི་ཐུབ། ཁྱེད་ཚོས་གྲོས་ཆོད་བཞག་པ་དེ་མི་འགྲིག་ཅེས་ངོས་ལེན་གནང་མེད། དེ་ནི་ཨིན་ཇི་ཁོང་ཁྲོ་ལངས་རྒྱུའི་རྒྱུ་མཚན་གཙོ་བོ་གཅིག་རེད། དེའི་རྗེས་སླར་ཡང་བོད་དང་འབྲེལ་བ་ཞུ་ཆེད་མེག་ཁོ་ལི་ཡིས་འགོ་འཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བོད་དུ་བསྐྱོད་ཆེད་ཕྱག་རྟགས་སུ་གླང་ཆེན་བཅུ་དང་གསེར་དངུལ་མང་པོ་འཁྱེར་ནས་འབྲས་ལྗོངས་ས་སྤྱོད་པ་བརྒྱུད་ནས་སྙན་གསན་ཞུ་སྐབས། ཁོང་བོད་དུ་ཡོང་རྒྱུའི་བཀའ་ཁྲོལ་ཆོག་མཆན་མ་གནང་བ་རེད། མེག་ཁོ་ལི་ཟེར་བ་དེ་ལོར་ཌ་མེག་ཁོ་ལི་ཡིན་མིན་ངས་མི་ཤེས། གང་ཏེ་དེ་ཡིན་ན་རྒྱ་གར་ལ་ཨིན་ཇིའི་ཤེས་ཡོན་སྲིད་ཇུས་བཟོ་མཁན་དེ་རེད། གང་ལྟར་ཕྱི་ལོ་ ༡༨༨༥ ཡི་ཆོད་གན་རྩིས་མེད་བཏང་རྗེས། ཕྱི་ལོ་ ༡༨༨༦ དང་༡༨༨༧ ལོར་ཁོང་ཚོ་བོད་དུ་བསྐྱོད་ཆེད་བཀའ་ཁྲོལ་ཞུ་སྐབས། བཀའ་ཁྲོལ་མ་གནང་བ་མ་ཟད། ཕྱི་འབྲེལ་གྱི་འགྲོ་སྟངས་ལྟར་ལན་འཇམ་པོ་ཞིག་གནང་དགོས་ཀྱང་། དེ་ཡང་མ་གནང་བར། ང་ཚོར་སྐད་ཆ་བཤད་རྒྱུ་གང་ཡང་མེད། ཁྱེད་ཚོ་ཇུས་མེད་ཇུས་ཁྲིད་བྱེད་མི་དགོས་ཚུལ་གྱི་ལན་ཚ་པོ་ཞིག་བརྒྱབས་པར་བརྟེན། ཨིན་བོད་དབར་ཐད་ཀའི་འབྲེལ་བ་ཆགས་ཐུབ་མེད། དེའི་ཐོག་ཕྱི་ལོ་ ༡༨༨༧ ལོར་བོད་གཞུང་གིས་ལུང་ཐུར་དུ་ས་མཚམས་སྲུང་ཆེད་དགྲ་རྫོང་གསར་པ་ཞིག་བརྒྱབས་པ་རེད། ལུང་ཐུར་ཞེས་པ་དེ་ཕག་རི་དང་གྲོ་མོའི་ཉེ་འགྲམ་དུ་ཡིན་ཚོད་འདུག དགྲ་རྫོང་དེའི་ནང་དམག་མི་ཉ་ཤུ་རྩ་ལྔ་དང་དམག་དཔོན་གཅིག་བཞག་པ་དང་། གནས་ཆུང་གི་རྟེན་མདོས་ཤིག་ཀྱང་བཞེངས་འདུག གནས་ཆུང་གི་རྟེན་མདོས་བཞེངས་སྐབས་གནས་ཆུང་གི་བཀའ་ལུང་དུ་དེ་མ་འགྲིག་པ་རེད། དངོས་སུ་དགྲ་བོ་སླེབས་ན་བྲོས་དགོས་ཡོང་གསུངས་ནས་གནས་ཆུང་བྲོས་པའི་ཚུལ་བསྟན་པ་བཅས་བྱུང་ཚུལ་འདུག འོན་ཀྱང་ད་དུང་བོད་གཞུང་གིས་རྫོང་དེ་རང་འཇགས་བཞག་པ་ལ་བརྟེན་ནས་ཨིན་ཇི་ཧ་ཅང་འདྲོགས་ཏེ་དགྲ་རྫོང་དེ་ཕྱིར་འཐེན་བྱེད་དགོས། དེ་མིན་དམག་བརྒྱབ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག དེ་སྐབས་བོད་ཨིན་དབར་འབྲེལ་བ་གནང་མཁན་འབྲས་ལྗོངས་ས་སྤྱོད་པ་རེད། (འབྲས་ལྗོངས་ས་སྤྱོད་པ་མཐུ་སྟོབས་རྣམ་རྒྱལ་བོད་ལ་ཧ་ཅང་ཤ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་རུང་། རྗེས་སུ་ཁོ་རང་བོད་ལ་སྐྱབས་བཅོལ་དུ་ཕེབས་སྐབས་སྐྱབས་བཅོལ་མ་གནང་བར་བལ་ཡུལ་ནས་ཕྱིར་སློག་བྱས་པར་བརྟེན། ཨིན་ཇིའི་བཟང་བཙོན་ལྟ་བུར་རྒྱུན་རིང་བཞུགས་དགོས་བྱུང་བ་རེད།) ས་སྤྱོད་པ་མཐུ་སྟོབས་རྣམ་རྒྱལ་གྱིས་གནས་ཚུལ་དེ་དག་ཞུས་སྐབས་བཀའ་ཤག་གིས་སོ་སོའི་ས་ཐོག་ཏུ་སོ་སོས་དགྲ་རྫོང་བརྩིགས་པ་ལ་ཁོང་ཚོར་ཇུས་གཏོགས་གང་ཡང་མེད། གལ་ཏེ་དམག་བརྒྱབ་ན་ང་ཚོས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཨང་སར་ཡིན་ཞེས་བཀའ་ལན་གནང་བ་རེད་ཟེར། དེའི་དབང་གིས་ཕྱི་ལོ་ ༡༨༨༨ ལོར་དགྲ་རྫོང་དེ་མེད་པ་བཟོ་ཆེད་ཨིན་ཇིའི་དམག་དང་པོ་དེ་བརྒྱབས་པ་རེད། ཕྱི་ལོ་ ༡༩༠༤ ལོའི་དམག་དེ་མ་གཏོགས། ཕྱི་ལོ་ ༡༩༨༨ ལོའི་དམག་དེའི་སྐོར་མི་ཚོར་དོ་སྣང་དེ་ཙམ་མི་འདུག དེ་ལྟར་ཨིན་དམག་ཡོང་སྐབས་བོད་པའི་དམག་སྤྱི་ལྷ་ཀླུ་གུང་དང་། ང་ཕོད། ཟུར་ཁང་བཅས་དང་། དམག་མི་ཕལ་ཆེར་དགུ་བརྒྱ་ཙམ་ཞིག་མེད་དམ། དེ་དུས་བོད་པའི་དམག་མི་ཟེར་དུས་སྦྱོང་བརྡར་ནི་མེད། ཕོ་གསར་གཟུགས་པོ་ཐང་པོ་གྲི་མདུང་འདྲ་འཁྱེར་ནས་ཡོང་བ་མ་གཏོགས། གཞན་གོ་མཚོན་སོགས་གང་ཡང་མེད། དེ་ནས་དངོས་སུ་དམག་འཁྲུགས་སྐབས་བོད་དམག་ཚང་མ་བྲོས་དགོས་ཆགས་པ་རེད། སྐབས་དེ་དུས་བོད་དམག་ལ་མེ་སྒྱོགས་ཤིག་ཡོད་པ་དེའང་ཨིན་དམག་གིས་འཕྲོགས་འདུག དེ་དུས་ལྷ་སའི་ནང་གཞས་འདི་འདྲ་ཞིག་བཏང་འདུག ལྷ་ཀླུ་ལོག་ནས་ཕེབས་བྱུང་། །སེར་རིལ་བསྐྱལ་ནས་ཕེབས་བྱུང་། ། (སེར་རིལ་ནི་མེ་སྒྱོགས་དེའི་མིང་ཡིན་འདུག) ང་ཕོད་ངར་ཁག་གནང་གིས། །ཟུར་ཁང་ཟུར་ནས་ཕེབས་སོང་། །ལྕང་ཅིན་སྤྱང་རང་དྲགས་ནས། །ཟག་པ་བྱ་ལས་མགྱོགས་པ། ། (ཟུར་ཁང་ཟུར་ནས་ཕེབས་སོང་ཞེས་པ་དེ་ཟུར་ཁང་ལམ་ནོར་ནས་འབྲུག་ཡུལ་ལ་སླེབས་པ་དེ་ལ་གོ་དགོས། ལྕང་ཅིན་ལ་རྟ་ཟག་པ་ཞིག་ཡོད་པ་དེ་ལ་ཟེར་གྱི་ཡོད་འདུག) དེ་ལྟར་བོད་དམག་ཕམ་ཉེས་བཏང་རྗེས་རྫོང་དེའང་མེད་པ་བཟོས་ཏེ་རྒྱུན་རིང་ཨིན་ཇིའི་དམག་མི་དེར་བསྡད་དེ་རྗེས་སུ་ལོག་འདུག
དེ་རྗེས་ཕྱི་ལོ་ ༡༨༩༠ ལོར་བསྐྱར་དུ་བོད་སྡོད་ཨམ་བན་དང་ཀ་ལི་ཀ་ཏའི་སྲིད་སྐྱོང་ (Governor, Calcutta) གཉིས་ཀྱིས་སྔོན་མ་ཕྱི་ལོ་ ༡༨༨༥ ལ་བཞག་པའི་ཆོད་གན་དེ་བསྐྱར་གསོ་བྱེད་ཆེད་ཆོད་གན་གཅིག་བཞག་འདུག ཆོད་གན་དེའི་ནང་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་སྐོར་ལའང་སྐད་ཆ་བཤད་ཡོད། དེ་ནས་ཕྱི་ལོ་ ༡༨༩༣ ལོར་རྡོ་རྗེ་གླིང་ལ་ཚོང་དོན་དོན་གཅོད་བཙུག་རྒྱུར་བོད་གཞུང་དང་འབྲེལ་བ་གནང་བར་བརྟེན། བཤད་སྒྲ་དཔལ་འབྱོར་རྡོ་རྗེ་སྐུ་ཚབ་ཏུ་བཏང་ནས་རྡོ་རྗེ་གླིང་དུ་བཀའ་མོལ་གནང་རྒྱུའི་ཐབས་ཤེས་ཤིག་གནང་འདུག སྐབས་དེར་བཤད་སྒྲས་བཀའ་ཤག་ལ། ཨིན་ཇི་དེ་ཧ་ཅང་ཤུགས་ཆེན་པོ་རེད་འདུག ང་ཚོས་ཐབས་ཤེས་གང་དྲག་གིས་བོད་དང་ཨིན་ཇི་འདྲ་མཉམ་ཐོག་ཚོང་དོན་ཆིངས་ཡིག་ཅིག་བཞག་སྟེ་ཁོང་ཚོ་ཕྲན་བུའི་འདོད་པ་བསྐང་ཐབས་གནང་ན་གང་ལེགས་ཡོང་བཟོ་འདུག དེ་མིན་ཆིངས་ཡིག་མ་བཞག་ནའང་ཨིན་ཇིས་མཐའ་སྐོར་རི་སྐོར་གྱིས་ཁོ་རང་ཚོའི་མངོན་འདོད་དེ་བསྒྲུབ་འགྲོ་བ་འདུག དེས་ན་བོད་ཨིན་གཉིས་འདྲ་མཉམ་ཐོག་ཆིངས་ཡིག་གཞག་རྒྱུའི་ཐབས་ཤེས་གནང་ན་ལེགས་པ་མེད་དམ་ཞེས་ཞུས་སྐབས། བཤད་སྒྲ་བ་ཕལ་ཆེར་ཨིན་ཇིས་དངུལ་དངོས་སྤྲད་དེ་བསླུས་པ་མིན་ནམ་དགོངས་ནས་ཁོང་ལ་ཞིབ་འཇུག་བྱེད་ཆེད་ཡང་བསྐྱར་མི་བཏང་བ་སོགས་གནང་བ་མ་གཏོགས། ཨིན་གཞུང་དང་ལུགས་མཐུན་གྱིས་འབྲེལ་བ་གནང་སྟེ་ཆིངས་ཡིག་དང་གཞུང་འབྲེལ་འཛུགས་རྒྱུའི་ཐབས་ཤེས་གང་ཡང་གནང་མི་འདུག བཤད་སྒྲ་ལ་ཕྱི་ལོ་ ༡༩༠༤ ལོའི་དམག་གི་རྗེས་སུའང་འདྲི་བརྩད་དང་ཞིབ་འཇུག་མང་པོ་གནང་ཡོད། དེ་ནས་ཨིན་ཇིའི་བསམ་བློའི་ནང་བོད་པ་ལ་འབྲེལ་བ་རྩ་བ་ནས་བྱེད་མི་ཐུབ་པ་དང་། རྒྱ་ནག་ལ་འབྲེལ་བ་བྱས་པ་དེས་བོད་ཐོག་ཁྱབ་ཐུབ་ཀྱི་མེད་པར་བརྟེན། དམག་བརྒྱབ་ན་མ་གཏོགས་བྱེད་ཐབས་གཞན་མི་འདུག་སྙམ་པ་བྱུང་ཡོད། དེས་ན་ཕྱི་ལོ་ ༡༩༠༣ ལོར་ལོཌ་ཀར་ཛན་ (Lord Curzon) རྒྱལ་ཚབ་ (Viceroy) ཡིན་སྐབས་ཡང་ཧ་སེ་བེན་ (Young husband) གྱིས་མགོ་འཁྲིད་པའི་ཨིན་དམག་བོད་ལ་གཏང་རྒྱུའི་ཐག་གཅོད་བྱས་པ་དེ་ནས་ཕྱི་ལོ་ ༡༩༠༠ ཚུན་ཆད་ཀྱི་བྱུང་རབས་མགོ་ཚུགས་སྟངས་དེ་ཐབས་སྐྱོ་པོ་བྱུང་བ་རེད།
༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཕྱི་ལོ་ ༡༨༩༥ ལ་དགུང་གྲངས་ཉི་ཤུར་ཕེབས་སྐབས་དགེ་བཤེས་དམ་འཇོག་དང་། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་རྗེས་བོད་ལྗོངས་ལྷ་སྡེ་མི་སྡེས་གསོལ་བ་བཏབ་པ་བཞིན་ཆབ་སྲིད་ཀྱི་སྐུ་དབང་བདག་གིར་བཞེས་ཏེ་ད་ལྟ་ལོ་ཁ་ཤས་མ་གཏོགས་སོང་མེད། ༡༩༠༣ ཕྱི་ཟླ་ ༦ པའི་ནང་ཨིན་དམག་སྒང་ཏོག་ནས་ཐོན་སྐབས་འབྲས་ལྗོངས་ས་སྤྱོད་པས་དམག་མི་འདི་འདྲ་ཐོན་སོང་ཞེས་ནང་དོན་གནས་ཚུལ་རྣམས་ཞུས་འདུག བོད་གཞུང་གིས་ཀྱང་དམག་གྲྭ་བསྒྲིགས་ཏེ་ ༡༩༠༣ ཕྱི་ཟླ་ ༦ ནས་བཟུང་ ༡༩༠༤ ཕྱི་ཟླ་ ༨ བར་ལོ་གཅིག་ལྷག་ཙམ་རིང་སྐབས་རེ་འཛིང་གི་ཡོད་པ་ལྟ་བུ་དང་། སྐབས་རེ་སྐད་ཆ་བཤད་ཀྱི་ཡོད་པ་ལྟ་བུའི་ཐོག་གཙང་ཁུལ་ཡས་མས་སུ་འགོར་ཏེ་ལྷ་སར་ཕྱིས་པོ་མ་གཏོགས་འབྱོར་མེད། ཨིན་དམག་གམ་པ་ལ་བརྒལ་ནས་སླེབས་དུས་༧གོང་ས་༧སྐྱབས་མགོན་ཆེན་པོས་སྐུ་ཚབ་རྣམ་པ་བརྒྱུད་སྦུག་དམ་བཀའ་ཡིག་དོན་ཚན་ལྔ་འཁོད་ཅིག་གནང་སྟེ་བཀའ་མོལ་གནང་གི་ཡིན་ཞེས་གསུངས་འདུག་ཀྱང་། ཡང་ཧ་སེ་བེན་གྱིས་རྒྱལ་བ་རིན་པོ་ཆེ་མཇལ་ན་མ་གཏོགས། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ལྷན་དུ་བཀའ་མོལ་ཞུ་རྒྱུ་མིན་ཞེས་བཤད་པར་བརྟེན། སྐུ་ཚབ་རྣམས་བཙན་ཤེད་ཀྱིས་ཕྱིར་ལོག་གནང་དགོས་བྱུང་འདུག དེ་ནས་ ༡༩༠༤ ཕྱི་ཟླ་༧ ཚེས་ ༣༠ མཚན་གུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཁྲི་བློ་བཟང་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོ་གཞག་དང་སྦུག་དམ་རྩིས་སྤྲོད་གནང་སྟེ་རྭ་སྒྲེང་བརྒྱུད་བོད་ནས་ཐོན་ཕེབས་པ་རེད། དེ་སྐབས་སོག་ཡུལ་ལ་ཕེབས་རྒྱུའི་དགོངས་གཞི་ཡོད་དམ། ཡང་ན་རྒྱ་ནག་ལ་ཕེབས་རྒྱུའི་དགོངས་གཞི་ཡོད་གསལ་པོ་མེད། དེང་སང་བྱུང་རབས་སྨྲ་བ་ཚོས་དེའི་ཐོག་རྩོད་གླེང་མང་པོ་གནང་གི་ཡོད། རེས་འགས་༧སྐྱབས་མགོན་རིན་པོ་ཆེ་སོག་ཡུལ་དུ་ཕེབས་རྒྱུ་མ་གཏོགས། རྒྱ་ནག་ཏུ་ཕེབས་རྒྱུའི་དགོངས་གཞི་རྩ་བ་ནས་མེད་གསུང་མཁན་དང་། རྒྱ་ནག་ལ་ཕེབས་རྒྱུའི་དགོངས་གཞི་ཡོད་ནས་ཕེབས་པ་རེད་གསུང་མཁན་བཅས་བཞེད་ཚུལ་གཉིས་ཡོད། གང་ལྟར་ཆུ་སྤྲེལ་ཞལ་གདམས་ནང་རྒྱ་ནག་གོང་མ་ཡུམ་སྲས་ལ་གནས་ཚུལ་ཞུ་རྒྱུའི་ཆེད་དུ་རྒྱ་ནག་ཏུ་ཕེབས་པ་ཡིན་ཞེས་གསལ་པོ་གསུངས་ཡོད། འོན་ཀྱང་དེང་སང་བྱུང་རབས་སྨྲ་བ་ཚོའི་ཕྱག་དེབ་རེ་གཉིས་ཤིག་ནང་༧རྒྱལ་བ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་རྒྱུའི་དགོངས་གཞི་རྩ་བ་ནས་མེད་པའི་སྒྲུབ་བྱེད་མང་པོ་བཀོད་འདུག དཔྱད་གཞི་རེད། ༧གོང་ས་མཆོག་ཕྱི་ཟླ་ ༧ ཚེས་ ༣༠ ལ་ཆིབས་བསྒྱུར་བསྐྱངས་པ་རེད། ཕྱི་ཟླ་ ༨ ཚེས་ ༣ ཉིན་ཨིན་དམག་ལྷ་སར་འབྱོར་བ་རེད། ཨིན་དམག་ལ་གཙང་ས་བརྒལ་ནས་འཛིང་མཁན་སུའང་བྱུང་མི་འདུག ཨིན་དམག་གིས་བོད་དམག་རྨས་མ་ཚོར་སྨན་བཅོས་ཡག་པོ་བྱས་པ་དང་། བོད་དམག་བཟུང་བ་རྣམས་ལ་བྱམས་པོ་བྱས་པ་ལ་སོགས་པའི་དབང་གིས་བོད་དམག་ནང་དུའང་ཨིན་ཇི་ལ་དགའ་པོ་བྱེད་མཁན་མང་པོ་བྱུང་ཡོད་འདུག དེ་འདྲ་རྒྱ་མི་ཐོག་མར་འབྱོར་སྐབས་ཀྱང་བོད་མིའི་ནང་བྱུང་བ་རེད། གང་ལྟར་ཨིན་དམག་བོད་ལ་འབྱོར་ནས་ཕལ་ཆེར་ཟླ་བ་ཁ་ཤས་རིང་བསྡད་པ་རེད། ཐོག་མར་ཨིན་དམག་བོད་ལ་སླེབས་སྐབས་སུ་ལ་ཐུག་དགོས་མིན་མི་ཤེས་པའམ་གཏུགས་ས་མེད་པར་ཉིན་ཤས་ལུས་འདུག བཀའ་བློན་རྣམ་པ་ཚོ་ནི་གབ་ནས་བཞུགས་ཏེ་གང་དུ་ཡོད་མེད་ཀྱང་མ་ཤེས་པ་རེད། དེ་དུས་རྒྱལ་ཚབ་ཁྲི་བློ་བཟང་རྒྱལ་མཚན་གྱིས་གསོལ་དཔོན་གཅིག་འཁྲིད་དེ་རྐྱང་ཐང་སྒང་དུ་ཨིན་ཇིའི་དམག་སྒར་ལ་ཕེབས་ཏེ་ཡང་ཧ་སེ་བེན་དང་བཀའ་མོལ་གནང་མགོ་བཙུགས་པ་རེད། དེ་རྗེས་བཀའ་ཤག་རྣམ་པ་ཚོ་བསྐོངས་ཏེ་ཨིན་ཇིའི་དཔོན་དམག་རྣམས་ལ་ཕར་སྐད་ཆ་བཤད་ས་འདུག ཚུར་ཡང་བཤད་ཀྱི་འདུག མི་རང་རེད་འདུག མཐོང་བ་དང་ཟ་མཁན་དེ་འདྲ་རེད་མི་འདུག ཐུག་ན་དགའ་ས་རེད་ཅེས་བཀའ་བཀྱོན་གནང་བའི་བྱུང་རབས་ཡོད་རེད། དེ་ནས་བཀའ་བསྡུར་གནང་སྟེ་ཕྱི་ཟླ་ ༩ ཚེས་ ༧ ཉིན་དམག་མཚམས་ཆོད་པའི་ཆིངས་ཡིག་དང་པོ་དེ་ཨིན་བོད་གཉིས་དབར་འདྲ་མཉམ་ཐོག་བཞག་པ་རེད། དེའི་མིང་ལའང་ཆིངས་ཡིག་ཞེས་བཏགས་ཡོད། བཀའ་བསྡུར་གནང་སར་བོད་པ་དང་ཨིན་ཇི་མ་གཏོགས། རྒྱ་མི་ཨམ་བན་མེད། གོར་ཥ་བལ་པོའི་གཞུང་ཚབ་དེ་ཚོ་ཆིངས་ཡིག་ལ་མཚན་རྟགས་བཀོད་སྐབས་དཔང་པོའི་ཚུལ་དུ་མཛད་སྒོར་བཅར་བ་ཙམ་རེད། དེ་ནི་ཐད་ཀར་བཞག་པའི་ཆིངས་ཡིག་དང་པོ་དེ་རེད། དེའི་ནང་གནང་ཚུལ་མང་པོ་ཡོད། གནས་ཚུལ་གལ་ཆེ་བ་དེ་ཨིན་ཇིས་ཕྱི་ལོ་ ༡༨༨༥ ལོར་རྒྱ་མི་ཨམ་བན་མཉམ་དུ་བཞག་པའི་ཆིངས་ཡིག་ནང་འཁོད་པའི་ཚོང་དོན་གྱི་ཁེ་ཕན་དེ་ཚོ་སྤྲད་རྒྱུ་དང་། ཚོང་རྭ་བཟོ་རྒྱུ། ཚོང་རྭ་སྲུང་སྐྱོབ་ཆེད་དམག་མི་གཞག་རྒྱུ་བཅས་དང་། འབྲས་ལྗོངས་དང་བོད་ཀྱི་ས་མཚམས་སྐོར་ལའང་ཕྲན་བུ་ཡོད། ཆིངས་ཡིག་དེ་བཞག་རྗེས་ལམ་སེང་ཕྱི་ཟླ་ ༩ ཚེས་ ༢༣ ལ་དམག་མི་ཕྱིར་ལོག་བྱེད་རྒྱུ་མགོ་ཚུགས་ཏེ་དགུན་ཁའི་སྔོན་དུ་ཨིན་དམག་ཚང་མ་ལོག་ཟིན། ཆིངས་ཡིག་ནང་ཨིན་དམག་བོད་དུ་ཕྱིན་པའི་གུན་གསབ་ཧ་ཅང་ཆེན་པོ་ཞིག་སྤྲད་དགོས་པའི་སྐད་ཆ་ཞིག་ཡོད་ཀྱང་། རྗེས་སུ་རིམ་པས་ཆག་ཡང་གིས་རྒྱ་གར་སྒོར་མོ་འབུམ་ཉི་ཤུ་རྩ་ལྔ་ཞིག་སྤྲད་རྒྱུ་བྱས། བོད་གཞུང་གིས་དེའི་ཆེད་དུ་བོད་ས་ཡོངས་སུ་ཞལ་འདེབས་སློང་བའི་བྱུང་རབས་ཀྱང་ཡོད། དེ་སྐབས་གུན་གསབ་ཆ་ཚང་སྤྲད་མ་ཐུབ་པའི་བར་དུ་ཆུ་འབི་རྫོང་ཨིན་ཇིའི་འོག་ཏུ་བསྡད་རྒྱུ་ཆིངས་ཡིག་ནང་གསལ་ཡོད། དེ་རྗེས་བོད་གཞུང་གིས་གུན་གསབ་ཆ་ཚང་མ་སྤྲད་སྔོན་དུ་རྒྱ་ནག་གིས་ཨིན་གཞུང་ལ་གུན་གསབ་ཆ་ཚང་སྤྲད་འདུག དེར་བརྟེན་ཨིན་གཞུང་གིས་བོད་གཞུང་ལ་ཆུ་འབི་རྫོང་རྩིས་ལེན་དུ་ཤོག་ཅེས་ལན་བཏང་དུས། ང་ཚོས་གུན་གསབ་སྤྲད་ཟིན་མེད། རྩིས་གང་འདྲ་ལེན་དགོས་ཞེས་བརྗོད་སྐབས། ཨིན་གཞུང་གིས་གུན་གསབ་ང་ཚོས་རྒྱ་ནག་ནས་བླངས་ཟིན་ཞེས་བཤད་འདུག། བར་སྐབས་དེར་རྒྱ་ནག་དང་ཨིན་ཇིའི་བྱེད་སྟངས་དེ་ཚོ་ཧ་ཅང་ཐབས་སྐྱོ་པོ་རེད། དེ་ལས་ལྷག་པའི་ཐབས་སྐྱོ་བ་ཞིག་ནི་ཁོང་ཚོས་གང་བྱེད་ཀྱི་ཡོད་མེད་ང་ཚོས་ཁྱོན་ནས་མ་ཤེས་པར་བསྡད་པའི་གནས་སྟངས་དེ་རེད། དེ་ཙམ་མ་ཟད་ཨིན་ཇིས་རྟག་ཏུ་དཀྲུགས་ཤིང་བརྒྱབས་ནས་འགྲོ་རྒྱུ་དེ་ཁོ་ཚོའི་གཤིས་ཀ་རེད། དེར་བརྟེན་ཡང་ཧ་སེ་བེན་ (Young husband) ལོག་སྐབས་བཀྲིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་མཇལ་ཁ་ཞུས་པ་མ་ཟད། པཎ་ཆེན་རིན་པོ་ཆེ་རྒྱ་གར་ལའང་གདན་ཞུ་ཕུལ་བ་རེད། དེ་ནས་ཟླ་བ་གསུམ་རྗེས་པཎ་ཆེན་རིན་པོ་ཆེ་ཀ་ལི་ཀ་ཏར་ཕེབས་ཏེ་ཨིན་ཇིའི་རྒྱལ་སྲས་ལ་མཇལ་ཁ་གནང་བ་དང་། ཕྱག་རྟགས་མང་པོ་འབུལ་རེས་གནང་བ་རེད། བོད་གཞུང་དང་བཀྲས་ལྷུན་བླ་བྲང་གཉིས་བར་འགལ་ཟླ་དེ་ཡང་དེ་ནས་མགོ་ཚུགས་པ་ཞིག་རེད། དེ་རྗེས་ད་དུང་ཧ་ཅང་ཧང་སངས་དགོས་པ་ཞིག་ནི་བོད་པས་ཁྱོན་ནས་མ་ཤེས་པར། ཕྱི་ལོ་ ༡༩༠༤ ལོར་བོད་དུ་བོད་དང་ཨིན་ཇི་གཉིས་པོས་བཞག་པའི་དམག་མཚམས་ཆོད་པའི་ཆིངས་ཡིག་དེ་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་པ་ཡིན་ཞེས་པའི་ཆིངས་ཡིག་གསར་པ་ཞིག་ཕྱི་ལོ་ ༡༩༠༦ ལོར་རྒྱ་ནག་དང་ཨིན་ཇི་གཉིས་དབར་བཞག་པ་རེད། དེ་ལ་མཐུན་མཚམས་ཀྱི་ཆིངས་ཡིག་ཅེས་མིང་བཏགས་འདུག དེ་རྗེས་ཚ་རོང་དབང་ཕྱུག་རྒྱལ་པོས་སྐུ་ཚབ་བྱས་ནས་ཕྱི་ལོ་ ༡༩༠༨ ལོར་ཚོང་དོན་གྱི་ཆིངས་ཡིག་སྔོན་མ་བཞག་པ་དེའི་ཟུར་རྒྱན་གཅིག་ཀ་ལི་ཀ་ཏར་བཞག་འདུག དེས་བོད་ལ་དགེ་སྐྱོན་ཡོང་རྒྱུ་གང་ཡང་མེད་ནའང་། ཆིངས་ཡིག་དེའི་སྐོར་བཀའ་ཤག་ལ་དགོངས་སྐོར་ཞུས་མ་སོང་ཞེས་རྗེས་སུ་ཚ་རོང་ལ་ཉེས་ཆད་ཆེན་པོ་ཕོག་པ་རེད། སོ་སོའི་མི་ལ་ཉེས་ཆད་བཏང་བ་མ་གཏོགས། ཕྱི་མི་དང་འབྲེལ་བ་བྱེད་རྒྱུ་ཧ་ཅང་སྐྱོ་པོ་གནང་འདུག དེ་ནས་ཕྱི་ལོ་ ༡༩༠༩ ལོར་ཨིན་ཇི་དང་ཨུ་རུ་སུ་གཉིས་དབར་ཆིངས་ཡིག་ཅིག་བཞག་པ་དེའི་ནང་ཨུ་རུ་སུ་དང་ཨིན་ཇི་གཉིས་ཀས་བོད་ཐོག་ཇུས་གཏོགས་མི་བྱེད་རྒྱུ་དང་། གལ་སྲིད་ཨུ་རུ་སུ་དང་བོད་གཉིས་དབར་འབྲེལ་བ་བྱུང་ན་ཨིན་གཞུང་ལ་ངེས་པར་དུ་སྙན་གསན་ཞུ་དགོས་པ་འཁོད་ཡོད། བོད་པས་ཆིངས་ཡིག་དེའི་སྐོར་རྗེས་སུ་མ་གཏོགས་ཤེས་མེད།
ཕྱི་ལོ་ ༡༩༠༤ ལོར་ཨིན་དམག་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་ཕྱི་ལོ་ ༡༨༨༨ ལོའི་དམག་འཕྲོ་དེ་ནས་མུ་མཐུད་པ་ཞིག་རེད། ཨིན་ཇི་འདྲོགས་མགོ་ལངས་པའི་རྒྱུ་མཚན་གཞན་ཞིག་ནི། མཚན་ཞབས་ངག་དབང་བློ་བཟང་ངམ་ནུབ་ཕྱོགས་པའི་བྱུང་རབས་ནང་རྡོ་རྗེ་ཡབ་ཞུ་བ་དེ་སོག་པོའི་དགེ་བཤེས་ཤིག་རེད། དེས་ཨུ་རུ་སུའི་རྒྱལ་པོ་ཛར་ (Tsar) དང་འབྲེལ་བ་ཞུས་ཏེ་༧སྐྱབས་མགོན་རིན་པོ་ཆེ་དང་ཛར་གྱི་བཀའ་ཡིག་ཕར་ཚུར་འཁྱེར་བ་མ་ཟད། ཛར་ལ་བུ་མེད་པའི་སྐོར་སྙན་གསན་ཞུས་ཏེ་༧སྐྱབས་མགོན་རིན་པོ་ཆེས་བུ་རྒྱུད་ཡོང་ཐབས་སློབ་སྟོན་གནང་བ་སོགས་འབྲེལ་བ་མང་པོ་བྱུང་བ་རེད། ཕྱི་ལོ་ ༡༩༠༠ ལོར་མཚན་ཞབས་ངག་དབང་བློ་བཟང་བོད་ལ་འབྱོར་ཏེ། ༧སྐྱབས་མགོན་རིན་པོ་ཆེ་སྨོན་ལམ་ཚོགས་ཕེབས་སུ་གདན་འདྲེན་ཞུས་པ་དང་། མཚན་ཞབས་ལྷ་སར་འབྱོར་ནས་ཨུ་རུ་སུ་གོང་མས་རོགས་རམ་གནང་རྒྱུའི་ཞལ་བཞེས་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་ཕྱིན་པ་དེའི་དབང་གིས་ཨིན་ཇི་ལ་བོད་པ་དང་ཨུ་རུ་སུ་གཉིས་དབར་འབྲེལ་བ་ཉེ་པོ་མེད་དམ་སྙམ་པའི་དོགས་པ་ཆེན་པོ་ཞིག་བྱུང་བ་རེད། དེ་ལྟར་ཕྱི་ལོ་ ༡༨༨༥ ནས་ ༡༩༠༤ བར་དུ་བོད་དང་ཨིན་ཇི་འབྲེལ་བའི་གནས་སྟངས་དང་། ༡༩༠༤ ལོར་དམག་མཚམས་ཆོད་པའི་འདྲ་མཉམ་ཐོག་ཆིངས་ཡིག་བཞག་ཟིན་པའི་རྗེས་སུ་ཨིན་ཇིས་མགོ་བདེ་དྲན་འཕྲུལ་འཁྲབ་སྟེ་བོད་པས་མ་ཤེས་པར་རྒྱ་ནག་དང་ཨུ་རུ་སུ་མཉམ་དུ་འབྲེལ་བ་བྱས་པ་དེ་དག་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་བལྟས་ན་བོད་པར་མགོ་བསྐོར་བཏང་བ་ཙམ་དུ་མ་ཟད། མགོ་སྐོར་གཏོང་སྟངས་དེའང་ཧ་ཅང་ཐབས་སྡུག་པོ་བཏང་ཡོད་ལ། བོད་པས་ཀྱང་དེ་ཚོ་དྭངས་བླངས་ཀྱིས་ཁ་རོག་བསྡད་པ་དེ་དག་བྱུང་རིམ་གཅིག་རེད། ཕྱི་ལོ་ ༡༩༠༥ དང་ ༡༩༠༦ ཙམ་ལ་རྒྱ་མིས་ཁམས་ཁུལ་ནས་མནར་གཅོད་ཀྱིས་དགོན་པ་མང་པོ་མེར་བསྲེགས་དང། མི་མང་པོ་དམར་གསོད་བཏང་བ་བཅས་ཀྱི་གནས་ཚུལ་ཛ་དྲག་པོ་ཞིག་བྱུང་བ་རེད། དེ་ཚོ་མན་ཇུ་གོང་མས་མཁྱེན་གྱི་ཡོད་མེད་ཇི་ལྟར་ཡང་། མན་ཇུ་གོང་མའི་བཀའ་ཡིན་པའི་རྣམ་འགྱུར་ཐོག་ནས་ཡུན་ནན་དང་ཟི་ལིང་དུ་ཡོད་པའི་རྒྱ་མིའི་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་དང་གང་བྱུང་བྱས་པའི་གནས་སྟངས་ཤིག་ཆགས་པ་དེ་བྱུང་རིམ་གཞན་པ་ཞིག་རེད།
Swiss 3༧སྐྱབས་མགོན་རིན་པོ་ཆེ་བོད་ནས་སོག་ཡུལ་དཱ་ཁུ་རལ་ལ་ཕེབས་སྐབས་ཐོག་མར་ཧ་ལས་པའི་དགའ་བསུ་དང་གཟེངས་བསྟོད་ཆེན་པོ་ཞུས་རུང་། དེ་ནས་བོད་གཞུང་གི་སྐུ་དྲག་ཁ་ཤས་དང་དཱ་ཁུ་རལ་གྱི་ལས་བྱེད་ཁ་ཤས་དབར་ཕན་ཚུན་མཐོང་སྣང་ཡག་པོ་མ་བྱུང་བའི་དབང་གིས་༧སྐྱབས་མགོན་རིན་པོ་ཆེ་དང་ཁལ་ཁ་རྗེ་བཙུན་དམ་པའི་མཇལ་འཕྲད་ལ་བར་ཆད་བྱུང་བར་བརྟེན། ཟླ་བ་གཅིག་གཉིས་ཤིག་དེ་ཕྱོགས་སུ་དངངས་འཚབ་ངང་བཞུགས་དགོས་བྱུང། ཡིན་ནའང་མཐའ་མར་ཁལ་ཁ་རྗེ་བཙུན་དམ་པས་༧རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུས་ནས་ཐུགས་མཐུན་ཁྲིམས་གཙང་བྱུང་སྟེ། སོག་ཡུལ་དུ་༧སྐྱབས་མགོན་རིན་པོ་ཆེས་ཕྱག་དཔེ་འཁྲིད་གནང་རྒྱུ་དང་། བཀའ་ལུང་དབང་གསུམ་གནང་རྒྱུ་བཅས་ཆོས་ཕྱོགས་ཀྱི་མཛད་སྒོ་རྒྱ་ཆེན་པོ་གནང་ཐུབ་པ་བྱུང་། དེ་རྗེས་ཨ་མདོར་ཕེབས་ནས་སྐུ་འབུམ་སོགས་སུ་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེན་པོ་བསྐྱངས་པ་མ་ཟད། ཚུར་ཡང་གསུང་ཆོས་སོགས་མང་པོ་གསན་རྒྱུའི་གོ་སྐབས་བྱུང་ཡོད། གང་ལྟར་༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༡༩༠༤ ནས་ལོ་གསུམ་ཙམ་རིང་ཨ་མདོ་དང་སོག་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་པ་ཆེན་པོ་བསྐྱངས་པ་རེད། དེ་ནས་ཕྱི་ལོ་ ༡༩༠༧ ལོར་གོང་མས་གདན་ཞུ་འབྱོར་བ་དང་། ཕར་སྐུ་ཚབ་མངགས་གཏོང་སོགས་རིམ་པས་བྱུང་བའི་དབང་གིས་ཕྱི་ལོ་ ༡༩༠༨ ཕྱི་ཟླ་ ༧ པའི་ནང་༧སྐྱབས་མགོན་རིན་པོ་ཆེ་རི་བོ་རྩེ་ལྔར་༧ཞབས་སོར་འཁོད་དེ་རྒྱུན་རིང་བཞུགས་པ་རེད། དེ་ནི་རྒྱ་ནག་རྒྱལ་སར་མ་ཕེབས་པའི་སྔོན་དུ་རེད། རི་བོ་རྩེ་ལྔ་ལ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱི་གཞུང་ཚབ་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་མཇལ་ཁར་བཅར་ཡོད། དེ་ནི་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་སྟོབས་ཆེན་རྒྱལ་ཁབ་ཁག་གི་གཞུང་ཚབ་ཚོ་དང་ཕན་ཚུན་ཐད་ཀར་ཐུགས་འདྲིས་བྱུང་བའི་ཐོག་མ་དེ་རེད། དེའི་ཕྱི་ཟླ་དགུ་པའི་ནང་༧སྐྱབས་མགོན་རིན་པོ་ཆེས་གོང་མ་ཡུམ་སྲས་དང་མཇལ་འཕྲད་གནང་དུས་གཉིས་ཀ་སྨྱོ་ཆུ་དང་དུག་རྫས་ཀྱིས་རང་དབང་མེད་པ་ལྟ་བུ་ཞིག་ཆགས་ཡོད་ཚོད་འདུག དེ་ནས་མི་རིང་བར་གཉིས་ཀ་དགོངས་པ་རྫོགས་ནས་དོན་འབྲས་གང་ཡང་བྱུང་མེད། དེ་རྗེས་༧སྐྱབས་མགོན་རིན་པོ་ཆེ་བསྐྱར་དུ་སྐུ་འབུམ་ལ་ཕེབས་པ་དང་། དེ་ནས་ཕྱི་ལོ་ ༡༩༠༩ ལོར་བོད་དུ་ཆིབས་བསྒྱུར་བསྐྱངས་པ་རེད། སྐབས་དེ་དུས་ཀྱི་བཟང་ཕྱོགས་ཀྱི་གནས་སྟངས་ཤིག་ལ། ༧སྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༡༩༠༩ བར་དུ་ལོ་གསུམ་བཞིའི་རིང་སོག་པོ་དང་། ཨ་མདོ། རྒྱ་ནག་བཅས་སུ་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེན་པོ་བསྐྱངས་ཐུབ་པ་དང་། ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་ནས་འབྲེལ་བ་ཡོད་པ་བཞིན་སོག་བོད་ཀྱི་འབྲེལ་བ་དེ་ཡག་པོ་ཞིག་ཆགས་ཐུབ་པ། རྒྱ་ནག་ཏུ་གོང་མ་དང་དཔོན་རིགས་ཆེ་ཁག་མདུན་ཁམས་ཁུལ་དུ་འབྱུང་བཞིན་པའི་རྒྱ་དམག་གིས་གང་བྱུང་བྱས་པའི་སྐོར་ཡང་འགྲེལ་བརྗོད་གནང་ཐུབ་པ། དེ་བཞིན་རི་བོ་རྩེ་ལྔར་ཆིབས་བསྒྱུར་གནང་ཐུབ་པ་བཅས་བྱུང་། དེ་ཡང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རི་བོ་རྩེ་ལྔར་ཆིབས་བསྒྱུར་གནང་སྐབས་ཆོས་ཕྱོགས་ཀྱི་གནད་དོན་མང་པོའི་ཐོག་གནད་འགག་ཡོད་པ་སྐུ་ཕྲེང་བཅུ་གསུམ་པའི་གཏེར་མའི་ལུང་བསྟན་ནང་ཡོད་པ་ཞིག་རེད། ངས་ནི་༧སྐྱབས་མགོན་རིན་པོ་ཆེ་ཐོག་མ་ནས་རྒྱ་ནག་ཏུ་ཕེབས་རྒྱུའི་དགོངས་པ་བཞེས་ཏེ་བོད་ནས་ཆིབས་བསྒྱུར་གནང་བ་རེད་ཅེས་བཤད་ཀྱི་ཡོད། དེ་ཡང་ཕྱོགས་གཅིག་ནས་ཆུ་སྤྲེལ་ཞལ་གདམས་ནང་གསལ་པོ་ཡོད་ལ། ཕྱོགས་གཞན་ཞིག་ནས་ལུང་བསྟན་དེ་ཚོའི་ནང་དུའང་གསལ་འཁོད་ཡོད། ཆིབས་བསྒྱུར་གནང་བ་དེས་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེན་པོ་བྱུང་བ་དེ་ནི་བཟང་ཕྱོགས་ཀྱི་གནས་སྟངས་ཤིག་རེད། ༡༩༠༩ ཕྱི་ཟླ་ ༡༡ ཚེས་ཤར་ཙམ་ལ་༧སྐྱབས་མགོན་རིན་པོ་ཆེ་ལྷ་སར་༧ཞབས་སོར་འཁོད་དེ་ཉིན་ཤས་སོང་མཚམས་ལུའུ་ཅུན་ཟེར་བའི་དམག་དཔོན་དེས་དམག་མི་སྟོང་ཕྲག་ཁ་ཤས་འཁྲིད་དེ་ལྷ་སར་འབྱོར་བ་ཙམ་དུ་མ་ཟད། རྩེ་ཕོ་བྲང་ལ་ཁ་གཏད་ནས་མེ་མདའ་བརྒྱབས་པ་དང་། ཞོལ་དུ་མི་ཁ་ཤས་བསད་པའི་དོན་རྐྱེན་བྱུང་བ་ལ་བརྟེན་ནས་༧སྐྱབས་མགོན་རིན་པོ་ཆེ་ལམ་སེང་ལྷ་ས་ནས་རྒྱ་གར་ཀ་ལོན་སྦུག་དང་རྡོ་རྗེ་གླིང་ཕྱོགས་སུ་ཉེན་ཡོལ་ལ་ཕེབས་དགོས་བྱུང་། ཕེབས་རྗེས་སུའང་རྒྱ་མིས་རྗེས་འདེེད་བཏང་སྟེ་༧སྐྱབས་མགོན་རིན་པོ་ཆེ་ཤི་གསོན་གང་རུང་འཁྱེར་ཡོང་དགོས་ཟེར་བ་དང་། རྒྱལ་བ་རིན་པོ་ཆེ་ཁྲི་ལས་ཕབ་པ་ཡིན་ཞེས་གསལ་བསྒྲགས་བྱས་པ་རེད། ༧སྐྱབས་མགོན་རིན་པོ་ཆེ་ཉེན་ཡོལ་དུ་ཕེབས་སྐབས་ཆུ་ཤུལ་གྲུ་ཟམ་ཉེ་འགྲམ་དུ་མདའ་དཔོན་ཟླ་བཟང་དགྲ་འདུལ་ལམ་སྤྱན་གསལ་གནམ་གང་ལགས་ཞུ་བ་ཁོང་གིས་རྒྱུན་རིང་རྒྱ་མི་དང་འཛིངས་ཏེ་བཀག་ཐུབ་པ་ཡིན་སྟབས། རྒྱ་དམག་གིས་༧སྐྱབས་མགོན་རིན་པོ་ཆེའི་ཕེབས་རྗེས་བསྙེགས་མ་ཐུབ་པ་མ་ཟད། རྒྱ་གར་ས་མཚམས་བར་དུ་མགྱོགས་པོ་ཆིབས་བསྒྱུར་གནང་ཐུབ་པ་བྱུང་། དེ་ལྟར་ཕྱི་ལོ་ ༡༩༡༠ ལོ་མཇུག་ནས ༡༩༡༣ ཚེས་ཤར་བར་ལོ་གསུམ་མ་ཟིན་ཙམ་རིང་༧སྐྱབས་མགོན་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་ལ་བཞུགས་ཤིང་། ཨིན་ཇིའི་གཞུང་དང་བཀའ་བསྡུར་གནང་བ་བཅས་ལ་བརྟེན། ཨིན་བོད་གཉིས་དབར་འབྲེལ་བ་ཕྲན་བུའི་ཡག་ཏུ་འགྲོ་ཐུབ་པ་བྱུང་། དེ་བཞིན་བོད་ནང་བོད་པ་རང་གིས་ཐབས་ཇུས་དང་དྲག་ཤུགས་ཐོག་ནས་རྒྱ་དམག་ཡོད་པ་རྣམས་རྩ་མེད་བཏང་ཐུབ་པ་དང་། རྒྱ་ནག་ཏུ་མན་ཇུའི་གོང་མ་མགོ་རྟིང་ལོག་པ་དེའི་དབང་གིས་རོགས་སྐྱོར་དམག་མི་སྣོན་མ་ཡོང་རྒྱུ་མེད་པ། ཆུ་སྤྲེལ་ཞལ་གདམས་ནང་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་ཞེས་གསུངས་པ་དེ་བྱུང་། དེ་ལ་བརྟེན་ནས་ལོ་གཉིས་གསུམ་ནང་བོད་དུ་ཡོད་པའི་རྒྱ་དམག་དེ་ཚོ་གསད་རྒྱུ་བསད་པ་དང། ལྷག་པ་དེ་ཚོས་མགོ་བཏགས་ཞུས་ནས་རྒྱ་གར་བརྒྱུད་ནས་ཕྱིར་ལོག་བཏང་བ་རེད། སྐབས་དེའི་བོད་དུ་ཡོད་པའི་རྒྱ་མིའི་འགོ་ཁྲིད་ཚོ་དང་བོད་ཀྱི་དམག་དཔོན་ཚོའི་བར་ལའང་ཁོང་ཚོ་ཕྱིར་ལོག་བྱེད་སྟངས་སྐོར་ཆིངས་ཡིག་ཅིག་བཞག་ཡོད། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་བཞག་པ་མིན་པར། བོད་རྒྱལ་ཁབ་དང་རྒྱ་ནག་གི་དམག་སྡེ་ལྷག་འཕྲོས་དབར་བཞག་པའི་ཆིངས་ཡིག་ཅིག་རེད། དེ་ལྟར་ཕྱི་ལོ་ ༡༩༡༢ ལོ་མཇུག་ལ་༧གོང་ས་མཆོག་ཕྱིར་ཕེབས་ཀྱིས་ཕྱི་ཟླ་བཅུ་གཉིས་ནང་ལྷ་སར་༧ཞབས་སོར་འཁོད་ཅིང་། དེའི་རྗེས་སུ་ཕྱི་ལོ་ ༡༩༡༣ གྱི་ཆུ་གླང་རྩ་ཚིག་ཆེན་མོ་ཞེས་པ་དེ་གནང་བ་རེད། རྩ་ཚིག་དེའི་ནང་བོད་དུ་ཡོད་པའི་རྒྱ་དམག་ལྷག་འཕྲོས་རྣམས་ཕྱིར་ལོག་བཏང་ཟིིན་པ་དང་། ཁམས་ཁུལ་ད་ལྟ་ལྷག་འཕྲོས་ཕྲན་བུ་ཡོད་པ་རྣམས་ས་གནས་ལྷ་སྡེ་མི་སྡེ་དབུས་གཞུང་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་རིམ་པས་མཐར་སྐྲོད་གཏོང་རྒྱུའི་ཡིད་ཆེས་ཡོད་པ། དེ་རྣམས་གཙང་བཟོ་ཟིན་རྗེས་བོད་ས་རང་སྐྱོང་ཡོང་ཆེད་གང་དང་གང་བྱེད་དགོས་པ། དགོན་སྡེ་ཁག་གིས་གང་དང་གང་བྱེད་དགོས་པ། ས་ཞིང་ཤིང་ནགས་སོགས་སྲུང་སྐྱོབ་དང་ཡར་རྒྱས་ཆེད་གང་དང་གང་བྱེད་དགོས་པ། ལམ་ལ་སོགས་གཞི་རིམ་སྒྲོམ་གཞིའི་འཛུགས་སྐྲུན་གང་དང་གང་བྱེད་དགོས་པ། སྲུང་སྐྱོབ་ཀྱི་དོན་དུ་གང་དང་གང་བྱེད་དགོས་པ་རྣམས་ཞིབ་གསལ་འཁོད་ཡོད། དེའི་མགོ་བརྗོད་ནང་བོད་དང་རྒྱ་ནག་དབར་མཆོད་ཡོན་དང་སྦྱིན་བདག་གི་འབྲེལ་བ་ (Priest and Patron relationship) ཡོད་པ་མ་གཏོགས། གཅིག་འོག་གཅིག་ལ་ཡོད་པའི་འབྲེལ་བ་ནམ་ཡང་མེད་ཅེས་གསལ་བཤད་གནང་ཡོད། དེ་ཡང་རྒྱ་མིའི་ལས་བྱེད་ཁ་ཤས་ཀྱིས་མཆོད་ཡོན་འབྲེལ་བ་ལ་འགྲེལ་བཤད་ལོག་པ་བརྒྱབས་ཏེ་བོད་ཟ་འདོད་ཀྱིས་ཡོང་བ་དང་། དེ་མཐར་སྐྲོད་གཙང་མ་བཏང་ཐུབ་པ་ཡག་པོ་བྱུང་བ། མ་འོངས་པར་བསྐྱར་དུ་མ་ཡོང་བའི་ཆེད་དུ་ང་ཚོས་ལས་དོན་ཇི་ལྟར་བྱེད་དགོས་རྣམས་ཆུ་གླང་རྩ་ཚིག་གི་དགོངས་དོན་རེད། དེ་ཚོ་གལ་ཆེན་པོ་རེད། ཕྱོགས་གཞན་ཞིག་ནས་མཚན་ཞབས་ངག་དབང་དང་ཕྱག་རོགས་མཁན་ཆུང་སོགས་ཀྱིས་སོག་པོ་དང་མཉམ་དུ་བོད་སོག་མཛའ་གྲོགས་ཀྱི་ཆིངས་ཡིག་ཟེར་བ་ཞིག་བཞག་ཡོད། དེ་སོག་པོའི་ངོས་ནས་ཧ་ཅང་གལ་ཆེན་པོ་བརྩི་བ་དང་། ཉེ་སྔོན་སོག་པོའི་གཞུང་གིས་ཕྱི་ལོ་ ༢༠༡༣ ལོར་ཆིངས་ཡིག་དེ་ལོ་བརྒྱ་འཁོར་བའི་དུས་དྲན་རྒྱ་ཆེ་ཞིག་རྒྱལ་སྤྱིའི་ནང་བྱེད་དགོས་ཞེས་ང་འཛིན་སྐྱོང་ནང་ཡོད་སྐབས་བཀའ་མོལ་མང་པོ་བྱུང་སོང་། ང་ཚོས་དེ་ལ་མཐུན་འགྱུར་གང་ཡང་ཞུས་མེད། རྗེས་སུ་མཁས་པའི་བགྲོ་གླེང་ཚོགས་འདུ་ཁ་ཤས་ཚོགས་པ་མ་གཏོགས། མཛད་རིམ་གཞི་རྒྱ་ཆེ་བ་གང་ཡང་བྱུང་ཡོད་ཚོད་མི་འདུག ཆིངས་ཡིག་དེ་ང་ཚོར་དགོས་མཁོ་ཆེ་བ་གང་ཡང་མེད། གང་ལགས་ཤེ་ན། ཆིངས་ཡིག་དེའི་མགོ་བརྗོད་ནང་བོད་སོག་གཉིས་ཀ་ད་བར་མན་ཇུའི་བཙན་འོག་ལ་ཡོད་པ་ནས་རང་བཙན་ཐོབ་པའི་དུས་ཚོད་དང་བསྟུན་ནས་ང་ཚོས་རང་བཙན་ཐོབ་པའི་དགའ་སྟོན་གྱི་ཚུལ་དུ་མཛའ་གྲོགས་ཀྱི་ཆིངས་ཡིག་འཇོག་གི་ཡོད་ཅེས་བྲིས་འདུག། ཆིངས་ཡིག་དེས་བོད་དང་སོག་པོ་གཉིས་ཀ་མན་ཇུ་གོང་མའི་མངའ་འོག་ཏུ་ཡོད་པ་དང་། ༡༩༡༢/༡༩༡༣ གང་རུང་ལ་གཞི་ནས་རང་བཙན་ཐོབ་པ་རེད་ཅེས་ངོས་ལེན་བྱས་ཡོད། དེ་ངོས་ལེན་གནང་ན་ང་ཚོས་ཕྱི་ལོ་ ༡༩༥༡ བར་རང་བཙན་གཙང་མ་ཡིན་ཞེས་པའི་འདོད་ཕྱོགས་དེ་རྩ་མེད་དུ་འགྲོ་བ་རེད། རྗེས་སུ་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པའི་ (International Commission of Jurists) ཞིབ་འཇུག་སྙན་ཐོའི་ནང་དུའང་ཕྱི་ལོ་ ༡༩༡༣ ནས་ ༡༩༥༡ བར་དུ་དངོས་དོན་ (De facto) རང་བཙན་རེད་འདུག་ཅེས་བཀོད་པ་དེའང་ཡིག་ཆ་དེ་ཚོར་གཞི་བཞག་པ་རེད། De facto ཞེས་པ་དངོས་དོན་ལ་རང་བཙན་ཡིན་རུང་། དེ་ལྟར་ཡིན་པ་དེ་ De jure ཏེ་ཡོངས་གྲགས་སུ་ཁྲིམས་དོན་དང་མཐུན་པར་རྒྱལ་སྤྱིའི་ནང་གསལ་བསྒྲགས་ཐུབ་མི་འདུག་ཅེས་པའི་དོན་རེད། གོང་དུ་ཞུས་པ་བཞིན་རྒྱལ་བ་ལྔ་པས་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་པ་ནས་ཕྱི་ལོ་ ༡༩༡༣ བར་བོད་དེ་མན་ཇུ་གོང་མའི་མངའ་ཁོངས་སུ་ཡོད་པ་དང་། ཡང་ན་མིང་ཙམ་གྱི་མངའ་ཁོངས་སུ་ཡོད་པར་འདོད་མཁན་ཁག་གཅིག་དང་། ཡང་བོད་རང་བཙན་གཙང་མར་གནས་པར་འདོད་མཁན་ཁག་གཅིག་བཅས་ལྟ་ཚུལ་མི་འདྲ་བ་གཉིས་བོད་མི་དང་ཕྱི་མི་གཉིས་ཀའི་ནང་ཡོད་པ་བྱུང་རིམ་དེ་ཚོ་ནས་གསལ་པོ་ཆགས་ཡོད། མིང་ཙམ་གྱི་མངའ་ཁོངས་ཞེས་པ་དེ་སུ་ཛ་རན་ཀྲི་ (suzerainty) ཟེར་བ་དེ་རེད། རྒྱ་གར་དུ་ཡོད་པའི་ཨིན་ཇིའི་དྲུང་ཆེ་ཞིག་གིས་ཨིན་གཞུང་ལ་བཏང་བའི་ཡི་གེའི་ནང་སུ་ཛ་རན་ཀྲི་ཟེར་བའི་ཚིག་དེ་ལ་ཁྲིམས་དང་བྱུང་རབས་གང་གི་ཐོག་ནས་ཀྱང་གོ་དོན་མེད། འོན་ཀྱང་ང་ཚོས་ཨིན་གཞུང་དང་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་ཚིག་དེ་སྲུང་སྐྱོབ་ཀྱིས་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་གསལ་པོ་བྲིས་ཡོད། ཁོ་རང་ཚོས་ཀྱང་ནང་དོན་གནས་ཚུལ་ངོ་མ་མཐོང་གི་ཡོད་རེད། ཚིག་དེ་རྒྱལ་ཁབ་གཞན་སུས་བེད་སྤྱོད་བྱས་མེད། ཕྱི་ལོ་ ༡༩༡༣ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་བོད་དུ་༧ཞབས་སོར་འཁོད། ཆུ་གླང་རྩ་ཚིག་ཁྱབ་བསྒྲགས་གནང་། ཁམས་ཁུལ་དུ་ལྷག་པའི་རྒྱ་མི་རྣམས་ཕྱིར་སྐྲོད་བཅས་ཚང་མ་གྲུབ་རྗེས། བོད་རྒྱ་ཨིན་གསུམ་གྱི་ས་མཚམས་གཏན་འབེབས་ཆེད་ཕྱི་ལོ་ ༡༩༡༣ ལོ་མཇུག་དང་། ༡༩༡༤ ཆ་ཚང་སིམ་ལའི་ཚོགས་འདུ་དེ་ཚོགས་པ་རེད། དེའི་ནང་བོད་དང་། རྒྱ་ནག ཨིན་ཇིའི་མངའ་འོག་ཏུ་ཡོད་པའི་རྒྱ་གར་བཅས་ཀྱི་སྐུ་ཚབ་ཡོད། དེ་དུས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཆགས་ཟིན། དེའི་གྲོས་གཞི་གཙོ་བོ་ཞིག་ནི་བོད་དང་རྒྱ་གར་གྱི་ས་མཚམས་སྐོར་དེ་རེད། དེ་དང་ཆབས་ཅིག་ཏུ་བོད་པས་དགོས་འདུན་བཏོན་ཚུལ་ལ་བསྙད་ནས་བོད་དང་རྒྱ་ནག་གི་ས་མཚམས་ཀྱང་དེ་དུས་ཐག་གཅོད་ཡོང་ཐབས་བྱས་པ་རེད། སར་མེཀ་མོཧན་ (Sir McMohan) ཞེས་པ་དེས་ཞིབ་འཇུག་གནང་སྟེ་བོད་དང་རྒྱ་གར་གྱི་ས་མཚམས་དེ་གསལ་པོ་ཞིག་བཟོས་ཡོད། དེ་ཡང་ཆུ་རྒྱུན་འབབ་ཕྱོགས་ཀྱི་ལྟ་གྲུབ་ལ་བརྟེན་ནས་བཟོས་ཚུལ་བཤད་ཀྱི་ཡོད། རི་རྩེ་ནས་ཆུ་རྒྱུན་འབབ་པ་དེའི་མཇུག་བོད་ལ་སོང་བ་རྣམས་བོད་དང་། རི་རྩེ་ནས་ཆུ་རྒྱུན་འབབ་ཕྱོགས་དེ་རྒྱ་གར་དུ་རྒྱུགས་པ་དེ་རྒྱ་གར་དུ་བརྩི་བ་རེད། བོད་དང་རྒྱ་གར་གཉིས་བར་གྱི་མེཀ་མོ་ཧན་ས་ཐིག་གི་ས་མཚམས་དེ་ཚད་ལྡན་ཡིན་མིན་བཤད་རྒྱུ་དེ་སིམ་ལའི་ཆིངས་ཡིག་གི་འབྲུ་དོན་ཐོག་ནས་བྱུང་བ་རེད། སིམ་ལའི་ཚོགས་འདུར་མེག་མོ་ཧན་ས་ཐིག་སྐོར་བཀའ་མོལ་གནང་སྐབས་བོད་དང་རྒྱ་གར་གྱི་ས་མཚམས་ཐོག་བོད་པའི་ངོས་ནས་རྙོག་ཁྲ་བཤད་མེད་ལ། ཨིིན་ཇིའི་རྒྱ་གར་ངོས་ནས་ཀྱང་རྙོག་ཁྲ་བཤད་མེད། རྒྱུན་རིང་པོ་རྙོག་ཁྲ་ལྷག་རྒྱུ་དེ་བོད་དང་རྒྱ་ནག་གི་ས་མཚམས་དེ་རེད། བོད་དང་རྒྱ་ནག་གི་ས་མཚམས་དེའི་སྔོན་འབྲི་ཆུ་ཕན་ཆད་ཚུན་ཆད་ཟེར་བ་ཙམ་ཞིག་མ་གཏོགས། གསལ་པོ་གང་ཡང་མེད་པར་བརྟེན་རྩོད་གླེང་ཡོད་མུས་རེད། མེཀ་མོ་ཧན་གྱི་བོད་རྒྱའི་དབར་གྱི་ས་ཐིག་དེ་ལ་རྒྱ་ནག་གིས་ངོས་ལེན་བྱས་མེད་ལ། བོད་པས་ཀྱང་ངོས་ལེན་བྱས་མེད། དེའི་ཐོག་ཧ་ཅང་རྩོད་པ་བྱུང་བ་རེད། མཐའ་མ་སིམ་ལའི་ཆིངས་ཡིག་ལ་མིང་རྟགས་བཀོད་ཟིན་ནའང་རྒྱ་མིས་དམ་ཕྲུག་མ་བརྒྱབ་པར་རྒྱ་མིའི་སྐུ་ཚབ་རྣམས་ཨིན་གཞུང་གིས་མ་ཤེས་པར་བྲོས་པ་རེད། རྒྱ་མིའི་སྐུ་ཚབ་ཀྱིས་མོས་མཐུན་མེད་པ་དེ་བོད་ཕྱི་ནང་གི་གནས་སྟངས་དེ་རེད། རྒྱ་འོག་ཡོད་པ་དེ་བོད་ནང་མ་དང་། དགའ་ལྡན་ཕོ་བྲང་འོག་ཡོད་པ་དེ་བོད་ཕྱི་མ་རེད། གང་ལྟར་བོད་ཕྱི་ནང་གི་ས་མཚམས་མེཀ་མོ་ཧན་གྱིས་བཟོས་པ་དེ་འགྲིག་མི་འདུག་ཅེས་བརྗོད་ནས་ངོས་ལེན་མ་བྱས་པ་རེད། བོད་པའི་སྲིད་དོན་གྱི་བྱུང་རབས་ལ་ཐུགས་སྣང་ཡོད་ན་སིམ་ལའི་ཆིངས་ཡིག་གི་ཟིན་བྲིས་དང་། དེའི་བགྲོ་གླེང་། དོན་ཚན་གང་གི་ཐོག་མོས་མཐུན་མ་བྱུང་བའི་གནས་སྟངས་བཅས་གསལ་པོ་མཁྱེན་དགོས་ངེས་རེད། དེ་ལ་སྐུ་ཞབས་མེཧ་རཱ་ལགས་ཀྱིས་བྲིས་པའི་ The McMohan line and thereafter ཟེར་བ་སིམ་ལའི་ཆིངས་ཡིག་སྐོར་གནས་ཚུལ་ཆ་ཚང་ཡོད་པའི་དེབ་ཡག་ཤོས་ཤིག་རེད། དེ་དུས་བོད་པའི་སྐུ་ཚབ་ཚོས་ཞབས་འདྲེན་གང་འཚམས་ཞུས་ཡོད། རྒྱལ་སྤྱིའི་གནས་ཚུལ་ཡག་པོ་མཁྱེན་གྱི་མེད་པར་བརྟེན། ཐུགས་ཁག་ཡོད་ཀྱི་མ་རེད།
ཆུ་རྒྱུན་འབབ་ཕྱོགས་ལ་བརྟེན་ནས་བོད་དང་རྒྱ་གར་བར་གྱི་ས་མཚམས་དེ་གསལ་པོ་དང་བརྟན་པོ་ཆགས་པ་རེད། དེའི་དབང་གིས་རྒྱ་གར་གྱི་ས་ཆ་ཁ་ཤས་བོད་ནང་ཕྱིན་པ་དང་། བོད་ཀྱི་ས་ཆ་ཁ་ཤས་རྒྱ་གར་ནང་སླེབས་པ་བཅས་བྱུང་ཡོད། འོན་ཀྱང་སིམ་ལའི་ཆིངས་ཡིག་བཞག་རྗེས་བོད་པས་ས་ཁུལ་རྩིས་སྤྲོད་རྩིས་ལེན་བྱས་མེད། རྒྱ་གར་གྱི་ས་ཆ་བོད་ནང་ཕྱིན་པ་དེ་ཚོ་རྩིས་ལེན་བྱས་མེད་ལ། བོད་ཀྱི་ས་ཆ་རྒྱ་གར་ནང་ཕྱིན་པ་དེ་རྣམས་རྩིས་སྤྲོད་ཀྱང་བྱས་མེད། དེ་དུས་བོད་གཞུང་གིས་རྒྱ་བོད་བར་གྱི་ས་མཚམས་ཐག་གཅོད་བྱེད་རྒྱུར་ཨིན་གཞུང་གིས་ཤུགས་ནུས་བཏོན་དགོས་ཀྱི་འདུག མེཀ་མོ་ཧན་ས་ཐིག་གཏན་འཁེལ་དགོས་ན་རྒྱ་ནག་དང་བོད་བར་གྱི་ས་མཚམས་དང་། རྒྱ་གར་དང་བོད་བར་གྱི་ས་མཚམས་གཉིས་ཀ་མཉམ་དུ་གཏན་འཁེལ་དགོས། ང་ཚོས་རྒྱ་གར་ས་མཚམས་ལ་རྩོད་པ་གང་ཡང་མེད། ཡིན་ནའང་རྒྱ་ནག་དང་བོད་ཀྱི་ས་མཚམས་གཏན་འབེབས་ཡོང་རྒྱུ་དེ་ངེས་པར་དུ་ཨིན་གཞུང་གིས་ཐུགས་འགན་བཞེས་དགོས། དེ་གཏན་འབེབས་བྱུང་འཕྲལ་ས་ཁུལ་རྩིས་ལེན་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་ཕྱི་ལོ་ ༡༩༥༠ བར་དུ་རྩིས་སྤྲོད་རྩིས་ལེན་བྱས་མེད།
ཕྱི་ལོ་ ༡༩༥༠ ལོར་རྒྱ་མིས་བོད་ལ་བཙན་འཛུལ་བྱེད་པའི་གནས་ཚུལ་དེ་གསན་པ་དང་རྒྱ་གར་གཞུང་གིས་དམག་མི་བཏང་ནས་བྱང་ཤར་མོན་ཁུལ་གྱི་ས་ཆ་རྣམས་ཕྱོགས་གཅིག་གིས་རྩིས་བླངས་པ་རེད། དེ་དུས་བོད་གཞུང་གིས་རྒྱ་གར་གྱི་གནང་སྟངས་དེ་འགྱེལ་ཐོག་རྡོག་བརྫིས་ཟེར་བའི་དཔེ་ལྟ་བུ་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་བཙན་འཛུལ་བྱེད་པ་དང་། ཕྱོགས་གཞན་ནས་ཁྱེད་ཚོས་ས་ཆ་རྩིས་བླངས་སོང་ཞེས་སྡུག་སྐད་མང་པོ་བསྐྱོན་ཡོད། དེ་དུས་རྒྱ་གར་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་ཐག་གཅད་རྒྱུ་མ་གཏོགས། བོད་དང་རྒྱ་ནག་གི་ས་མཚམས་སྐོར་རྒྱ་གར་གྱིས་བྱེད་ཐུབ་པ་གང་ཡང་མེད། ང་ཚོས་ཐག་ཆོད་ཟིན་པའི་ས་མཚམས་དེ་ད་ལྟ་རྩིས་སྤྲོད་རྩིས་ལེན་མ་བྱེད་ན་རྗེས་སུ་བོད་རྒྱ་མིས་བོད་དབང་བསྒྱུར་རྗེས་དཀའ་ངལ་འཕྲད་རྒྱུ། དེར་བརྟེན་ད་རེས་གློ་བུར་ཛ་དྲག་ཐོག་རྩིས་ལེན་བྱེད་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད། དེ་དུས་རྒྱ་གར་གཞུང་གིས་ཐག་གཅོད་དེ་འདྲ་ཞིག་གནང་མེད་ན་ད་ལྟའི་གནས་སྐབས་སུ་གནས་སྟངས་གཞན་ཞིག་ཆགས་ཉེན་ཡོད། ད་ལྟ་རྒྱ་ནག་གིས་མོན་རྒྱ་ཁོངས་ཡིན་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་དོན་ཡང་། ས་ཁྱོན་གྱི་གནད་འགག་རྐྱང་པ་མ་ཡིན་པར། ལྕགས་སྟག་སིམ་ལའི་ཆིངས་ཡིག་ཚད་ལྡན་མིན་པ་དང་། ངོས་ལེན་མེད་པ་གསལ་སྟོན་བྱེད་ཆེད་ཡིན། གང་ལགས་ཤེ་ན། སིམ་ལའི་ཆིངས་ཡིག་ཨིན་བོད་གཉིས་དབར་བཞག་པ་མ་གཏོགས། རྒྱ་མིས་དག་མཆན་བཀོད་མེད་པས། སིམ་ལའི་ཆིངས་ཡིག་ཁྲིམས་མཐུན་ཡིན་ན། བོད་ཨིན་ཇིའི་རྒྱ་གར་དང་མཉམ་དུ་ཆིངས་ཡིག་གཞག་རྒྱུའི་ཐོབ་ཐང་ཡོད་པའི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ཤུགས་ཀྱིས་འགྲུབ་རྒྱུ་རེད། ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ལས་འཕྲོས་པའི་གནས་ཚུལ་དེ་ཙམ་ཡིན།
དེ་ནས་ཕྱི་ལོ་ ༡༩༡༤ ལོ་མཇུག་ནས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཕྱི་ལོ་ ༡༩༣༣ ལོ་མཇུག་ཏུ་དགོངས་པ་གཞན་དོན་དུ་མ་གཤེགས་བར་དུ་བོད་ནང་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པའི་བྱུང་རིམ་གལ་ཆེ་བ་མང་པོ་མེད། དེའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙང་ལ་བཞུགས་མ་ཐུབ་པར་རྒྱ་སོག་ལ་ཆིབས་བསྒྱུར་གནང་དགོས་བྱུང་བ་དང་། དེས་རྗེས་སུ་ཆབ་སྲིད་ཀྱི་རྙོག་ཁྲ་གང་འཚམས་ཆགས་ཡོད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་སྐབས་རྒྱ་ནག་གི་སྐུ་ཚབ་ཡོང་དུ་བཅུག་པ་དང་། ནན་ཅིང་དོན་གཅོད་བཙུགས་པ་སོགས་ཀྱི་གནས་ཚུལ་ཁ་ཤས་བྱུང་ཡོད་རུང་། དུས་ཚོད་ཀྱིས་ལྕོགས་པ་མི་འདུག་པས་དོན་ཚན་ཆུང་ངུ་རྣམས་གཞག་རྒྱུ་ཡིན། དེའི་ནང་ནས་ང་ཚོས་ངེས་པར་དུ་མཁྱེན་དགོས་པའི་དོན་ཚན་གཅིག་ཡོད་པ་ནི་ ༡༩༤༧ ཕྱི་ཟླ་ ༣ པ་དང་ ༤ པའི་ནང་རྒྱ་གར་རང་བཙན་འཐོབ་རྒྱུ་ཐག་ཆོད་ནས་བར་བརྒལ་གཞུང་གིས་སྐྱོང་བཞིན་པའི་སྐབས་རེད། ༡༩༤༧ ཕྱི་ཟླ་ ༨ ཚེས་ ༡༥ ཉིན་ཨིན་ཇིའི་རྒྱ་གར་ཐོག་མངའ་དབང་མཇུག་བསྡུས་ནས་རྒྱ་གར་རང་བཙན་བསྐྱར་གསོ་བྱ་རྒྱུ་གཏན་འཁེལ་ཟིན། རང་བཙན་བྱུང་རྗེས་རྒྱ་གར་གྱིས་ཤར་གླིང་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མའི་དབུ་ཁྲིད་རྒྱུའི་དགོངས་ཚུལ་ལྟ་བུ་ཡོད་འདུག དེ་ལ་བརྟེན་ནས་ ༡༩༤༧ ཕྱི་ཟླ་ ༣ པ་དང་ ༤ པའི་ནང་ཤར་གླིང་ཨེ་ཤི་ཡའི་འབྲེལ་ལམ་གྱི་ཚོགས་ཆེན་དེ་ཚོགས་པ་རེད། ཨེ་ཤི་ཡ་འབྲེལ་ལམ་ཚོགས་ཆེན་ཚོགས་སྐབས་ནེཧ་རུས་འགོ་འཁྲིད་པའི་རྒྱ་གར་བར་བརྒལ་གཞུང་གི་བསམ་ཚུལ་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་རྒྱུ་དང་། རྒྱ་གར་རང་བཙན་བྱུང་རྗེས་བོད་དང་ཆབ་སྲིད་དཔལ་འབྱོར་ཆོས་རིག་གི་འབྲེལ་བ་ཡག་པོ་གཞག་རྒྱུའི་ཐུགས་འདོད་ཡོད་པ་ཧ་ཅང་གསལ་པོ་རེད། ཨེ་ཤི་ཡའི་འབྲེལ་ལམ་ཚོགས་ཆེན་ནང་རྒྱལ་ཁབ་ ༣༣ མགྲོན་འབོད་བྱས་པ་དེའི་ནང་བོད་དང་འབྲུག་ཚུད་ཡོད། དེ་དུས་རྒྱ་ནག་གོ་མིན་ཏང་གཞུང་གིས་བོད་པའི་སྐུ་ཚབ་གདན་འདྲེན་ཞུས་ན་མི་འགྲིགས་ཞེས་དགག་བྱ་ཤུགས་ཆེ་བྱས་ཡོད་རུང་། རྒྱ་གར་གཞུང་གིས་གསན་མེད། དེའི་རྗེས་སུ་བོད་ནས་ངེས་པར་སྐུ་ཚབ་དགོས་ཀྱི་ཡོད་ན། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་མཉམ་དུ་བཞུགས་དགོས། རྒྱ་ནག་དང་བོད་པའི་སྐུ་ཚབ་གཉིས་ཀ་རྒྱལ་ཁབ་གཅིག་གི་སྐུ་ཚབ་ཀྱི་ངོ་བོར་བརྩི་དགོས་ཞེས་བརྗོད་སྐབས་དེ་ལའང་རྒྱ་གར་གྱིས་གསན་མེད། སྐབས་དེར་གོ་མིན་ཏང་གཞུང་གི་གནོན་ཤུགས་རྒྱལ་སྤྱིའི་ནང་དེ་ཙམ་ཆེན་པོ་མེད་པར་བརྟེན། རྒྱ་གར་ལ་གནོན་ཤུགས་སྤྲད་ཐུབ་མེད། མཐའ་མ་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཐ་དད་གདན་འདྲེན་ཞུས་པ་རེད། བོད་གཞུང་སྐུ་ཚབ་ཀྱི་དབུ་ཁྲིད་བསམ་ཕོ་ཐའི་ཇི་ཟེར་བ་དེ་དང་ཁོང་ཚོ་མི་བཞི་ལྔ་ཞིག་ཡོད་འདུག ཁོང་ཚོ་ལྡི་ལིར་འབྱོར་རྗེས་རྒྱ་མིའི་སྐུ་ཚབ་ཚོས་བོད་པའི་སྐུ་ཚབ་རྣམས་དང་མཇལ་འཕྲད་ཀྱིས་བོད་པའི་སྐུ་ཚབ་རྣམས་ལ་ཁྱེད་ཚོར་འགྲོ་སོང་ཧ་ཅང་ཆེན་པོ་ཡོད་ཀྱི་རེད། བཞུགས་ས་གང་ལེགས་དང་། ཕེབས་འཁོར་གང་རྫིག་ཅིག་དགོས་ཀྱི་རེད། འགྲོ་གྲོན་ཐུགས་འཛེམས་གནང་མི་དགོས། རྒྱ་ནག་སྐུ་ཚབ་ཚོས་མཉམ་དུ་གཏོང་གི་ཡིན་ཞེས་མང་པོ་བཤད་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་བོད་པའི་སྐུ་ཚབ་ཚོས་གསན་མི་འདུག གལ་ཏེ་འགྲོ་གྲོན་ཁོང་ཚོར་བཏང་བཅུག་ཡོད་ན་རྒྱ་གར་གྱི་བསམ་དོན་དང་། འབད་རྩོལ་དོན་མེད་དུ་འགྲོ་རྒྱུ་རེད།
ད་དུང་ཡ་མཚན་པ་ཞིག་ལ། ཚོགས་ཆེན་དེ་དེང་སྐབས་སྤྱན་གཟིགས་ཁང་གི་མདུན་གྱི་ཐང་ཆེན་དེར་དབུ་གུར་ནང་ཚོགས་འདུག དེའི་སྡིངས་ཆའི་རྒྱབ་ཏུ་ཨེ་ཤི་ཡ་ཡོངས་རྫོགས་ཀྱི་ས་ཁྲ་བྲིས་ཡོད། དེའི་ནང་སིམ་ལའི་ཆིངས་ཡིག་གི་མེཀ་མོ་ཧོན་ས་ཐིག་གཞིར་བཟུང་བོད་དང་རྒྱ་ནག་གཉིས་རྒྱལ་ཁབ་གཉིས་ཀྱི་ངོ་བོར་ལོགས་སུ་བྲིས་ཡོད་པར་བརྟེན། རྒྱ་མིའི་སྐུ་ཚབ་ཀྱིས་ས་ཁྲ་དེ་འགྲིག་གི་མི་འདུག གལ་ཏེ་ས་ཁྲ་དེ་མ་ཕབ་ན་ང་ཚོ་ཚོགས་འདུར་ཡོང་གི་མིན་ཞེས་བཤད་འདུག དེ་དུས་སྡིངས་ཆ་བཟོ་མཁན་དང་མཛེས་བཀོད་བྱེད་མཁན་ནང་ཨེལ་པི་ཇེན་ (L. P. Jain) ཞེས་པ་ཀོང་རེ་སེ་ཚོགས་པའི་ན་གཞོན་མགོ་ཁྲིད་ཁོངས་ཡོད་འདུག ཁོང་སྔ་ལོ་གྲོངས་སོང་། ཁོང་གིས་དེབ་གཅིག་ཀྱང་བྲིས་ཡོད་རུང་། ད་ལྟ་པར་སྐྲུན་བྱས་ཡོད་མེད་མི་ཤེས། ཁོང་གིས་སྐབས་དེའི་དངོས་བྱུང་གི་གནས་ཚུལ་ཕྲན་ལ་གསུངས་པ་ལྟར་ན། རྒྱ་མིས་ཉིན་ལྟར་འདེད་གཤར་བཏང་ཡང་། ཁོང་གིས་རི་མོ་འབྲི་མཁན་སོགས་ཕར་ཁག་ཚུར་དཀྲིས་བྱས་ཏེ་གང་ལྟར་ཚོགས་འདུ་མ་གྲོལ་བར་ས་བཀྲ་བརྗེ་པོ་བརྒྱབ་མི་འདུག སྐབས་དེ་དུས་ཀྱི་པར་ལ་གཟིགས་ན་བོད་ཀྱི་ས་ཁྲ་གསལ་པོ་ཡོད། དིལླཱི་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་ཨེ་ཤི་ཡ་འབྲེལ་ལམ་ཚོགས་ཆེན་སྐོར་ཉམས་ཞིབ་ཀྱི་དེབ་གཅིག་བཏོན་ཡོད་པ་དེའི་ནང་དུའང་ས་ཁྲ་དེ་རོབ་ཙམ་ཞིག་གསལ་ཡོད།
དེ་ནས་དཀའ་ངལ་ཆེ་ཤོས་གཞན་ཞིག་གང་བྱུང་བ་རེད་ཅེ་ན། རྒྱལ་ཁབ་ཚང་མས་རྒྱལ་གླུ་གཏོང་རྒྱུ་དང་། རྒྱལ་དར་བཀྲམ་དགོས། ཁྱེད་ཚོས་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གོ་སྒྲིག་གནང་དགོས་བརྗོད་སྐབས་གཞི་ནས་རྒྱལ་གླུ་དང་རྒྱལ་དར་གྱི་དགོས་མཁོ་བྱུང་བ་རེད། དེ་དུས་བོད་ལ་རྒྱལ་དར་དང་རྒྱལ་གླུའི་ཐ་སྙད་ཙམ་ཡང་མེད་པའི་སྐབས་ཤིག་རེད། སྐབས་དེར་གྲྭ་བཞི་དམག་སྒར་གྱི་དམག་དར་ཞིག་ཡོད་འདུག དེ་ནི་ཡུ་ནི་ཡན་ཇེཀ་ (Union Jack) ལྟ་བུ་ཞིག་ཡོད། ད་ལྟའི་ང་ཚོའི་རྒྱལ་དར་དེ་རེད། དེ་ང་ཚོའི་རྒྱལ་དར་ཡིན་ཞེས་སྐུ་ཚབ་ཚོའི་གསོལ་ཅོག་མདུན་དུ་བཀྲམས་ཡོད། དར་ཆ་དེ་བོད་ཀྱི་རྒྱལ་དར་གྱི་ངོ་བོར་འཕྱར་བ་ཐེངས་དང་པོ་ཡིན་ཚོད་འདུག རྒྱལ་གླུའི་ཚུལ་དུ་བསམ་ཕོ་ཐའི་ཇི་ཁོང་རྣམ་པ་ཚོས་གཞས་ཤིག་བཏང་བ་རེད་ཟེར་གྱི་འདུག གཞས་དེ་ལ་མིང་ཞིག་འདུག་ཀྱང་། ད་ལྟ་དེ་ངས་བརྗེད་འདུག དེ་ནས་རྒྱལ་གླུ་དང་རྒྱལ་དར་གྱི་ཐ་སྙད་ཙམ་བྱུང་འདུག་ཀྱང་། རྒྱལ་གླུ་ངོ་མ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས་མ་གཏོགས་མེད།
དེ་དུས་བོད་ཀྱི་སྐུ་ཚབ་ཚོས་ཐོག་མ་བདག་ཉིད་ཆེན་པོ་གཱནྡྷཱི་མཇལ་རྒྱུའི་དགོངས་པ་འཁོར་མེད་ཚོད་འདུག དེར་མི་ཚང་མ་གཱནྡྷཱི་མཇལ་བར་འགྲོ་བ་གཟིགས་དུས་གཞི་ནས་གཱནྡྷཱི་མཇལ་རྒྱུའི་དགོངས་པ་འཁོར་ཏེ་དུས་ཚོད་ཞུ་སྐབས། གཱནྡྷཱིས་དུས་ཚོད་ཚང་མ་ལས་རིམ་གྱིས་ཁེངས་ཟིན་འདུག འོན་ཀྱང་བོད་པའི་སྐུ་ཚབ་དང་མ་མཇལ་ན་མི་འགྲིགས་པས། ཉིན་གུང་ང་ཁ་ལག་བཟའ་དུས་ཕེབས་ན་འགྲིག་གམ་ཞེས་གསུངས་འདུག དེ་ནས་ཁོང་ཚོ་དུས་ཚོད་དེར་བཅར་ནས་རུམ་གདན་དང་གོས་ཆེན་སོགས་ཕྱག་རྟགས་མང་པོ་ཕུལ་འདུག གཱནྡྷཱིས་ཁྱེད་ཚོས་གནང་བའི་ཕྱག་རྟགས་འདིའི་ནང་ང་ལ་བེད་སྤྱོད་ཡོད་པ་གཅིག་ཀྱང་མི་འདུག ཁྱེད་ཚོས་གསོལ་རས་གནང་བ་ཡིན་སྟབས། མ་ཞུས་ན་འགྲིག་གི་མ་རེད། ངའི་རེ་འདུན་གཙོ་བོར་བོད་དེ་ནང་པའི་རྒྱལ་ཁབ་ཅིག་རེད། བོད་པའི་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་འགྲེལ་བཤད་རྒྱག་སྟངས་ཇི་ལྟར་ཡིན། དེའི་སྐོར་ང་ལ་བཀའ་སློབ་ཅིག་གནང་ཐུབ་ན་ཕན་ཐོགས་ཡོང་བ་འདུག་ཅེས་གསུངས་དུས། ཁོང་ཚོས་གསུང་རྒྱུ་གང་ཡང་བྱུང་མི་འདུག གཱནྡྷཱི་དང་བོད་པའི་སྐུ་ཚབ་མཇལ་སྐབས་ཀྱི་བཀའ་མོལ་ཆ་ཚང་སྐུ་ཞབས་པེ་ཡ་རེ་ལཱལ་ (Pyarelal) གྱིས་བརྗེད་ཐོ་བཀོད་པ་དེ་ད་ལྟའང་ཡོད། དེ་བཞིན་བསམ་ཕོ་ཐའེ་ཇི་ཡིས་ཚོགས་ཆེན་ལ་གནང་བའི་གསུང་བཤད་དེ་ཡང་ཡིག་ཐོག་ལ་འདུག གསུང་བཤད་གཞན་དང་བསྡུར་དུས་ངོ་གནོང་དགོས་པ་ཞིག་འདུག བོད་ཀྱི་སྐུ་ཚབ་རྣམ་པ་སྣེ་ལེན་གནང་མཁན་ཌོཀ་ཊར་ས་རོ་ཇི་ནི་ནཡ་ཌུ་ (Doctor Sarojini Naidu) བསྐོས་འདུག མོ་ཡང་མཐའ་མ་ཕྲན་བུའི་འུ་ཐུག་པ་ལྟ་བུ་བྱུང་ཚོད་འདུག གང་ལགས་ཤེ་ན། སྐུ་ཚབ་རྣམ་པ་ཕྱིར་ལོག་གནང་ཁར་མོས་རྒྱ་གར་གཞུང་དང་ང་རང་སྒེར་ངོས་ནས་བོད་ཀྱི་དོན་དུ་ཞབས་འདེགས་གང་ཡོང་ཞུས་ཡོད། མཐའ་མ་གནད་དོན་ཇི་འགྱུར་ཁྱེད་ཚོའི་ཕྱག་ལ་ཡོད་པ་མ་གཏོགས། ང་ཚོས་བྱེད་ཐུབ་ཐབས་གང་ཡང་མེད་ཅེས་ཞུས་འདུག དེས་ནེཧ་རཱུ་ཡང་ཧ་ཅང་ཡིད་ཐང་ཆད་ཡོད་པར་མངོན།
དེའི་མཇུག་ཏུ་རྒྱ་གར་རང་བཙན་བྱུང་འཕྲལ་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་ནེཧ་རཱུ་རང་གི་མཚན་ཐོག་ནས་ཕྱག་བྲིས་ཤིག་བཏང་ཡོད་པ་དེའི་ནང་རྒྱ་གར་རང་བཙན་བྱུང་སོང་། རྒྱ་གར་ཨིན་ཇིའི་མངའ་འོག་ཏུ་ཡོད་སྐབས་བཞག་པའི་གྲོས་ཆོད་དང་ཆིངས་ཡིག་ལས་རིམ་རྣམས་ལ་འགྱུར་བ་མེད་པར་མུ་མཐུད་བརྩི་བཀུར་ཞུ་རྒྱུ་ཡིན། ད་ཆ་རྒྱ་གར་རང་བཙན་བྱུང་བ་ཡིན་སྟབས། གྲོས་ཆོད་དང་ཆིངས་ཡིག་གསར་པ་བཞག་དགོས་པ་དང་། བསྐྱར་བཅོས་བྱེད་དགོས་པ། འགྱུར་བ་གཏང་དགོས་པ་གང་ཡོད་རིམ་པས་བཀའ་མོལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག ལྷ་རབ་བྱུང་ན་ནེཧ་རཱུས་ཕྱག་བྲིས་ཚུར་མ་གནང་སྔོན་དུ་བོད་གཞུང་ངོས་ནས་རྒྱ་གར་རང་བཙན་བྱུང་བ་ལ་བཀྲིས་བདེ་ལེགས་ཞུ་བ་དང་མཉམ་དུ་ངོས་ལེན་ཞིག་གནང་དགོས་ཀྱང་དེ་འདྲ་གནང་རྒྱུ་ཕར་ཞོག ཟླ་བ་དྲུག་ཙམ་བར་ཡིག་ལན་ཡང་བཏང་མེད་ཚོད། བོད་པའི་ངག་རྒྱུན་དུ་གནས་སྐབས་གཟབ་གཟབ་བལྟས་ན་མ་གཏོགས་དྷོ་ཏཱི་གྱོན་མཁན་དེ་ཚོས་ཁུངས་འཁྱོལ་ཨེ་ཡོང་ཞེས་བཀའ་ཤག་ནང་བཀའ་མོལ་བྱུང་ཡོད་པའི་བཤད་སྲོལ་ཡོད། དེ་ནས་ཟླ་དྲུག་རྗེས་བཏང་བའི་ཡིག་ལན་ནང་ང་ཚོར་ངེས་པར་དུ་བཀའ་བསྡུར་ཞུ་རྒྱུ་ཡོད། ཀ་ལོན་སྦུག་དང་རྡོ་རྗེ་གླིང་གི་ས་མཚམས་སྐོར་གཞི་ནས་བཀའ་མོལ་ཞུ་རྒྱུ་ཡིན། ཞེས་ཧ་ལམ་དེ་རྣམས་བོད་ཁོངས་ཡིན་ཚུལ་ལྟ་བུ་འཁོད་ཡོད་འདུག ཡི་གེ་དེ་རྣམས་བོད་གཞུང་གི་ཡིག་ཆའི་ནང་ད་ཆ་མི་རྙེད། རྒྱ་གར་གཞུང་གི་ཡིག་ཆའི་ནང་ཡོད་པ་རྣམས་ད་ལྟ་གསང་བའི་ཡིག་ཆའི་ཁོངས་ནས་གསང་བ་མིན་པའི་ཡིག་ཆའི་ཁོངས་སུ་བཏོན་མེད། དངོས་གནས་བྱས་ན་ལོ་ལྔ་བཅུ་རེ་རྗེས་སུ་ཡིག་ཆ་དེ་ཚོ་ཕྱིར་བཏོན་གྱི་ཡོད། ཡིན་ནའང་ད་ལྟ་བཏོན་མི་འདུག ཡིག་ཆ་དེ་ཚོ་དངོས་སུ་མ་མཐོང་ཡང་། ཡི་གེ་དེ་འདྲ་བཏང་བ་སྐབས་དེའི་རྒྱ་གར་གྱི་དབུ་ཁྲིད་ཚོའི་ནང་ཡོངས་གྲགས་རེད། དེ་ནས་བཟུང་རྒྱ་གར་གཞུང་གིས་བོད་དེ་ང་ཚོའི་རེ་བ་བཞིན་ཡོང་ཐུབ་པ་མི་འདུག དེ་ལས་རྒྱ་མིའི་ཆ་ཤས་རེད་ཅེས་བཤད་ན་བརྟན་ས་རེད་སྙམ་པའི་བསམ་བློ་ཤུགས་ཆེ་ཞིག་བྱུང་ཡོད་ཚོད་འདུག ཁོང་ཚོས་བཤད་སྟངས་ལྟར་ན་བོད་པ་རང་གིས་བོད་དེ་དེང་རབས་ཅན་དུ་བསྒྱུར་ཐུབ་པ་མི་འདུག དེ་ལས་ཨིན་ཇིས་བསྐྱངས་པའི་སྲིད་བྱུས་བཞིན་ང་ཚོས་ཀྱང་བོད་རྒྱ་མིའི་ཁོངས་སུ་བཞག་ན་ཡག་ས་རེད་ཅེས་ཕྱི་ལོ་ ༡༩༥༡ ལོའི་བྱུང་རིམ་རྣམས་དེ་འདྲ་བྱས་ནས་བྱུང་བ་རེད། དེ་ལྟར་བོད་པའི་དབུ་ཁྲིད་རྣམས་ལ་གདེང་ཚོད་མ་ལོན་པ་དང་། ཡིད་ཆེས་འཕེར་བའི་འབྲེལ་ལམ་མ་བྱུང་བར་བརྟེན། རྒྱ་གར་གཞུང་ལ་བོད་པས་རང་མགོ་མི་ཐོན་པའི་བསམ་ཚུལ་ཞིག་མུ་མཐུད་བྱུང་བ་རེད། དེའི་དབང་གིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་༧སྐྱབས་མགོན་རིན་པོ་ཆེ་དང་ཐོག་མར་མཇལ་སྐབས་རྒྱ་གར་གྱི་སྲིད་བློན་ནེཧ་རཱུ་ཧ་ཅང་འདྲོགས་པ་རེད། ཁོང་སྐར་ཆ་ཁ་ཤས་ཤིག་འགུལ་བསྐྱོད་དང་ཁ་གྲག་རྒྱུ་མེད་པར། ཧོན་འཐོར་བ་ལྟ་བུ་ཆགས་པར་བརྟེན། སྐུ་མདུན་ནས་ཕར་ཕྱག་བཏང་བ་དང་གཞི་ནས་དྲན་པ་གསོས་པ་ལྟ་བུ་བྱུང་ཚུལ་སྐུ་མདུན་ནས་བཀའ་གནང་གི་ཡོད། ནེཧ་རཱུ་ལ་བོད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་ངས་སྔོན་མ་ནས་ཤེས་ཡོད་ན་ང་ཚོའི་བྱེད་སྟངས་དེ་འདི་འདྲ་རྩ་བ་ནས་མ་རེད་བསམས་པ་དེ་བྱུང་ཡོད་ཚོད་འདུག དེ་ནས་ནེཧ་རཱུ་རྒྱ་གར་དུ་ཕྱིར་ལོག་གནང་ནས་ཕྱི་ལོ་ ༡༩༥༦ ལོར་༧སྐྱབས་མགོན་རིན་པོ་ཆེ་རྒྱ་གར་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་སྟོན་ཐོག་གདན་འདྲེན་ཞུས་པ་རེད། དེ་ནི་ནང་དོན་ཆབ་སྲིད་རང་རེད་མ་གཏོགས། མཧཱ་བོདྷི་ཚོགས་པས་ (Maha Bodhi Society) རང་འགུལ་ཐོག་ནས་བྱས་པ་ཞིག་མ་རེད། མཧཱ་བོདྷི་ཚོགས་པའི་ངོས་ནས་རྒྱལ་བ་པཎ་ཆེན་གཉིས་གདན་འདྲེན་ཞུས་སྐབས་རྒྱ་ནག་གཞུང་གིས་མཧཱ་བོདྷི་ཚོགས་པ་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆུང་ངུ་ཞིག་རེད། དེའི་མགྲོན་འབོད་ལ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཕེབས་ན་འགྲིག་ཐབས་མེད་ཅེས་བཤད་པར་བརྟེན། བདུན་ཕྲག་གཉིས་ནང་རྒྱ་གར་གཞུང་རང་གིས་གདན་འདྲེན་མགྲོན་ཤོག་ཕུལ་བ་རེད། དེ་ལྟར་༧སྐྱབས་མགོན་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྒྱ་གར་དུ་ཕེབས་ཐུབ་པ་ལས་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེན་པོ་བསྐྱངས་ཐུབ་པ་བྱུང། ནེཧ་རཱུས་རྒྱ་གར་གྲོས་ཚོགས་ནང་ངའི་བསམ་བློ་དེ་རྟག་ཏུ་མི་ན་གཞོན་དེའི་ཕྱོགས་སུ་འགྲོ་ཞེས་གསུངས་པ་དེ་དོན་དུ་ནེཧ་རཱུའི་བསམ་བློ་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་འགྲོ་བ་རེད། ཕྱི་ལོ་ ༡༩༤༧ ནས་བཟུང་བོད་གཞུང་དང་འབྲེལ་བ་བྱེད་རྒྱུའི་ལས་རིམ་གང་ཞིག་བརྩམས་ཀྱང་ལམ་ལྷོང་མ་ཕྱིན་པ་དེས་ནེཧ་རཱུའི་བསམ་བློའི་ནང་ཧ་ཅང་ཐང་ཆད་པ་དང་ཡི་མུག་པ་ཞིག་ཡོད་པ་དེ་སྐུ་མདུན་མཇལ་བ་དང་སངས་པ་ལྟ་བུ་ཞིག་བྱུང་འདུག རྒྱ་གར་གྱིས་སྐུ་མདུན་གྱི་དབུ་ཁྲིད་ཀྱི་ནུས་པ་དེ་སྔར་ནས་ཚོད་མ་ཐིག་པ་དང་། དེ་ཤེས་དུས་ཧ་ཅང་ཕྱིས་པོ་ཆགས་ཟིན། དེ་ཚོ་ཕྱི་ལོ་ ༡༩༥༩ བར་གྱི་ང་ཚོ་བོད་ཀྱི་བྱུང་རབས་ནང་བྱུང་རིམ་གལ་ཆེ་བ་རྣམས་རེད།
ད་དུས་ཚོད་ཀྱིས་རྐྱེན་པས་འདིར་མཚམས་འཇོག་ཞུ་རྒྱུ་ཡིན། ཕལ་ཆེར་དེའི་བར་གྱི་བྱུང་རིམ་གལ་ཆེ་བ་ལུས་མེད་སྙམ། འོན་ཀྱང་དུས་ཚོད་མ་འདེང་བའི་དབང་གིས་བྱུང་རིམ་གལ་ཆུང་བ་མང་པོ་ལྷག་སོང་། ཁྱེད་ཚོས་ཉམས་ཞིབ་དང་ཐུགས་སྣང་གནང་རྒྱུའི་འདུན་པ་ཡོད་ན་འདི་དང་འདི་བྱུང་བ་རེད་ཅེས་མ་བཞག་པར། དེའི་རྒྱབ་ཏུ་མངོན་གསལ་དོད་པོ་མེད་པའི་རྒྱུ་མཚན་གང་དང་གང་འདུག དེ་བྱུང་བའི་རྗེས་སུ་བོད་པའི་ཆབ་སྲིད་དང་སྤྱི་ཚོགས་ལ་ཕན་གནོད་གང་བྱུང་འདུག དེ་ཚོ་གཟིགས་ན་གསལ་པོ་མེད་པ་རྣམས་གསལ་པོ་ཆགས་པའི་གོ་སྐབས་ཡོད། ངས་སྐད་ཆ་བཤད་སྐབས་གྲངས་ཀ་དང་ལོ་ཚིགས་ནོར་ཡོད་ན་ཁྱེད་ཚོས་མ་ནོར་བར་གསན་རོགས་གནང་། ཐུགས་རྗེ་ཆེ།། །།

དྲི་བ་དྲིས་ལན།

དྲི་བ། ཕྱི་ལོ་ ༡༩༣༢ ནས་འབྲི་ཆུ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་གནད་དོན་དེ་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་བྱུས་ལ་སོགས་པ་དེ་ཚོའི་ནང་གླེང་སློང་བྱེད་ཀྱི་ཡོད་རེད། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནས་བབ་གང་འདྲ་ཡིན་པའི་སྐོར་བཀའ་ལན་ཞིག་གནང་རོགས་ཞུ་རྒྱུ་དང་། གལ་སྲིད་རིན་པོ་ཆེའི་དགོངས་ཁྲོལ་ཡོད་ན་མི་རིགས་ས་ཁོངས་རང་སྐྱོང་གི་ཡིག་ཆ་རྒྱ་ནག་ལ་ཕུལ་བ་དེ་རང་གི་ཐོག་ལ་དྲི་བ་ཞིག་ཡོད།
བཀའ་ལན། ཕྱི་ལོ་ ༡༩༣༢ ལོར་དམག་མཚམས་ཆོད་པའི་ཆིངས་ཡིག་དེ་འཕྲལ་སེལ་རེད། དེའི་ནང་དོན་གནད་གང་ཡོད་ངས་ཞིབ་ཚགས་ཀློག་རྒྱུ་མ་བྱུང་། གང་ལྟར་དེ་གཏན་འཇགས་ཀྱི་ཆིངས་ཡིག་ཅིག་མ་རེད། ང་ཚོ་འདིར་དམག་མཚམས་གཞག་རྒྱུ་ཡིན། ས་མཚམས་ཀྱི་ཐག་གཅོད་མ་བྱུང་བར་དུ་སུའི་དབང་སྒྱུར་འོག་ཡོད་པ་དེ་རང་གཞག་རྒྱུ་ཡིན་ཞེས་དེང་སང་རྒྱལ་ཁབ་ཕན་ཚུན་གྱི་བཤད་སྟངས་ལྟར། དེ་དུས་ Line of control རྒྱ་མིས་ཟིན་ཡོད་ན་རྒྱ་མིའི་འོག་དང་། བོད་པས་ཟིན་ཡོད་ན་བོད་པའི་འོག་ཏུ་བསྡད་རྒྱུ་དང། རྗེས་སུ་རིམ་པས་བཀའ་མོལ་གནང་ནས་ཐག་གཅོད་བྱེད་ཀྱི་ཡིན་ཞེས་ཐག་གཅོད་མ་བྱུང་བའི་འཕྲལ་སེལ་གྱི་གནས་སྟངས་ཤིག་རེད། དེ་དང་མི་རིགས་ས་གནས་རང་སྐྱོང་གི་བར་དུ་འབྲེལ་བ་གང་ཡང་མེད། དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་ཆགས་སྔོན་གྱི་སྐད་ཆ་ཞིག་རེད། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་རྗེས་དེ་སྔ་གང་ཡོད་པ་ཚང་མ་རང་བཞིན་གྱིས་ནུས་མེད་ཆགས་ཟིན། དོན་ཚན་བཅུ་བདུན་ནང་བོད་དེ་མི་རིགས་ས་གནས་རང་སྐྱོང་གི་ཁུལ་གཅིག་ལ་ངོས་ལེན་བྱས་པ་ཙམ་མ་གཏོགས། མི་རིགས་ས་གནས་རང་སྐྱོང་དེའི་ས་མཚམས་གང་ཡིན་པ་དེ་གསལ་ཆ་བཀོད་མེད་སྟབས། རྗེས་སུ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཐོག་ནས་རང་སྐྱོང་ལྗོངས་བཀོད་སྒྲིག་བྱེད་སྐབས་ཕྱི་ལོ་ ༡༩༣༢ དང་ ༡༩༣༣ སྐབས་སུ་གང་ཡོད་པ་དེ་རང་འཇགས་བཞག་ནས་ལག་ལེན་ལ་ཕྱིན་པ་རེད། དེ་ལ་ཕྱོགས་གཉིས་ཀས་རྩོད་གླེང་བྱས་མེད། གང་ལྟར་རྒྱ་མིའི་འོག་ཏུ་ཆགས་ཟིན་སྟབས། ས་མཚམས་ཀྱི་སྐད་ཆ་དེ་གནད་འགག་ཆེན་པོ་ཆགས་ཀྱི་མེད།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་སྐོར་གསུངས་ཀྱི་ཡོད་ན། ངས་ད་ལྟའི་གནས་སྐབས་སུ་དེའི་སྐོར་འགྲེལ་བརྗོད་བྱ་རྒྱུའི་གནས་བབ་ཡོད་མེད་མི་ཤེས། ད་ལྟ་ཁྱེད་རང་གིས་ཡིག་ཆ་དེ་གསུངས་ཀྱི་ཡོད་དམ།

དྲི་བ། ཡིག་ཆ་དེ་སྔོན་མ་ ༢༠༠༨ ཕྱི་ཟླ་ ༡༠ པའི་ནང་ལ་ཕུལ་བ་རེད། དེ་དུས་རིན་པོ་ཆེ་མཆོག་འགན་ཁུར་མཁན་གྱི་མི་སྣ་ཞིག་ཆགས་ཡོད་དུས། ཚིག་སྦྱོར་ཁག་ཅིག་ཐོག་བཀའ་འདྲི་ཞུ་རྒྱུ་ཡིན།
དང་པོ། བོད་གཅིག་གྱུར་གྱི་ངོ་བོར་བརྩི་བཀུར་དགོས་པ་ཞེས་པ་དེའི་ནང་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ནང་གི་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སྐབས། བོད་མི་ཚོས་ས་ཡ་དྲུག་གམ་བོད་མི་ཡོངས་སུ་རྫོགས་པ་ཟེར་བ་དེ་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་ནང་གི་བོད་རིགས་གཉིས་ལ་ཁྱད་པར་ཡོད་དམ། ཡོད་ན་ང་ཚོས་གང་ལ་ངོས་འཛིན་བྱེད་དགོས་སམ།

གཉིས་པ། བོད་མིའི་མངོན་འདོད་ཟེར་བ་དེའི་དོན་ཚན་གསུམ་པའི་ནང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡིན་ཞེས་པ་དེ་དང་འབྲེལ་བའི་ཐོག་ནས་འགྲིག་འཇགས་བྱུང་བའི་ཉིན་མོ་ནས་བརྩི་བཀུར་བྱ་རྒྱུ་ཡིན་ཟེར་བ་ལྟ་བུའི་དོན་ཡིན་ན་གནས་སྟངས་གཅིག་རེད་ཀྱང་། ད་ལྟ་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་ཡོང་དུས་དེའི་གཞི་གང་དང་ས་མཚམས་གང་ནས་ང་ཚོས་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་བ་དེ་ཆགས་ཀྱི་ཡོད་མེད། སྤྱིར་བཏང་གི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ལ་བཟོ་བཅོས་རྒྱག་ཐུབ་ཀྱི་མ་རེད། རྒྱ་གཞུང་དང་བོད་མིའི་ལྟ་ཚུལ་ཐ་དད་ཡོད་རེད་ཅེས་ཡིག་ཆ་གཉིས་པ་དེའི་ནང་གསལ་འདུག་ཀྱང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཟེར་བའི་ཡོད་སྒྲ་དེ་སྦྱར་ཡོང་དུས་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ། དེ་ཚོའི་ཐོག་ནམ་རྒྱུན་སོ་སོའི་སེམས་ནང་ལ་ཚོར་བ་ཆེན་པོ་ཡོད་སྟབས། བཀའ་འདྲི་འདི་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཞུ་གི་ཡོད། ཐུགས་རྗེ་ཆེ།

བཀའ་ལན། གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ནང་ནས་བོད་པ་དེ་མི་རིགས་གཅིག་ལ་མ་གཏོགས་བརྩི་གི་མེད་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོའི་གཟིགས་སྟངས་དང་ང་ཚོའི་ལྟ་སྟངས་གཅིག་པ་རེད། ད་ལྟ་བོད་པའི་མི་རིགས་ཡོད་སའི་ས་ཁྱོན་དང་བོད་པའི་མི་རིགས་རྣམས་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་དེ་འདྲའི་ནང་དབྱེ་བ་ཕྱེ་བ་དང་། ཡང་ཁ་ཤས་རང་སྐྱོང་གཞན་པའི་ཆ་ཤས་ལ་བཏགས་ནས་གང་ལྟར་བོད་ཆོལ་ཁ་གསུམ་གྱི་མི་རིགས་རྣམས་དུམ་བུ་བཅུ་གཅིག་ལ་བགོས་ནས་འཛིན་སྐྱོང་བྱེད་ཀྱི་ཡོད། དུམ་བུ་བཅུ་གཅིག་ལ་བགོས་པ་དེ་རྣམས་བོད་རིགས་གཅིག་ཡིན་སྟབས། དེ་རྣམས་རང་སྐྱོང་ས་གནས་སམ་རང་སྐྱོང་ལྗོངས་གཅིག་གི་འོག་ཏུ་འདུས་དགོས་ཀྱི་འདུག་ཟེར་བ་དེ་ང་ཚོའི་ངོས་ནས་དགོས་འདུན་བཏོན་རྒྱུའི་དོན་ཚན་གཙོ་བོ་དེ་རེད། རྒྱ་ནག་གི་ཕྱི་ལོ་ ༢༠༠༠ གི་མི་འབོར་ཞིབ་བཤེར་ནང་བོད་མི་ས་ཡ་ལྔ་དང་གྲངས་ཆུང་ཁ་ཤས་ཤིག་འཁོད་འདུག དེའི་ནང་ཁོང་ཚོའི་ངོས་ནས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་དང་དེའི་ཕྱི་ལ་ཡོད་པའི་བོད་རིགས་ཚང་མ་བརྩིས་ཡོད། ང་ཚོས་ཀྱང་བོད་སྐད་རྒྱག་མཁན་དང་དབྱངས་གསལ་སོ་བཞིའི་སྐད་ཡིག་བེད་སྤྱོད་བྱེད་མཁན་རྣམས་བོད་རིགས་ལ་བརྩིས་པ་རེད། དེ་ལྟར་རྒྱ་མིའི་ངོས་ནས་གྲངས་ཉུང་མི་རིགས་ཀྱི་ལྟ་སྟངས་དང་བོད་པའི་ངོས་ནས་ལྟ་སྟངས་ལ་ཁྱད་པར་མེད། གྲངས་འབོར་ཁྱད་པར་ཡོད་སྲིད། ང་ཚོས་རྟག་ཏུ་ས་ཡ་དྲུག་ཅེས་བཤད་ཀྱི་རེད། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཞེས་པ་དེ་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་བདག་དབང་གང་ཡོད་པ་དེ་ལ་ཟེར་གྱི་ཡོད། དེ་བོད་སྐད་ནང་ལ་གསར་པ་ཞིག་རེད། གཅིག་བྱས་ན་གོ་མི་བདེ་བ་ཡོད་སྲིད། དོན་དུ་ཨིན་སྐད་ནང་ Territorial integrity ཟེར་བ་དེ་རེད། We recognize the territorial integrity of the People Republic of China དེས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་ས་ཁྱོན་གྱི་བདག་དབང་ (Territorial integrity) གཅིག་གྱུར་ལ་ང་ཚོས་རྩོད་པ་རྒྱག་གི་མེད་ཅེས་བརྗོད་ཀྱི་ཡོད། དེའི་རྒྱབ་ལྗོངས་གང་རེད་ཅེ་ན། རྒྱ་མིའི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ནང་ཧ་ལམ་ང་ཚོས་ས་ཆ་གཅིག་ཟུར་དུ་དགོས་ཀྱི་ཡོད་པ་ལྟ་བུའི་དྲིལ་བསྒྲགས་བྱེད་ཀྱི་ཡོད། རང་བཙན་རྩོད་ཀྱི་མེད་ནའང་ས་ཁྱོན་ལ་རྩོད་ཀྱི་ཡོད་པ་ལྟ་བུ་ཞིག་བཟོ་ཐབས་བྱེད་ཀྱི་འདུག དེ་དུས་ཀྱི་ཨ་རིའི་སྲིད་འཛིན་ཇི་མི་ཀ་ཊར་ (Jimmy Carter) རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གིས་ས་ཁྲ་ཞིག་བཀྲམས་ཏེ་བོད་ཆོལ་ཁ་གསུམ་ལ་སྣག་ཚ་དམར་པོས་ཐིག་འཐེན་ནས་ཏཱ་ལའི་བླ་མས་འདི་རྣམས་དགོས་ཞེས་ཟེར་གྱི་ཡོད། དེ་ནི་རྒྱ་ནག་གི་གསུམ་ཆ་གཅིག་རེད། ཇི་ཙམ་ཧམ་པ་ཆེན་པོ་མ་རེད་དམ་ཅེས་བཤད་དུས། ཇི་མི་ཀ་ཊར་ལ་ལམ་སེང་ལན་བརྒྱབ་རྒྱུ་བྱུང་མི་འདུག དེ་ནས་ཚུར་འབྱོར་ནས་ལས་བྱེད་ཚོར་ཚོགས་གཏམ་བཏང་སྟེ། ང་ལ་གནས་ཚུལ་ངོ་སྤྲོད་ཡག་པོ་བྱས་མི་འདུག ང་ལ་ལབ་རྒྱུ་གང་ཡང་མ་བྱུང་ཞེས་བཤད་འདུག དེར་བརྟེན་ས་ཁྱོན་གྱི་བདག་དབང་ལ་ཀླན་ཀ་མི་བྱེད་རྒྱུ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་ནས་ང་ཚོས་བོད་དོན་འགྲིགས་ཆགས་ཀྱི་ཐབས་ལམ་བཙལ་གྱི་ཡོད་ཅེས་བཤད་དུས་གནས་ཚུལ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད། རྒྱ་ནག་གི་མངའ་དབང་དང་ས་ཁྱོན་གྱི་བདག་དབང་གཉིས་ལ་ངོས་ལེན་མ་བྱས་ན་རྩ་ཁྲིམས་ངོས་ལེན་བྱས་མེད། རྩ་ཁྲིམས་ངོས་ལེན་མ་བྱས་ན་རྩ་ཁྲིམས་ཀྱི་ཆ་རྐྱེན་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་རྣམས་རྩོད་རྒྱུའི་གཞི་རྩ་མེད། དེས་ན་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་རྗེས་ནས་ང་ཚོས་ས་ཁྱོན་གྱི་བདག་དབང་ཟུར་དུ་རྩོད་པའི་གནས་བབ་མེད་པ་དེ་གསལ་པོ་ཆགས་ཟིན། ད་ལྟ་ང་ཚོས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་འགྲིག་ཆགས་ཀྱི་ཐབས་ལམ་ཞིག་འཚོལ་སྐབས་མ་འོངས་པར་འགྲིགས་ན་ས་ཁྱོན་གྱི་བདག་དབང་ལ་ང་ཚོས་ངོས་ལེན་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་དེ་བསྡད་མེད། ད་ལྟ་ང་ཚོས་ས་ཁྱོན་གྱི་བདག་དབང་ངོས་ལེན་པའི་ཐོག་ནས་རྒྱ་ནག་གཞུང་དང་འགྲིག་ཆགས་ཀྱི་ཐབས་ལམ་བཙལ་གྱི་ཡོད། གནས་སྐབས་དེ་ལ་ས་ཁྱོན་གྱི་བདག་དབང་ངོས་ལེན་བྱས་པའི་དབང་གིས་ང་ཚོའི་འགྲིགས་ཆགས་ཀྱི་ཐབས་ལམ་ལ་ཞན་ཆ་དང་མ་ཚང་བ་ཡོང་རྒྱུའི་གནས་སྟངས་གང་ཡང་མེད།

དྲི་བ། ཕྱི་ལོ་ ༡༨༨༨ ནས་ ༡༩༠༤ བར་ལ་ཨིན་ཇི་དང་འབྲེལ་བའི་སྐབས་ཤིག་ལ་བཀའ་ཤག་ནང་་བློན་ཆེན་བཤད་སྒྲས་ལྐོག་ཟ་རུལ་སུང་བྱས་མེད་དམ་ཞེས་དོགས་པ་ཞིག་བྱུང་ཡོད་ཚོད་འདུག། མི་མང་ནང་ལའང་ཤོད་མཁན་བྱུང་། མཐའ་མ་དེར་ལྷ་ལ་ཞུ་སྲོལ་ཡོད་པ་བཞིན་གནས་ཆུང་ལ་བཀའ་འདྲི་ཞུས་སྐབས། གནས་ཆུང་གིས་ཀྱང་བློ་ཕྱི་གཏད་དང་གྲོད་པ་ནང་གཏད་བཀའ་ཤག་ནང་འདུག་ཅེས་བཀའ་ལུང་ཕེབས་སྐབས། བཀའ་ཤག་ལྷན་འཛོམས་གནང་ནས་གནས་ཆུང་རང་ལ་དེ་སུ་ཡིན་མིན་གསལ་པོ་གསུང་རོགས་ཞུ་དུས། གནས་ཆུང་ཏོག་ཙམ་ཁྲོས་ནས་སྐུ་ཡལ་བ་རེད་ཟེར་གྱི་འདུག། གང་ལྟར་མི་འདི་དང་འདི་རེད་ཅེས་བཀའ་གནང་ཡོད་མ་རེད། གཉིས་པ་དེའི་ཐོག་ཞིབ་དཔྱོད་ཚོགས་ཆུང་བཙུགས་ནས་མཐའ་མ་དེར་རྒྱལ་བ་རིན་པོ་ཆེའི་བཀའ་འབྲེལ་ཐོག་བཀའ་བློན་བཤད་སྒྲ་སོགས་གོ་གནས་ཕབ་ནས་ནོར་བུ་གླིང་གར་དོ་དམ་བྱས་པ་རེད་ཟེར་བའི་གནས་ཚུལ་ཞིག་འདུག དེར་བརྟེན་ཞིབ་དཔྱོད་ཐོག་ནས་སྐྱོན་ཐོན་ནས་གོ་གནས་ཕབ་པ་ཡིན་ནམ། ཡང་ན་ལྷ་ཡིས་ལུང་བསྟན་གནང་ནས་གོ་གནས་ཕབ་པ་ཡིན། དེ་བཀའ་ལན་ཞིག་གནང་རོགས་གནང་།

བཀའ་ལན། ལྷ་ཡི་ལུང་བསྟན་དེ་ཚོ་གསལ་པོ་མེད། ཕལ་ཆེར་གསལ་པོ་གོ་བའི་ནུས་པ་དེ་མི་ལ་མེད་པ་ཡིན་ནམ། གང་ལྟར་མ་འོངས་ལུང་བསྟན་མང་ཆེ་བ་རྗེས་སུ་ཧ་གོ་བ་མ་གཏོགས། སྔོན་ལ་ཤེས་མཁན་ཉུང་། རྗེས་མ་བྱུང་ཟིན་དུས་སྔོན་མ་ལུང་བསྟན་འདི་འདྲ་ཞིག་ཡོད་པ་དེ་ལ་ཟེར་གྱི་ཡོད་འདུག་ཅེས་བཤད་ཀྱི་རེད། གནས་ཆུང་གི་བཀའ་ལུང་ལ་བརྟེན་ནས་བཤད་སྒྲ་ལ་ཞིབ་དཔྱོད་བཙུགས་པ་ཞིག་ངས་ཤེས་ཀྱི་མེད། གང་ལྟར་རྒྱ་གར་ལ་སྐུ་ཚབ་དོན་གཅོད་ཕེབས་སྐབས་ཨིན་ཇི་དང་འབྲེལ་བ་གནང་དགོས་ཀྱི་འདུག དེ་མ་གནང་ན་ཡག་པོ་ཡོང་བ་མི་འདུག་ཞུས་པ་དེས་ལྐོག་ཟ་རུལ་སུངས་བྱས་མེད་དམ་སྙམ་པའི་དྭོགས་པ་བྱུང་ནས་ཞིབ་དཔྱོད་བྱས་པ་རེད། དེ་ཕལ་ཆེར་སྐུ་ངོ་ཞྭ་སྒབ་པའི་དེབ་ནང་ལའང་ཞིབ་ཚགས་པོ་ཡོད་སྙམ། གནས་ཆུང་གི་བཀའ་ལུང་ལ་བརྟེན་ནས་གླེང་གཞི་ཞིག་བྱུང་བ་མིན་ནམ་སྙམ་པའི་དྭོགས་གཞི་ཞིག་ཡོང་དགོས་དོན་ནི་བཤད་སྒྲའི་ཞུ་ཚིག་ནང་གནས་ཆུང་གིས་ཁོང་ལ་མཇལ་དར་ག་དུས་གནང་བ་དང་། གཟེངས་བསྟོད་ག་ཚོད་གནང་བ། མཉེས་པོ་ག་ཚོད་གནང་བ་དེ་འདྲ་མང་པོ་བཀོད་པ་དེ་རེད། དེ་ནས་བཤད་ཞོལ་ཆང་གསུམ་གནས་སྐབས་སོ་སོའི་གཞིས་སྒར་ལ་བཞུགས་རྒྱུ་དང་། ཐག་ཆོད་མ་བྱུང་བ་དེ་༧སྐྱབས་མགོན་རིན་པོ་ཆེ་ཕྱི་ལ་ཕེབས་དགོས་བྱུང་བའི་དབང་གིས་ཡིན་ཚོད། དེ་སྐབས་ཁྲི་བློ་བཟང་རྒྱལ་མཚན་ལ་གནས་སྐབས་འདི་མུར་གཞག་དགོས་ཞེས་བཀའ་མངགས་གནང་བའི་བྱུང་ཚུལ་ཞིག་འདུག འོན་ཀྱང་མཐའ་མ་ཞིབ་དཔྱོད་འཁྲུན་ཐག་ཆོད་ནས་ཚང་མ་གཙང་མ་བྱུང་ཡོད། དེ་ཚང་མ་ལྷའི་ལུང་བསྟན་ལ་བརྟེན་ནས་ཐག་བཅད་ཡོད་མེད་ང་ལ་གསལ་པོ་ཞུ་རྒྱུ་མེད། ད་ལྟ་ཁྱེད་ཀྱིས་གསུངས་པ་བཞིན་གནས་ཆུང་གིས་དེ་འདྲ་གསུངས་པ་དང་སྐུ་ཡལ་ཕྱིན་པ་དེ་འདྲ་ངས་ཤེས་ཀྱི་མེད།

དྲི་བ། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསལ་བཤད་ནང་རང་བཙན་རྩ་བ་ནས་གསུངས་མེད་ཀྱང་། ད་དུང་ང་ཚོའི་སྤྱི་ཚོགས་ནང་མཁས་དབང་རེ་ཟུང་གིས་རང་བཙན་ལ་འགྲེལ་བཤད་མང་པོ་བརྒྱབས་ནས་དུས་ཆེན་གཏོང་རྒྱུ་དང་མ་འོངས་པར་ལས་འཆར་མང་པོ་སྤེལ་རྒྱུ་དེ་ལ་བརྟེན་ནས། དེང་སང་བོད་ཀྱི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་ལོ་ཉི་ཤུ་སུམ་ཅུའི་ནང་༧སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞི་ལ་ཡོད་པའི་འཚེ་མེད་དབུ་མའི་ལམ་དེ་མ་བྱུང་ན། བོད་པའི་གནས་སྟངས་དེ་ཐབས་སྐྱོ་པོ་ཞིག་ཆགས་རྒྱུ་བརྒྱ་ཆ་བརྒྱ་རེད། དེའི་ཐོག་མི་རེ་ཟུང་གིས་སྒྲོ་བཏགས་འགྲེལ་བཤད་གཞན་ཞིག་བརྒྱབས་ནས་སྤྱི་ཚོགས་ནང་དཀྲུགས་ཡོང་གི་འདུག རིན་པོ་ཆེས་མ་འོངས་པར་དེ་འདྲ་མི་ཡོང་བའི་ཆེད་བཀའ་སློབ་ལམ་སྟོན་ཞིག་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན། ལམ་སྟོན་བཀའ་སློབ་གནང་ནས་གང་ཕན་ཐོགས་གང་ཡང་མེད། ༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་སློབ་མང་པོ་ཕེབས་ཀྱི་ཡོད་པ་དེས་མ་ཕན་ན། ང་ཚོས་ཡང་བསྐྱར་ཞུས་ནས་ཕན་རྒྱུ་གང་ཡང་མེད། ང་ཚོ་རྡ་རམ་ས་ལར། རང་དབང་བྷག་ཡང་ཟེར་གྱིས། །མང་གཙོ་བྷག་ཡང་ཟེར་གྱིས། །བཤད་ནས་ཉན་མཁན་མེད་བྷག།།ཅེས་པའི་སྐད་ཆ་ཞིག་ཡོད། དེས་ན་རང་དབང་དང་མང་གཙོའི་སྐད་ཆ་མང་པོ་ཡོད་དུས་བཀའ་སློབ་གནང་ནས་ཕན་ཐོགས་མེད། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ཚང་མས་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་རྒྱལ་སྤྱིའི་གནས་སྟངས་གང་འདྲ་ཞིག་ཡོད། བོད་ནང་གི་གནས་སྟངས་གང་འདྲ་ཞིག་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་འགྲོ་ཕྱོགས། སྟོབས་ཤུགས་གང་འདྲ་ཞིག་ཡོད། དེ་ལ་བརྟེན་ནས་འབྱུང་འགྱུར་ང་ཚོ་བོད་པའི་རྩ་དོན་མ་བརླགས་པར་བྱེད་ཐབས་གང་འདྲ་ཞིག་བྱེད་དགོས་ཀྱི་ཡོད། དེའི་ཐོག་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་ཡང་དག་པ་གང་འདྲ་ཞིག་གནང་ཡོད། དེ་ལ་ང་ཚོས་ཡིད་ཆེས་བློ་གཏད་བྱེད་ན་ཐ་ཞན་ལ་མི་འགྲོ་བའི་གདེང་ཚོད་གང་འདྲ་ཞིག་ཡོད། དེ་ཚོ་ཧ་ཅང་གསལ་པོ་རེད། དེ་ཚོ་དངོས་གནས་མ་མཁྱེན་པའམ་མ་མཁྱེན་པའི་ཚུལ་གནང་གི་ཡོད་ནའང་འདྲ། གང་ལྟར་དེ་ཚོའི་རིགས་ལ་གདོང་ལེན་བྱེད་རྒྱུ་དང་བཀའ་སློབ་གནང་རྒྱུ་གཉིས་ཀ་ཕན་ཐོགས་གང་ཡང་ཡོད་མ་རེད་བསམ་གྱི་འདུག མི་རིག་པ་ཡི་གཟུགས་ལའང་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་འཚལ། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་སྣང་མེད་བཏང་སྙོམས་གཞག་རྒྱུ་དང་། ཡང་ན་སྙིང་རྗེ་དང་བཟོད་པའི་ཡུལ་དུ་གཞག་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག། །།