སུད་སི་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་ལོ་ ༢༠ འཁོར་བའི་མཛད་སྒོ་ཐོག་གསུང་བཤད།

བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༢༤ ལྷ་བབ་དུས་ཆེན་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོར་གསར་འཕྲིན་དང་འབྲེལ་བའི་ལེགས་ཉེས་བླང་དོར་དང་། བོད་མི་རིགས་ཀྱི་སྐད་ཡིག་གལ་ཆེ་ཡིན་པའི་སྐོར་བསྩལ་པའི་བཀའ་སློབ། །

Swiss 2ད་རིང་ཚོགས་འདུར་ཕེབས་པའི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ། སུད་སི་དང་ལིཀ་ཏེན་སིཊཡན་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་ཚོགས་མི་རྣམ་པ། སུད་སི་དང་ལིཀ་ཏེན་སིཊཡན་བོད་མིའི་གསར་འཕྲིན་དང་དྲ་རྒྱའི་རྩོམ་སྒྲིག་སྤྱི་ཁྱབ་འགན་འཛིན་དང་ཚོགས་མི་རྣམ་པ། འདི་གའི་ས་གནས་སྐུ་ཚབ་དོན་གཅོད་མཆོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ། མི་མང་བཅས་ཚང་མར་ཐོག་མ་འཚམས་འདྲི་བཀྲིས་བདེ་ལེགས་དང་། དེ་རིང་མཇལ་བར་དགའ་པོ་བྱུང་ཞུ་རྒྱུ་ཡིན།
སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་ངོས་ནས་མགྲོན་འབོད་གནང་བ་བཞིན་ང་འདིར་ཐེངས་ཁ་ཤས་སླེབས་ཚར་བ་རེད། ད་ལོ་ཡོང་མི་དགོས་ན་བསམས་པ་བྱུང་། ག་དུས་ཡིན་ནའང་སྐུ་མགྲོན་གཅིག་མ་གཏོགས་མེད་པའི་བཟོ་འདྲ་བྱེད་ན་ཁྱད་མཚར་རེད། འདི་ནས་ཕྱག་བྲིས་གནང་བ་མ་ཟད། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱིས་ངེས་པར་དུ་འགྲོ་ཐུབ་པ་བྱུང་ན་ཡག་པོ་འདུག་ཅེས་རྒྱབ་གཉེར་གནང་གི་འདུག དེར་བརྟེན་ད་རིང་འདིར་དུས་ཚོད་ཐུང་ངུ་ལས་མེད་རུང་ཁྱུག་ཙམ་བཅར་བ་ཡིན། དེ་སྔ་དུས་ཚོད་འཆར་གཞི་སྒྲིག་སྐབས་ཚེས་གྲངས་བལྟ་རྒྱུ་གང་ཡང་བྱུང་མེད། རེས་གཟའ་སྤེན་པ་དང་ཉི་མ་གང་རུང་འཁེལ་བ་ཞིག་དགོས་ཞེས་གསུངས་པར་བརྟེན། ཁ་སང་སོ་ལོ་ཝ་ཀི་ཡ་ནས་འབྱོར་རྒྱུ་དང་། དེ་རིང་གཟའ་ཉི་མ་འདིར་བཅར་ན་འགྲིག་གི་འདུག་གམ་ཞུས་སྐབས། ད་ག་རང་འགྲིག་གི་འདུག་ཅེས་གསུངས་པ་རེད། རྗེས་སུ་བལྟས་དུས་ལྷ་བབ་དུས་ཆེན་འཁེལ་འདུག དངོས་གནས་བྱས་ན་ལྷ་བབ་དུས་ཆེན་ཉིན་ཚང་མ་ཕྱག་མཆོད་འབུལ་དང་། དགེ་སྦྱོར་ཉམས་ལེན་གནང་སྟེ་བཞུགས་དགོས་པའི་དུས་ཚོད་ཅིག་རེད་དེ། ད་རིང་འདིར་ཚོགས་འདུའི་ནང་ཕེབས་དགོས་བྱུང་བ་རེད། ད་རང་ལམ་ནས་ཡོང་སྐབས་མུ་མཐུད་ཆར་པ་བཏང་བར་བརྟེན། མི་ཉུང་ཉུང་མ་གཏོགས་མེད་པའི་ཚོད་དཔག་བྱས་པ་ཡིན། འོན་ཀྱང་མི་ཧ་ཅང་མང་པོ་ཕེབས་འདུག
ད་ལྟ་གོང་དུ་གསུང་བཤད་གནང་མཁན་ཚོས་བཀའ་གནང་བ་བཞིན། སུད་སི་བོད་རིགས་མི་མང་དེ་ཕྱི་རྒྱལ་དུ་ཁྲིམས་མཐུན་གྱི་ཐོག་ནས་བོད་མི་གཞིས་ཆགས་འབྱོར་སྔ་ཤོས་གྲས་རེད། ལིཀ་ཏེན་སིཊཡན་གྱི་བོད་མི་ཚོ་རྗེས་སུ་ཕེབས་པ་ཞིག་རེད། སུད་སིར་བོད་མི་སྔོན་ལ་འབྱོར་བ་ཙམ་དུ་མ་ཟད། སྐྱབས་བཅོལ་གྱི་གནས་བབས་ཐོག་མའི་སྐབས་སུ་ཡིན་པར་བརྟེན། མི་རབས་རྒན་པ་དང་། མཁྱེན་ཡོན་ཡོད་པའང་མང་པོ་འབྱོར་ཡོད་རེད། དེ་ལ་བརྟེན་ནས་ས་གནས་འདིའི་སྒྲིག་འཛུགས་དེ་ནུབ་ཕྱོགས་རྒྱལ་ཁབ་ནང་བོད་རིགས་སྒྲིག་འཛུགས་རྙིང་ཤོས་དང་། ཆབ་སྲིད། སྤྱི་ཚོགས། དཔལ་འབྱོར་གང་ཅིའི་ཐོག་ཕྱག་ལས་ཞབས་འདེགས་མང་པོ་གནང་མཁན་ཞིག་ཆགས་ཡོད་པར་བརྟེན། རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
གསར་འཕྲིན་ནི་སྔོན་མ་དང་མི་འདྲ་བར་དེང་སང་མང་ཆེ་བ་ཚོང་ལས་རེད། དཔར་བརྒྱབས་པའི་གསར་འཕྲིན་ཡིན་ནའང་རེད། གཟུགས་མཐོང་བརྙན་འཕྲིན་དང་དྲ་རྒྱའི་གསར་འཕྲིན་ཡིན་ནའང་ཚོང་ལས་དང་འབྲེལ་བ་མེད་པ་ཧ་ལམ་མེད། ལྷག་པར་དུ་ཡིག་ཐོག་ལ་དཔར་བསྐྲུན་བྱས་པའི་གསར་འཕྲིན་དེ་ཚོ་རྒྱུན་རིང་གནས་ཐུབ་པ་ཁག་པོ་རེད། རྒྱ་གར་ནང་གི་བོད་པའི་སྤྱི་ཚོགས་ལ་གཟིགས་ན། གསར་འཕྲིན་དང་། བདུན་རེའི་གསར་ཤོག ཟླ་རེའི་གསར་ཤོག དུས་དེབ། ཉམས་ཞིབ་ཀྱི་དུས་དེབ་སོགས་ཧ་ཅང་མང་པོ་ཞིག་འཐོན་གྱི་ཡོད་རེད། ང་སྔོན་མ་སྒྲིག་འཛུགས་ནང་ཡོད་སྐབས། དྷ་རམ་ས་ལར་ཡོད་པའི་གསར་འཕྲིན་ཁག་གྲངས་ཀ་རྒྱག་དུས་ཆེ་ཆུང་བསྡོམས་པའི་དགུ་བཅུ་གོ་གྲངས་ཤིག་འདུག ཞིབ་ཚགས་ཐོག་ནས་གཟིགས་ན་དེ་ཚོ་མང་ཆེ་བ་ཚེ་ཐུང་ཐུང་ཤ་སྟག་རེད། ཁ་ཤས་ལོ་གཉིས་དང་། ཁ་ཤས་ལོ་ལྔ་། རིང་ན་ལོ་བརྒྱད་དང་དགུ་རེད། དེ་ནས་ཡལ་འགྲོ་བ་རེད། འོན་ཀྱང་སུད་སི་བོད་རིགས་གསར་འཕྲིན་ལོ་ ༢༠ བར་དུ་འཚོ་ཐུབ་པ་རེད། སྤྱིར་བཏང་ལོ་ ༢༥ དང་། ལོ་ ༥༠ ལོ་ ༡༠༠ མ་གཏོགས། ལོ་ ༢༠ འཁོར་བའི་དུས་དྲན་བརྩི་སྲོལ་ནུབ་ཕྱོགས་པའི་ལམ་སྲོལ་ནང་ཧ་ལམ་མེད། འོན་ཀྱང་གསར་ཤོག་ཅིག་ལོ་ ༢༠ ལྷག་གནས་ཐུབ་པ་དེས་ལོ་ ༢༠ འཁོར་བའི་དུས་དྲན་གནང་ནའང་ཏན་ཏན་གནང་རིན་ཆོག་པ་རེད་བསམ་གྱི་འདུག ད་རེས་ལོ་ ༢༠ འཁོར་བའི་དུས་དྲན་འདིའི་ཐོག་གསར་འཕྲིན་གྱི་ཕྱག་ལས་གནང་མཁན་ཚོ་དང་། ས་གནས་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། མང་ཚོགས་བཅས་ཚང་མས་ད་དུང་གསར་འཕྲིན་འདི་ལོ་ ༣༠ ཐམ་པ་གནས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་འདི་ལས་རྒྱས་ཙམ་གནང་ཐུབ་རྒྱུའི་དམ་བཅའ་དང་། ཐུགས་སྨོན་གནང་ན་ཡག་པོ་ཡོད་རེད།
སར་འཕྲིན་ནི་སྤྱི་ཚོགས་ནང་ཆབ་སྲིད་དང་། དཔལ་འབྱོར། ཆོས་དང་ལེགས་བྱང་། སྐད་ཡིག་ཚང་མའི་ཐོག་འབྲེལ་བ་ཡོད་པའི་ལས་དོན་ལ་བརྩི་བ་རེད། བོད་པའི་སྤྱི་ཚོགས་ནང་གསར་འཕྲིན་ཁག་རྒྱུན་རིང་གནས་མི་ཐུབ་པ་དེ་གཙོ་བོ་ཀློག་པ་པོ་ཉུང་དྲགས་པའི་སྐྱོན་རེད། གསར་འཕྲིན་དང་དུས་དེབ་རྣམས་ཀློག་པ་པོའི་དཔལ་འབྱོར་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གནས་དགོས་སྟབས། ཀློག་མཁན་ཉུང་ཉུང་ཆགས་སྐབས་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེང་སང་པར་སྐྲུན་བྱེད་མི་དགོས་པར་དྲ་རྒྱའི་ཐོག་གཞག་རྒྱུ་དེས་དཀའ་ངལ་ཕྲན་བུ་བསངས་པའི་བཟོ་འདྲ་ཞིག་རེད། ཡིན་ནའང་དྲ་རྒྱའི་ཐོག་ཡོད་པ་དེས་པར་སྐྲུན་བྱས་པ་དེའི་ཚབ་བྱེད་ཐུབ་ཐབས་མེད། དྲ་རྒྱའི་བརྒྱུད་ལམ་ཐ་དད་ཅིག་རེད། པར་སྐྲུན་བརྒྱུད་ལམ་དེ་གཞན་ཞིག་རེད། དེ་གཉིས་རྒྱུན་རིང་ཐུང་དང་ཕུགས་བརྟན་ལོད། རྒྱུན་གནས་ཐུབ་མིན་སྣ་ཚོགས་རེད། དེས་ན་དྲ་རྒྱ་དང་གསར་འཕྲིན་གཉིས་མཉམ་གནས་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད།
དག་ཉིད་ཆེན་པོ་གཱནྡྷཱིས་གསར་འགྱུར་བརྒྱུད་ལམ་དེ་གལ་ཆེན་པོར་བརྩིས་ཏེ་རང་གི་སྐུ་ཚེའི་ནང་ཧ་རི་ཇན་(Harijan)དང། ཡང་ཨིན་ཌི་ཡ་(Young India)ལྟ་བུའི་གསར་འཕྲིན་ཁག་བཞི་ལྔ་ཙམ་གྱི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་ལས་རྒྱུན་རིང་གནང་བ་རེད། ཉིན་ལྟར་སྔ་དྲོ་བཞེངས་མ་ཐག་གསར་འཕྲིན་ནང་བཀོད་རྒྱུའི་གསལ་བསྒྲགས་མདོར་བསྡུས་རེ་དཔོད་བྲིས་གནང་གི་ཡོད་རེད། དེ་ནི་ཁོང་གི་ཉིན་རེའི་འཆར་ཅན་གྱི་མཛད་རིམ་ལྟ་བུ་ཞིག་རེད། དེང་སང་ང་ཚོས་གཱནྡྷཱིའི་སྐབས་ནས་བྱུང་བའི་ཧ་རི་ཇན་དང་ཡང་ཨིན་ཌི་ཡ་གཉིས་ཀ་པོ་ཏི་མང་པོའི་རང་བཞིན་ལ་མཇལ་རྒྱུ་ཡོད་པ་དང་། གཱནྡྷཱིའི་དགོངས་པ་ཧ་ཅང་མང་པོ་ཞིག་དེ་ནས་རྟོགས་ཐུབ་པ་ཡོང་རྒྱུ་དེ་གསར་འཕྲིན་དེ་ཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད།
གཱནྡྷཱིས་ཧིནྡསྭརཱཇྱ་ཞེས་པའི་ཕྱག་དེབ་གྲགས་ཅན་དེ་ལྗགས་རྩོམ་གནང་སྐབས། དེའི་སྔོན་གླེང་ལྟ་བུ་དེ་གསར་འཕྲིན་གྱི་སྐོར་རེད། དེའི་ནང་གསར་འགྱུར་བརྒྱུད་ལམ་ཁག་ལ་ལས་འགན་གསུམ་ཞིག་བཀའ་གནང་ཡོད། ལས་འགན་དང་པོ་དེ། སྤྱི་ཚོགས་ནང་གལ་ཆེའི་གནས་ཚུལ་མ་རྟོགས་པ་ཡོད་ན་འཕྲལ་འཕྲལ་རྟོགས་ཐུབ་པ་བཟོ་རྒྱུ་དང་། དེའང་ཆ་ཚང་ལ་མ་ཚང་བ་མིན་པ། མགོ་ཡོད་མཇུག་མེད་དང་མཇུག་ཡོད་མགོ་མེད་མིན་པ། གནས་ཚུལ་གསལ་པོ་ཤེས་རྒྱུའི་ཚབ་ཏུ་གོ་བ་ལོག་སྒྲུབ་མི་ཡོང་བ། གནས་ཚུལ་རྣམས་ཡང་དག་པ་དང་། བདེན་པ། ངོ་མ་ཡིན་པ། ལྷག་པར་དུ་གནས་ཚུལ་དེ་ཕྱོགས་སུ་མ་ལྷུང་བར་བློ་གཟུ་བོར་གནས་པའི་ཐོག་ནས་མང་ཚོགས་སར་བསྐྱེལ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། ལས་འགན་གཉིས་པ་དེ། སྤྱི་ཚོགས་ནང་ཡང་དག་པ་མ་ཡིན་པའི་བསམ་ཚུལ་དང་སྤྱོད་ཚུལ་གང་མཐོང་བ་དེ་ཚོ་གསར་འགྱུར་བརྒྱུད་ལམ་གྱི་ནང་ནས་གསལ་སྟོན་བྱེད་དགོས་ཤིང་། དཔེར་ན་ཁྱེད་ཚོའི་བསམ་བློ་འདི་ཡང་དག་པ་མ་རེད། འདི་འགྱུར་བ་གཏོང་དགོས། ཡང་དག་པ་མ་ཡིན་པའི་རྒྱུ་མཚན་འདི་དང་འདི་རེད། སྤྱོད་ལམ་འདི་ཡང་དག་པ་མ་རེད། འདི་ཡ་རབས་བཟང་སྤྱོད་དང་མི་མཐུན། འདི་འགྱུར་བ་གཏོང་དགོས་ཞེས་ཐད་ཀར་རྣག་ཐོག་གཙག་འགེལ་གྱི་ཐེར་འདོན་ཉིན་རེ་བཞིན་བྱེད་ཐུབ་པ་མ་ཟད། དུས་ཚོད་ངེས་ཅན་ནང་བྱེད་ཐུབ་པ་དགོས་རྒྱུ་དེ་བརྒྱུད་ལམ་གྱི་ལས་འགན་གཉིས་པ་རེད་ཅེས་གསུངས་ཡོད། ལས་འགན་གསུམ་པ་དེ། སྤྱི་ཚོགས་ཀྱི་བསམ་བློ་དང་སྤྱོད་པ་ཡར་རྒྱས་གཏོང་རྒྱུ་དེ་རེད། ལྷག་པར་དུ་སྤྱི་ཚོགས་ཀྱི་བསམ་ཚུལ་(public opinion)ཟེར་བ་དེ་གལ་ཆེན་པོ་ཞིག་རེད། མང་ཚོགས་ཀྱི་བསམ་ཚུལ་འགྲོ་ཕྱོགས་དང་ལམ་ཕྱོགས་གསལ་པོ་ཡོད་དགོས་པ་དེ་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐོག་གལ་ཆེན་པོ་རེད། དེས་ན་མང་ཚོགས་ཀྱི་བསམ་ཚུལ་མེད་པ་གསར་སྐྲུན་བྱེད་ལམ་ཡག་ཤོས་དེ་གསར་འགྱུར་བརྒྱུད་ལམ་ཁག་རེད། དེའི་བརྒྱུད་ནས་མི་མང་ནང་སྔར་མེད་པའི་བསམ་ཚུལ་གསར་པ་བསྐྲུན་རྒྱུ་དང་། སྔར་ཡོད་པ་ཡར་རྒྱས་གཏོང་རྒྱུ་དེ་དགོས་པ་གཙོ་བོ་ཞིག་རེད་ཅེས་གསུངས་ཡོད། དེ་ལྟར་གསར་འཕྲིན་གྱི་དགོས་དམིགས་གསུམ་གསལ་སྟོན་གནང་བ་རེད།
ཕྱིས་ཀྱི་རྒྱ་གར་གྱི་མཁས་པ་ཁ་ཤས་ཀྱིས་པར་སྐྲུན་བརྒྱུད་ལམ་གྱི་ལས་འགན་བཞི་པ་ཞིག་ཀྱང་བསྣན་ཏེ། དེ་ཡིས་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས་བཅས་ལ་ཕན་ཐོགས་པ་དགོས་ཞེས་བཤད་ཀྱི་ཡོད་རེད། དེའང་བདེན་བདེན་འདྲ་ཞིག་རེད། ད་ལྟ་ང་ཚོའི་གསར་འཕྲིན་དེ་དག་ཧ་ཅང་རྒྱ་ཆེན་པོ་མ་རེད། ཀློག་པ་པོ་སྟོང་ཕྲག་དང་ཁྲི་ཕྲག་དེ་འདྲ་གང་ཡང་མེད་ལ། ཉིན་རེ་ཉིན་རེའང་འཐོན་གྱི་མེད་རུང་། པར་སྐྲུན་གྱི་གསར་འཕྲིན་ཁག་ལ་བརྟེན་ནས་སྐད་ཀྱི་འགྲོ་སྟངས་དང་། རྩོམ་སྒྱུར་ལ་འགྱུར་བ་མང་པོ་ཞིག་འགྲོ་མུས་རེད། རྒྱ་མི་བོད་ལ་སླེབས་པའི་རྗེས་སུ་བོད་རིགས་མི་མང་ཉིན་རེའི་གསར་འགྱུར་ཟེར་བ་དང་། རང་སྐྱོང་ཁུལ་དང་རང་སྐྱོང་ལྗོངས་བཅས་སུ་གསར་འཕྲིན་མང་པོ་ཐོན་པའི་དབང་གིས་བོད་སྐད་ལ་མངོན་གསལ་དོད་པོས་འགྱུར་བ་ཐེབས་ཡོད། དེང་སང་རྒྱ་གར་ལ་ཆ་བཞག་ན། དུས་བབ་དང་བང་ཆེན། དེ་བཞིན་གཞུང་འབྲེལ་གྱི་ཤེས་བྱ་སོགས་བརྒྱུད་ལམ་མང་པོ་ཞིག་ཡོད་རེད། དེ་ཚོའི་དབང་གིས་ཡི་གེའི་དག་ཆ་དང་། ཡི་གེའི་འགྱུར་འགྲོས་ལ་ཧ་ཅང་དོ་ཕོག་འགྲོ་མུས་རེད། ཁ་ཤས་ཀྱིས་འདི་འདྲ་བརྗོད་ཀྱི་ཡོད་ཅིང་། འདི་དེ་རང་འགྲིག་གི་ཡོད་རེད། དུས་བབ་ནང་དེ་འདྲ་འབྲི་གི་འདུག ཤེས་བྱའི་ནང་དེ་འདྲ་འབྲི་གི་འདུག་ཅེས་དེ་ཚོ་ཁུངས་གཟུང་ས་ལྟ་བུ་བྱེད་ཀྱི་ཡོད། སྤྱིར་གསར་འགྱུར་བརྒྱུད་ལམ་ཁག་དང་། ལྷག་པར་དུ་པར་སྐྲུན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐད་ཡིག་གང་གི་ནང་འདོན་གྱི་ཡོད་རུང་། སྐད་ཡིག་དེའི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མ་འགལ་བ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། རྒྱ་གར་ནང་ཧིནྡཱིིས་མཚོན་པའི་ས་གནས་ཀྱི་སྐད་ཡིག་མང་པོའི་ཐོག་གསར་འཕྲིན་མང་པོ་ཡོད་པ་དེའི་དབང་གིས་སྐད་ཡིག་ཉམས་ཆག་དང་། སྐད་ཡིག་ཡར་རྒྱས་གཉིས་ཀ་མཉམ་དུ་འགྲོ་བའི་བཟོ་འདྲ་ཞིག་རེད། རྩོམ་སྒྲིག་པ་ཁ་ཤས་ཀྱིས་ཕལ་སྐད་གཙོ་འདོན་ཐོག་ནས་འབྲི་རྒྱུར་དོ་སྣང་བྱས་པ་དེའི་དབང་གིས་རྒྱ་གར་གྱི་སྐད་ཡིག་ཚད་མཐོ་པོ་དེ་དག་ཉམས་ཆག་ཕྱིན་པའང་མང་པོ་ཡོད་རེད། དེ་ལྟར་གསར་འཕྲིན་བརྒྱུད་ལམ་གྱི་ལས་འགན་བཞི་པ་དེའི་ཐོག་ནས་གནང་ཐུབ་ན་སྤྱི་ཚོགས་དང་། རིག་པའི་གཞུང་ལུགས། ལེགས་བྱང་། བརྡ་སྤྲོད་གཙུག་ལག་བཅས་ཚང་མར་ཞབས་འདེགས་ཞུ་བའི་བརྒྱུད་ལམ་ཞིག་ཏན་ཏན་ཆགས་ཀྱི་རེད། གང་ལྟར་ཉིན་རེ་ཉིན་རེར་གསར་འགྱུར་ལན་བསྐྱལ་ཐུབ་ཙམ་མ་ཡིན་པར། ད་ལྟ་ངས་གོང་དུ་ཞུས་པའི་དམིགས་ཡུལ་དང་ལས་འགན་རྣམས་ཐུགས་ལ་མངའ་བའི་ཐོག་ནས་རྩོམ་སྒྲིག་གནང་ཐུབ་ན། ཏན་ཏན་རླབས་ཆེན་རེད་ཅེས་ཞར་བྱུང་ལ་ཞུ་ན་བསམས་བྱུང་།
Swiss 1ད་ལྟ་ངས་སྐད་ཆ་བཤད་རྒྱུའི་བརྗོད་གཞི་ནི་བོད་པའི་སྐད་ཡིག་གལ་ཆེ་ཡིན་པ་དང་དེའི་སྲུང་སྐྱོབ་སྐོར་རེད་འདུག སྤྱིར་བཏང་སྐད་ཡིག་གལ་ཆེ་ཡིན་མིན་མང་ཚོགས་སོ་སོས་ཐག་གཅད་རྒྱུ་ཞིག་རེད། མི་རིགས་ཀྱི་མཚོན་རྟགས་གཙོ་བོ་ནི་སྐད་ཡིག་རེད། སྐད་ཡིག་ལས་གཞན་པའི་མི་རིགས་ཀྱི་མཚོན་རྟགས་ནོར་འཁྲུལ་མེད་པ་ཞིག་ཧ་ཅང་ཁག་པོ་རེད། གོས་གྱོན་སྟངས་དང་ཁ་ལག་ཟ་སྟངས་ཟེར་བ་དེ་ཚོ་མི་རིགས་གཅིག་གི་ནང་དུའང་མི་འདྲ་བ་མང་པོ་ཡོང་སྲིད། དེས་ན་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་མཚོན་རྟགས་དེ་སྐད་ཡིག་ལས་ལྷག་པའི་གཞན་གང་ཡང་མེད་པར་བརྟེན། སྐད་དང་ཡི་གེ་གཉིས་པོ་དང་པོ་དེ་རེད། འགྲོ་བ་མི་རིགས་ཡར་རྒྱས་འགྲོ་སྟངས་དང་། དེའི་མི་རིགས་ཀྱི་ཁྱད་པར་སྐོར་ལ་གནའ་སྔ་མོའི་སྐད་ཆ་བཤད་སྟངས་དང་། དེང་སང་སྐད་ཆ་བཤད་སྟངས་དབར་ཧ་ཅང་འགྱུར་བ་སོང་ཟིན། གནའ་སྔ་མོ་ཞེས་བརྗོད་སྐབས་ཤར་ཕྱོགས་ཀྱི་གནའ་རབས་ཀྱི་སྐད་ཆ་བཤད་ཀྱི་མེད། ལོ་བརྒྱ་ཕྲག་ཁ་ཤས་སྔོན་ལ་ནུབ་ཕྱོགས་ཀྱི་མི་ཚོའི་བསམ་བློ་གཏོང་སྟངས་དང་། ད་ལྟའི་ནུབ་ཕྱོགས་པའི་མི་ཚོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཟིན་པ་རེད། སྔོན་མ་ཡིན་ན་སྤྲ་དང་སྤྲེའུ་ཡར་རྒྱས་ཕྱིན་ནས་མི་ཆགས་པ་རེད་ཅེས་ཌར་ཝིན་(Darwin)གྱི་ལྟ་ཚུལ་དེ་ཤུགས་ཆེན་པོ་བཤད་ཀྱི་ཡོད། དེང་སང་ཚན་རིག་པ་ཚོས་ལུས་ཀྱི་རྡུལ་ཕྲན་ཕྲ་མོ་(DNA)ཟེར་བའི་སྐད་ཆ་ཞིག་བཤད་ཀྱི་ཡོད། ལུས་ཀྱི་རྒྱུ་ཆའི་རྡུལ་ཕྲན་ཕྲ་མོ་བྱུང་ཚུལ་གྱི་ཐོག་ནས་མི་རིགས་ཀྱི་ཁྱད་པར་བཤད་ན། སའི་གོ་ལ་འདིའི་ཐོག་མི་རིགས་ཉུང་ཉུང་མ་གཏོགས་མེད། དཔེར་ན་རྒྱ་མི་དང་། སོག་པོ། བོད་པ་རྣམས་ཨཱརྱའི་རིགས་མིན་པ་དེ་ཧ་ཅང་གསལ་པོ་རེད། ཨཱརྱའི་རིགས་མིན་སྟབས། གདོང་པ་སྒོར་སྒོར་དང་། སྣ་ཁུག་ཉག་ཉག མིག་ཆུང་ཆུང་ཡོད་པ་རྣམས་ DNA ཐོག་ནས་བལྟས་ན་གཅིག་པ་འདྲ་ཞིག་ཡོད་རེད། རྒྱ་མི་ཧན་མི་རིགས་དང་བོད་མི་རིགས་གཉིས་པོའི་ཐོག་མ་འབྱུང་ཁུངས་སྤྲེའུ་ནས་གཅིག་པ་ཡིན་ནམ། ཡང་ན་ཐ་དད་ཡིན་བཤད་རྒྱུ་གང་ཡང་མེད། ད་ལྟའི་གནས་སྐབས་ལ་Aryan དང་། Mongolian, Dravidian བཅས་གསུམ་ལ་ཕྱེ་སྐབས་ང་ཚོ་ཚང་མ་ Mongolian ནང་ཚུད་ཡོད། བོད་མི་རིགས་འདི་རྒྱ་མི་རིགས་ལས་ཐ་དད་ཡིན་པ་ཁུངས་བསྐྱལ་དགོས་པའམ། ཡང་ན་སོ་སོའི་བསམ་བློའི་ནང་ཐ་དད་ཡིན་པའི་འཛིན་པ་དམ་པོ་ཞིག་ཡོད་ན། དེ་ཐ་དད་ཡིན་པའི་རྒྱུ་མཚན་དང་སྒྲུབ་བྱེད་དེ་སྐད་དང་ཡི་གེ་ལ་མ་གཏོགས་མེད། སྐད་དང་ཡི་གེ་དེ་སུས་ཀྱང་བསྙོན་དུ་མེད་པའི་དན་རྟགས་ཤིག་རེད། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ལ་བརྟེན་པའི་བོད་པའི་སྐད་དང་དེ་མཚོན་བྱེད་ཀྱི་ཡི་གེ་དང་། རྒྱ་ནག་གི་མི་རིགས་གཞན་པ་ཚང་མའི་སྐད་དང་དེ་མཚོན་བྱེད་ཀྱི་ཡི་གེ་གཉིས་ཀྱི་དབར་འདྲ་མཚུངས་གང་ཡང་མེད། དཔེར་ན་རྒྱ་མིའི་སྐད་ཡིག་ལྟ་བུ་ཡིན་ན། དབྱངས་དང་གསལ་བྱེད་ཀྱི་དབྱེ་བ་མེད་པར། གཟུགས་བརྙན་ལ་བརྟེན་པའི་ཡི་གེ་ཤ་སྟག་རེད། གཟུགས་བརྙན་ལ་བརྟེན་པའི་ཡི་གེ་ཡིན་པར་བརྟེན། དབྱངས་གསལ་དང་སྔོན་རྗེས་སྦྱར་ནས་ཡི་གེ་བཟོ་རྒྱུ་དང་སྐད་ཆ་བཤད་ཐུབ་ཐབས་མེད་ཅིང་། ཚིག་རེ་རེ་ལ་ཡིག་གཟུགས་རེ་རེ་ལོགས་སུ་ཡོད་པ་ཞིག་རེད། བོད་ཀྱི་སྐད་ཡིག་ནི་དབྱངས་གསལ་གཉིས་ཀྱི་ཐོག་ནས་འགྲོ་བའི་སྐད་ཅིག་རེད། དེས་ན་མངོན་གསལ་དོད་པོས་ཐ་དད་ཡིན་པ་དེ་དབང་ཤུགས་ཐོག་ནས་གཅིག་པ་རེད་ཅེས་ལབ་ཐུབ་ཐབས་མེད་ལ། རིགས་ལམ་ཐོག་ནས་གཅིག་པ་རེད་ཅེས་སྒྲུབ་ཐུབ་ཐབས་མེད།
སྤྱིར་བཏང་ནས་མི་རིགས་ཞེས་པ་དེ་ཨིན་སྐད་ཀྱི་ནེ་ཤོན་(nation)དོན་དུ་བེད་སྤྱོད་གཏོང་བ་རེད། nation state theory ངོས་ནས་བལྟས་ན། མིའི་སྤྱི་ཚོགས་ཤིག་ལ་མི་རིགས་ཀྱི་ངོ་བོ་(nationhood)ཆགས་ཐུབ་པ་ཞིག་དགོས་ན། དེ་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་ཅིག་ཡོད་དགོས་པ་ནི་ཆ་རྐྱེན་དང་པོ་དེ་རེད། བོད་སྐད་ནང་མི་རིགས་ཞེས་པ་དེ་བེད་སྤྱོད་མང་པོ་ཞིག་ལ་གཏོང་མུས་རེད། དཔེར་ན་ཨིན་སྐད་ཀྱི་ nation དང་ race, ethnic སོགས་བོད་སྐད་དུ་རིགས་ཞེས་བསྒྱུར་བ་རེད། ལེགས་སྦྱར་གྱི་ཚིག་མི་འདྲ་བ་བཞིའི་དོན་དུའང་བོད་སྐད་ནང་རིགས་ཞེས་བེད་སྤྱོད་གཏོང་གི་ཡོད། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡིག་ཆ་གསར་པ་དེ་ཚོའི་ནང་ nation དང་ nationality ཟེར་བའི་ཚབ་ལ་ ethnic ཞེས་བེད་སྤྱོད་བཏང་འགོ་ཚུགས་ནས་ལོ་གང་ཙམ་ཕྱིན་པ་རེད། འདིའི་རྒྱབ་ཏུ་ཏན་ཏན་ངན་བྱུས་ཆེན་པོ་ཞིག་ཡོད་པ་དེ་བཤད་མི་དགོས། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཞེས་པར་ཨིན་སྐད་དུ་ nationality ཟེར་བ་འཁོད་ཡོད་པ་དེ་འགྱུར་བ་གཏོང་ཐབས་བྱེད་ཀྱི་འདུག ད་ལྟ་ཡོད་པའི་རྒྱ་ནག་གི་རྩ་ཁྲིམས་དེ་ལག་ལེན་གང་ཡང་བསྟར་གྱི་མེད་རུང་། དེའི་འགོ་བརྗོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་མི་རིགས་སྣ་མང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞེས་པར་ multi-national state དང་ multi-national country ཞེས་པའི་ཚིག་བེད་སྤྱོད་བཏང་ཡོད། དེ་ཡོང་མཚམས་ཤིག་ལ་ multi-ethnic ཞེས་པའི་ཚིག་འདི་བེད་སྤྱོད་བཏང་ན། nation ཞེས་པའི་དོན་དེ་རིམ་པས་བརླག་རྒྱུ་རེད། nation ཞེས་པའི་གནས་ཚད་ལ་སྐད་དང་ཡི་གེའི་ཐོག་ནས་སླེབས་དགོས། བོད་པའི་ནང་དུའང་དབུས་གཙང་དང་། ཁམས། ཨ་མདོ་གསུམ་དང་། དེ་བཞིན་ས་མཚམས་ཀྱི་མི་རིགས་ཚོའི་ནང་ ethnic ནས་བརྩི་ན། མི་འདྲ་བ་མང་པོ་རེད། ཡིན་ནའང་དེ་ཚོ་ཚང་མ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་བརྟེན་པའི་སྐད་ཡིག་བེད་སྤྱོད་གཏོང་གི་ཡོད་ན། བོད་མི་རིགས་ནང་གཏོགས་པ་དེ་གསལ་པོ་མཚོན་ཐུབ། མི་རིགས་རང་གི་མཚོན་རྟགས་བརླག་ན་མི་རིགས་ཀྱི་འཐབ་རྩོད་ཞེས་པ་དེ་རྫུན་མ་རེད། འཐབ་རྩོད་བྱེད་རྒྱུ་གང་ཡང་ལྷག་མེད། བོད་པ་འདི་མི་རིགས་(nationality)གཅིག་གི་ངོ་བོར་གནས་དགོས་ན། ངེས་པར་དུ་བོད་པའི་སྐད་ཡིག་དེ་སོ་སོའི་ཕ་སྐད་ཡིན་པ་ཙམ་དུ་མ་ཟད། དེ་རྒྱུན་འཛིན་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན་སྙམ་པའི་ཚོར་སྣང་ཡོད་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད།
སེར་རྟ་ནས་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྐད་ཡིག་སྐོར་གསུང་བཤད་གནང་བའི་ཕྱག་དེབ་ཅིག་ཐོན་ཡོད། ཁོང་ནུབ་ཕྱོགས་ཀྱི་སྐད་ཡིག་ཚན་རིག་སྐོར་ལ་མཁྱེན་རྒྱ་ཆེན་པོ་ཡོད་པའི་མཁས་དབང་ཞིག་རེད། དེའི་རྗེས་ལའང་ཕྱག་དེབ་གཞན་ཞིག་ཐོན་འདུག དེ་ཚོའི་ནང་སྐད་ཡིག་གི་སྐོར་དང་། སྐད་ཡིག་ཉམས་ཆག་འགྲོ་བའི་སྐོར། སྐད་ཡིག་ཉམས་ཆག་འགྲོ་བའི་མཚོན་རྟགས་གང་དང་གང་ཡིན་པ། སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་གང་དང་གང་ཡོད་པ་དེ་ཚོ་ཞིབ་ཚགས་པོས་བཀའ་གནང་འདུག བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་ཡོད་མཁན་ཚོ་དང་། ལྷག་པར་དུ་ཕྱི་རྒྱལ་ལ་བཞུགས་མཁན་ཚོས་ངེས་པར་དུ་ལྗགས་ཀློག་གནང་དགོས། ནུབ་ཕྱོགས་པའི་མི་དང་ཕན་ཚུན་བགྲོ་གླེང་བྱེད་དགོས་ན། དེང་རབས་སྐད་ཡིག་རིག་པའི་ཚན་རིག་དང་མཐུན་པའི་ཐོག་ནས་བཤད་དགོས་པ་ཞིག་རེད།
དེ་ནས་གོམ་པ་གཅིག་མདུན་ལ་སྤོས་ནས་གཟིགས་ན། བོད་པའི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྐད་ཡིག་ཡིན་པར་བརྟེན། ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ན། བོད་པ་རང་ལ་ཕལ་ཆེར་འགྲིག་གི་ཡོད་རུང་། འཇིག་རྟེན་ཁྱོན་ཡོངས་ལ་དེ་ཨ་ཕའི་ཁ་ཕོར་གཙང་ཞེན་ཟེར་བ་ཆགས་རྒྱུ་རེད། འཇིག་རྟེན་ཁྱོན་ཡོངས་ནས་གཟིགས་ན། རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། ལྷག་པར་དུ་སྟོན་པ་རྣམ་འདྲེན་བཞི་པས་ལེགས་པར་གསུངས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པ་དེ་དག་ཡོངས་སུ་རྫོགས་པ་དང་། ཆ་ཚང་བ་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་བོད་སྐད་ནང་ལ་མ་གཏོགས་མེད། བཀའ་འགྱུར་དང་བསྟན་འགྱུར་གཉིས་བསྡོམ་ན། ཆོས་ཚན་ ༥༡༠༠ ཡས་མས་ཤིག་ཡོད། དེའི་ནང་རྙིང་མའི་རྒྱུད་འབུམ་ཚུད་མེད། གལ་ཏེ་རྙིང་མའི་རྒྱུད་འབུམ་བསྡོམ་ན་ཕལ་ཆེར་ཆོས་ཚན་ ༥༣༠༠ ཡས་མས་ཤིག་ཆགས་རྒྱུ་རེད། ད་དུང་དེའི་ཐོག་ལོ་ཙཱ་བ་ཚོས་བསྒྱུར་རུང་ཕར་ཚུར་ཐོར་ནས་བཀའ་བསྟན་གྱི་དཀར་ཆག་ནང་མ་ཚུད་པ་དང་། ཡང་བཀའ་འགྱུར་བྲིས་མ་དེ་འདྲའི་ནང་ལ་ཡོད་པ་བཅས་ང་ཚོས་ཤེས་པ་ལའང་ཆོས་ཚན་ ༥༠ ཡས་མས་ཤིག་ཡོད། གང་ལྟར་ཉུང་མཐར་ཆོས་ཚན་ ༥༥༠༠ ཙམ་ཞིག་བོད་སྐད་ནང་བཞུགས་ཡོད། དེ་ཚོའི་ནང་ནས་ད་ལྟ་ལེགས་སྦྱར་དང་པཱལིའི་སྐད་ངོ་མའི་ནང་ཆོས་ཚན་ ༡༦༠ ཡས་མས་ཤིག་མ་གཏོགས་མེད། ༥༥༠༠ ཙམ་གྱི་ནང་ནས་ ༡༦༠ ཙམ་དེ་བརྒྱ་ཆ་ཧ་ཅང་ཉུང་ཉུང་རེད། དེས་ན་བརྗོད་དོན་དེ་དག་ལ་སློབ་སྦྱོང་བྱེད་དགོས་ན། བོད་སྐད་ལ་མ་བརྟེན་པར་འགྲོ་ས་མེད། ད་ལྟའི་གནས་སྐབས་ལ་འཇིག་རྟེན་ཁྱོན་ཡོངས་སུ་ནང་པའི་རིག་གནས་དང་། ནང་པའི་རིག་པའི་གཞུང་ལུགས། ལྷག་པར་དུ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་སྐོར་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་རེད། དེའི་དབང་གིས་བཀའ་འགྱུར་དང་བསྟན་འགྱུར་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་བསྒྱུར་རྒྱུའི་ལས་གཞི་འགྲོ་དང་འགྲོ་བཞིན་པ་རེད། དེ་ཡང་ནུབ་ཕྱོགས་པ་ཁོ་རང་ཚོས་དང་བླང་ཐོག་ནས་བྱེད་ཀྱི་ཡོད། བཀའ་འགྱུར་བསྒྱུར་རྒྱུའི་ལས་གཞི་དེ་ལ་ ༨༤༠༠༠ བསྒྱུར་འཆར་ (84000 translation project) བརྗོད་ཀྱི་ཡོད། སྔོན་མ་ཐོག་མ་འགོ་འཛུགས་སྐབས་སུ་ལོ་བརྒྱའི་འཆར་གཞི་རེད། ང་འདིར་ཡོང་ཁར་དེའི་བསྐྱར་ཞིབ་ཀྱི་ཚོགས་འདུར་ཕྱིན་པ་ཡིན། ད་ལྟ་ཁོང་ཚོའི་ཚོད་དཔག་ལྟར་ན། ལོ་བརྒྱའི་འཆར་གཞི་དེ་ལོ་བཞི་བཅུའི་ནང་ཕལ་ཆེར་འགྲུབ་རྒྱུའི་རེ་བ་ཡོད་ཚུལ་བརྗོད་ཀྱི་འདུག འཇིག་རྟེན་ཁྱོན་ཡོངས་ཀྱིས་ནང་པའི་ལྟ་གྲུབ་དང་ཚན་རིག་ལ་དོ་སྣང་སྔར་ལྷག་བྱེད་པའི་སྐབས་སུ། དོ་སྣང་བྱེད་རྒྱུ་དེ་བོད་པའི་སྐད་ཡིག་ནང་མ་གཏོགས་མེད་པ་ཡིན་སྟབས། བོད་སྐད་དེ་མེད་དུ་མི་རུང་བ་ཞིག་རེད། རྒྱ་སྐད་ནང་བཀའ་འགྱུར་བསྟན་འགྱུར་ཡོད་རེད། བཀའ་འགྱུར་ང་ཚོ་ལས་ཕྲན་བུ་ཉུང་བ་རེད། བསྟན་འགྱུར་ང་ཚོ་ལས་ཧ་ཅང་ཉུང་བ་རེད། ངས་གྲངས་ཀ་ཞིབ་ཚགས་ངེས་ཀྱི་མི་འདུག་སྟེ། ཕལ་ཆེར་རྒྱ་སྐད་ནང་བཞུགས་པ་དེ་ཆོས་ཚན་ ༣༠༠༠ བརྒལ་ཙམ་ཞིག་ཡིན་པ་ཡོད། དེ་བཞིན་རྒྱ་སྐད་ནང་བཞུགས་པ་དེ་བོད་སྐད་ཀྱི་བསྒྱུར་དང་གནས་ཚད་མཉམ་པ་ཞིག་མེད། གང་ལགས་ཤེ་ན། ནང་པའི་གཞུང་ལུགས་རྒྱ་སྐད་ནང་བསྒྱུར་འགོ་འཛུགས་སྐབས་རྒྱ་སྐད་ཡར་རྒྱས་ཕྱིན་ནས་གཏན་འབེབས་བྱུང་ཟིན་པའི་རྗེས་སུ་རེད། ཕྱི་ལོ་བརྒྱ་ཕྲག་དང་པོའི་མཇུག་ཙམ་ནས་རྒྱ་སྐད་ནང་ནང་པའི་གཞུང་ལུགས་བསྒྱུར་འགོ་ཚུགས་པ་རེད། རྗེས་སུ་མུ་མཐུད་བསྒྱུར་བ་རེད། དེར་བརྟེན་རྒྱ་སྐད་ནང་ལེགས་སྦྱར་སྐད་ལ་གང་ཡོད་པ་དེ་བསྒྱུར་ཐུབ་ཀྱི་མེད། དེའི་དབང་གིས་ད་ལྟ་རྒྱ་སྐད་ལ་ཡོད་པའི་མདོ་དང་བསྟན་བཅོས་ནས་ལེགས་སྦྱར་སྐད་ལ་བསྐྱར་གསོ་བྱེད་ཐུབ་ཀྱི་མེད། ཨིན་སྐད་ལ་ reconstruction (བསྐྱར་གསོ་) དང་ retranslation (བསྐྱར་བསྒྱུར་) ཞེས་སྒྱུར་སྟངས་མི་འདྲ་བ་གཉིས་རེད། བོད་སྐད་ནས་ལེགས་སྦྱར་གྱི་སྐད་ལ་བསྐྱར་གསོ་བྱེད་ཐུབ་ཀྱི་ཡོད། བསྐྱར་གསོ་བྱས་པའི་དཔེ་ཆ་ཁ་ཤས་རྗེས་སུ་སཾསྐྲིཏའི་སྐད་ངོ་མའི་ནང་ཐོབ་སྐབས་བརྒྱ་ཆ་ ༩༨% ལྷག་ཙམ་ཇི་མ་ཇི་བཞིན་ཆགས་འདུག་བཤད་ཀྱི་ཡོད་རེད། རྒྱ་ནག་གི་སྐད་ནས་བསྐྱར་བསྒྱུར་མ་གཏོགས་བསྐྱར་གསོ་ཐུབ་ཀྱི་མེད། དེ་ལྟར་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐྱེ་འགྲོའི་བདེ་ཐབས་ལ་ནང་པའི་རིག་གཞུང་དེ་མེད་དུ་མི་རུང་བ་ཡིན་པའི་ཆ་ནས་ད་ལྟའི་གནས་སྐབས་ལ་བོད་ཀྱི་སྐད་ཡིག་འདི་འཇིག་རྟེན་ཁྱོན་ཡོངས་ལ་གལ་ཆེན་པོ་ཆགས་ཡོད། ང་ཚོས་དེ་གལ་ཆེན་པོ་རེད་ཅེས་ཕར་བཤད་དགོས་ཀྱི་མི་འདུག ཁོང་རང་ཚོས་ཚུར་བཤད་ཀྱི་འདུག ཉིན་གཅིག་བོད་པ་ན་གཞོན་དེ་ཚོས་མགོ་སེར་ས་ནས་བོད་སྐད་བསླབ་དགོས་པའི་དུས་ཚོད་ཤར་མི་སྲིད་པ་མ་རེད། བསླབ་མི་ཆོག་པ་གང་ཡང་མེད་རུང་། དེ་ངོ་ཚ་པོ་ཞིག་མ་རེད་དམ། སོ་སོའི་ཕ་སྐད་དེ་བརྗེད་ནས་མི་གཞན་ཞིག་སར་གཞི་ནས་བསླབ་དགོས་བྱུང་ན་ཕ་ཤུལ་བུས་འཛིན་མ་བྱུང་བ་རེད།
Swiss 3སྤྱིར་རིག་གནས་དང་། ལྷག་པར་དུ་རྒྱ་གར་གྱི་ནང་དོན་རིག་པ། དེ་བཞིན་རྒྱ་གར་ནས་བོད་ལ་ནང་ཆོས་མ་དར་གོང་བོད་པ་རང་གི་སྲོལ་རྒྱུན་གྱི་བོན་པོའི་རིག་པའི་གཞུང་ལུགས་བཅས་ཆ་ཚང་ད་ལྟ་བོད་སྐད་ནང་མ་གཏོགས། སྐད་ཡིག་གཞན་ནང་མེད། དེང་སང་ང་ཚོས་སྐད་ཆ་བཤད་སྐབས་བོན་པོའི་ཆོས་ཞེས་བཤད་སྟངས་ཤིག་འདུག དེ་ཁྱད་མཚར་ཞིག་རེད། བོན་པོ་ལ་ཆོས་ཞེས་བཤད་སྲོལ་མེད། བོན་པོ་ལ་བོན་ཞེས་བརྗོད་དགོས་རེད། བོན་པོ་ཚོས་རྩོད་པ་རྩོད་སྐབས་བུམ་པ་བོན་ཅན་བཤད་པ་མ་གཏོགས། བུམ་པ་ཆོས་ཅན་ཞེས་བརྗོད་ཀྱི་མེད། བོན་ཞེས་པ་དེ་ཆོས་ཟེར་བའི་ཚིག་གི་ཚབ་རེད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །བོན་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བོན་པོའི་སྐྱབས་འགྲོ་བྱེད་སྟངས་རེད། དེས་ན་བོན་གྱི་རིག་པའི་གཞུང་ལུགས་ཀྱང་བོད་སྐད་ནང་མ་གཏོགས། བོན་གྱི་ཐོག་མའི་སྐད་ཡིག་ཏུ་བརྩི་བའི་ཞང་ཞུང་དང་། ཡུ་གུར་གྱི་སྐད་སོགས་ཀྱི་ནང་དེང་སང་རིག་པའི་གཞུང་ལུགས་གཅིག་ཀྱང་མེད། དེ་བཞིན་རྒྱ་གར་ནས་བསྒྱུར་བ་ཙམ་དུ་མ་ཟད། བོད་པ་རང་གིས་བྲིས་པའི་མདོ་དང་བསྟན་བཅོས་ཀྱི་དགོངས་འགྲེལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པ་བོད་པའི་གཞུང་ལུགས་དཔེར་ན་གསོ་བ་རིག་པས་མཚོན་པའི་རིག་གནས་དེ་ཚོ་ཚང་མ་བོད་སྐད་ལ་མ་བརྟེན་པར་སྐད་ཡིག་གཞན་པའི་ནང་ཁུངས་མི་འཁྱོལ་བ་དེ་ཧ་ཅང་གསལ་པོ་རེད།
ང་ཚོས་བོད་པ་འདི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞེས་བཤད་མུས་རེད། ད་ལྟ་བསམ་བློ་གཏོང་སྐབས་དོན་ངོ་མའི་ཐོག་ལའང་རླབས་ཆེན་གྱི་མི་རིགས་ཤིག་རེད་འདུག འཇིག་རྟེན་ཁྱོན་ཡོངས་སུ་བོད་ཀྱི་མི་རིགས་དང་འགྲན་བསྡུར་བྱེད་ཐུབ་མཁན་གྱི་མི་རིགས་གཅིག་ཀྱང་མེད་ཅེས་ངས་བཤད་དང་ཤོད་བཞིན་པ་ཡིན། གཅིག་བྱས་ན་ཧམ་པ་ཚ་བ་ལ་ཞེས་བཤད་མདོག་ཁ་པོ་རེད། ཡིན་ནའང་དེར་རྒྱུ་མཚན་ཡོད། བོད་པ་རྟག་ཏུ་མི་འབོར་ས་ཡ་དྲུག་ཡས་མས་ཤིག་གནས་པ་རེད། ཁ་ཤས་ཀྱིས་བོད་པ་མི་འབོར་ས་ཡ་དྲུག་ལས་ཉུང་དུ་ཕྱིན་ཡོད་གསུང་མཁན་ཡང་ཡོད། དེ་ཚོས་སྒྲུང་གཏམ་གཞི་ལ་བཞག་ནས་གསུང་བ་མ་གཏོགས། བྱུང་རབས་ནས་གསུང་གི་མེད། སྒྲུང་གཏམ་ནང་དམག་འབུམ་བརྒྱ་ཟེར་བ་དེ་འདྲ་བྲིས་པ་མང་པོ་ཡོད་རེད། ང་ཚོའི་མི་འབོར་གྲངས་ཀ་དེ་སོག་པོའི་འོག་ཡོད་སྐབས་བརྒྱབས་པ་རེད་མ་གཏོགས། བོད་པ་རང་གིས་མི་འབོར་གྲངས་བཤེར་བྱས་མྱོང་མེད། ང་ཚོ་ཕྱི་ལོ་ ༡༢༡༦།༡༧ ནས་ ༡༢༦༠ རེ་གྲངས་བར་སོག་པོའི་འོག་ལ་བསྡད་སྐབས་སོག་པོས་མི་དྲུག་རེ་ལ་མི་ཚང་དང་། དེ་ལ་འདུས་ཚང་ཟེར་བའི་མིང་བཏགས་ཏེ། འདུས་ཚང་བརྒྱ་ལ་བརྒྱ་དཔོན་དང་། སྟོང་ལ་སྟོང་དཔོན། ཁྲི་ལ་ཁྲི་དཔོན་ཞེས་དེ་དུས་བོད་མི་ས་ཡ་དྲུག་གི་རྣམ་གཞག་དེ་བྱུང་བ་རེད། དེ་ནས་བཟུང་སྟེ་ང་ཚོའི་ཁ་རྒྱུན་ལ་བོད་མི་ས་ཡ་དྲུག་ཅེས་འཇགས་པ་རེད། ཕྱི་ལོ་ ༢༠༠༠ ལོར་བྱས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྲངས་བཤེར་གྱི་སྙན་ཐོའི་ནང་བོད་རིགས་ས་ཡ་ལྔ་དང་གྲངས་ཆུང་གསུམ་ཙམ་མ་གཏོགས་མི་འདུག ཕྱི་ལོ་ ༢༠༡༠ ལོའི་མི་འབོར་གྲངས་བཤེར་གྱི་སྙན་ཐོ་དེ་ངས་མཐོང་མ་སོང་། ད་ལྟ་ང་ཚོས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་གྱི་ཡོད་པ་དང་། བོད་ཡུལ་ནང་བོད་རིགས་ལས་རྒྱ་རིགས་མང་བ་ཆགས་འདུག་ཅེས་གཞི་གཞག་ས་དེ་ཕྱི་ལོ་ ༢༠༠༠ ལོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གྲངས་བཤེར་གྱི་སྙན་ཐོ་འདིའི་ཐོག་ནས་བཤད་ཀྱི་ཡོད་རེད། དེའི་ནང་བོད་དུ་བོད་རིགས་མ་ཡིན་པ་ཕལ་ཆེར་ས་ཡ་བདུན་དང་གྲངས་ཆུང་ཁ་ཤས་ཤིག་བཤད་འདུག
ང་ཚོར་བརྒྱ་ཕྲག་བརྒྱད་པའི་ནང་གཞི་ནས་སྐད་ཡིག་གི་བརྡ་སྤྲོད་རིག་པ་ཆ་ཚང་བ་ཞིག་བྱུང་། བརྒྱ་ཕྲག་བརྒྱད་པ་ནས་ད་ལྟ་ཕྱི་ལོ་ ༢༠༡༣ བར་ལོ་ཆིག་སྟོང་ཉིས་བརྒྱ་གསུམ་བརྒྱ་མ་གཏོགས་སོང་མེད། དུས་ཚོད་ཧ་ཅང་ཐུང་ཐུང་རེད། རྒྱ་གར་ལྟ་བུ་ཡིན་ན་ལོ་བདུན་སྟོང་བརྒལ་བའི་ཡིག་ཐོག་འཁོད་པའི་བྱུང་རབས་ཡོད་རེད། མི་འབོར་ནི་ས་ཡ་མིན་པར་དུང་ཕྱུར་གྱི་སྐད་ཆ་རེད། དེའི་ནང་ནས་བྱུང་བའི་རྩོམ་ཡིག་རིག་པའི་གཞུང་ལུགས་དང་། བོད་མི་ས་ཡ་དྲུག་དང་ལོ་ཉུང་ངུའི་ནང་བརྩམས་པའི་རྩོམ་རིག་གཉིས་པོ་གྲངས་དང་སྤུས་ཀ་གཉིས་ཀའི་ཐོག་ནས་བསྡུར་ན། བོད་པ་ལྷག་པ་མ་གཏོགས་རྒྱ་གར་ལྷག་པ་མེད། ང་ཚོས་ཚོད་དཔག་བྱེད་ན། བཀའ་འགྱུར་བསྟན་འགྱུར་བཤད་མི་དགོས། བོད་ཀྱི་བླ་མ་ཀུན་མཁྱེན་བོ་དོང་པའི་གསུང་འབུམ་ལའང་པོ་ཏི་བརྒྱ་དང་དྲུག་བདུན་ཞིག་ཡོད། དེ་བཞིན་བླ་མ་མང་ཆེ་བའི་གསུང་འབུམ་ལ་པོ་ཏི་བཅོ་བརྒྱད་ཙམ་དང་། ཉུང་མཐར་ལྔ་དྲུག་ཡོད་པ་ཤ་སྟག་རེད། དེ་ཚོ་ཚང་མ་བསྡོམ་ན་ཧ་ཅང་འབོར་ཆེན་པོ་ཙམ་དུ་མ་ཟད། གནས་ཚད་མཐོ་བའི་རྩོམ་རིག་ཤ་སྟག་ལས། གང་བྱུང་ངག་འཁྱལ་གྱིས་བྲིས་པ་གཅིག་ཀྱང་མེད། དེས་ན་མི་རིགས་གཞན་སུས་ཀྱང་བཞག་མི་ཐུབ་པའི་རླབས་ཆེན་གྱི་ལག་རྗེས་ཤིག་བོད་མི་རིགས་ཀྱིས་བཞག་ཡོད། དེ་ནི་སྐད་ཡིག་དང་རྩོམ་རིག་ཐོག་ནས་བཞག་པ་མ་གཏོགས་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་ཐོག་ནས་བཞག་མེད། ལར་ནས་ཆབ་སྲིད་ཐོག་ནས་ག་དུས་ཡིན་ནའང་ཞབས་འདྲེན་ཞུས་པ་རེད། དེ་བཞིན་སྔོན་མ་དམག་ཤུགས་ཆེན་པོ་ཡོད་པའི་སྐབས་ཤིག་བྱུང་བ་མ་གཏོགས། བོད་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་རྗེས་ལ་བོད་པས་དམག་ཤུགས་ཐོག་ལ་ཧ་ལམ་དོ་སྣང་སྤྲད་མེད། དེ་འདྲའི་ལག་རྗེས་ཅན་གྱི་སྐད་ཡིག་དེ་ད་ལྟའི་མི་རབས་ཀྱིས་དོ་སྣང་མེད་པར་བཞག་ན་ཧ་ཅང་མ་རབས་རེད་ལ། ཁྲེལ་མེད་ཀྱང་རེད།
བོད་ནང་བཙན་དབང་འོག་ལ་སྐད་ཡིག་ཉམས་ཆག་འགྲོ་གི་ཡོད། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ཞིག་མངོན་གསལ་དོད་པོས་བརྩམ་ན། སྲོག་ཐོག་དང་ཚེ་བཙོན་ལ་འགྲོ་བའི་ཉེན་ཁ་དེ་ཧ་ཅང་གསལ་པོ་ཡིན་རུང་། ད་དུང་བློ་ཁོག་བསྐྱེད་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་བཙན་བྱོལ་ལས་ཧ་ཅང་མང་བ་གནང་གི་ཡོད། བོད་ནང་རིག་གནས་གསར་བརྗེ་མཇུག་བསྡོམས་ཙམ་ནས་འགོ་བཙུགས་ཏེ་ད་བར་རྩོམ་རིག་དང་། ཡིག་ཆ་རྙིང་པ་བསྡུ་རུབ། ཡིག་ཆ་རྙིང་པ་དཔར་བསྐྲུན་བཅས་ཀྱི་ཐོག་འདས་པའི་ལོ་སུམ་ཅུ་བཞི་བཅུའི་ནང་རླབས་ཆེན་གྱི་མཛད་རྗེས་མང་པོ་བཞག་ཡོད། གཞན་པ་ལྟ་ཞོག བཀའ་འགྱུར་བསྟན་འགྱུར་དཔེ་བསྡུར་མའི་ཕྱག་ལས་རྐྱང་རྐྱང་ལ་མཚོན་ནའང་ཧ་ལས་པ་རེད། དེ་ནི་དངོས་གནས་བྱས་ན་ང་ཚོ་རང་དབང་ཡོད་པའི་བཙན་བྱོལ་ལ་སྡོད་མཁན་ཚོས་བྱེད་དགོས་པ་ཞིག་ཡིན་རུང་། དེ་ལས་ལྡོག་སྟེ་དེ་འདྲའི་རླབས་ཆེན་གྱི་བྱ་བ་ཆེན་པོ་ཞིག་བཙན་འོག་ལ་ཡོད་པའི་བོད་མི་ཚོས་གནང་བ་རེད། དེས་ན་རང་དབང་ལུང་པར་ཡོད་མཁན་ཚོས་སྐད་ཡིག་ལ་དོ་སྣང་མེད་པར་ཉམས་ཆག་ཕྱིན་ན། མི་གཞན་པའི་གྱོང་གུན་ཇི་ཙམ་ཡོད་མིན་བཤད་མི་དགོས་པར། སོ་སོར་ཡང་གྱོང་གུན་དེ་ལྷག་མ་ཆེ་བ་མི་ཚེ་འདིའི་ནང་བསབས་མི་ཐུབ་པ་ཞིག་ཡོང་རྒྱུ་རེད།
གནས་ཚད་ཆ་ནས་བཤད་ན། བོད་པའི་སྐད་ཡིག་འདི་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐད་ཡིག་ ༧༠༠༠ ཡས་མས་ཤིག་ཡོད་པ་དེའི་ནང་ནས་ཨང་གཉིས་པ་རེད་ཅེས་བཤད་ཐུབ། གང་ལགས་ཤེ་ན། ད་ལྟ་སྐད་ཡིག་ཚང་མའི་ནང་ནས་གནས་ཚད་མཐོ་ཤོས་ལེགས་སྦྱར་གྱི་སྐད་(སཾསྐྲྀཏ་) ལ་བརྩི་བ་རེད། སཾསྐྲྀཏའི་སྐད་ཤེས་མཁན་ཉུང་ཉུང་ཡིན་སྟབས། བེད་སྤྱོད་མ་ཐུབ་པ་མ་གཏོགས། ཀམ་པུ་ཊར་ནང་བེད་སྤྱོད་བྱེད་རྒྱུའི་སྐད་ལ་སཾསྐྲྀཏ་ལས་ལྷག་པ་མི་འདུག་ཅེས་ཀམ་པུ་ཊར་ཚན་རིག་པ་ཚོས་ངོས་ལེན་བྱས་པ་ཞིག་རེད། དེའི་ཐོག་རྒྱ་གར་ནང་ལས་ཀའང་ཧ་ཅང་མང་པོ་བྱས་པ་རེད། སྔོན་མ་ང་ཝཱརཱཎསཱི་ལ་ཡོད་སྐབས་ལས་གཞི་དེ་འདྲ་མང་པོའི་ནང་མཉམ་ཞུགས་བྱས་མྱོང་། ཀམ་པུ་ཊར་གྱི་ལས་འཆར་ནང་ལེགས་སྦྱར་གྱི་སྐད་དེ་ཧ་ཅང་ཚན་རིག་དང་མཐུན་པ་ཡིན་སྟབས། བཅུག་བདེ་པོ་དང་། ལས་འཆར་གང་འདྲ་ཐོག་གཏང་ནའང་གཏང་ཆོག་ཆོག ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད་ཀྱི་ཡོད། ཡིན་ནའང་དེང་སང་རྒྱ་གར་ནང་སཾསྐྲྀཏ་མཐར་ཕྱིན་པ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། དེ་འདྲའི་དབང་གིས་དར་ཁྱབ་ཆེན་པོ་མ་བྱུང་བ་མ་གཏོགས། དངོས་དོན་གྱི་ཆ་ནས་སཾསྐྲྀཏའི་སྐད་དེ་སྐད་ཡིག་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་སྐབས། སྐད་ཡིག་གི་གནས་ཚད་མཐོ་ཤོས་ཡིན་པ་དེ་འདྲ་རེད། དེ་ནས་སཾསྐྲྀཏའི་སྐད་དང་དོ་མཉམ་ཐོག་འགྲོ་ཐུབ་མཁན་ད་ལྟའི་ཆར་བོད་སྐད་མ་གཏོགས་མེད། མི་ཚོས་རྒྱ་གར་གྱི་སྐད་འདི་བོད་སྐད་ལས་ལྷག་པ་མེད་དམ་ཞེས་བརྗོད་སྲིད། རྒྱ་གར་གྱི་སྐད་རྣམས་སཾསྐྲྀཏའི་སྐད་དང་ཉེ་ཤོས་ཡིན་གྱི་རེད། ཏ་མིལ་དང་ཏེལ་གུ་སོགས་ཀྱི་ནང་སཾསྐྲྀཏའི་ཚིག་མང་པོ་ཡོད། འོན་ཀྱང་གནས་ཚད་ཐོག་ནས་བརྩི་ན། ལེགས་སྦྱར་གྱི་སྐད་ནང་གང་མངོན་པར་གསལ་ཐུབ་པ་དེ་རྒྱ་གར་གྱི་སྐད་ཡིག་གཞན་ནང་མངོན་པར་གསལ་མི་ཐུབ། མངོན་པར་གསལ་བ་ཞེས་བརྗོད་སྐབས། ཨིན་སྐད་ལ་ express ཞེས་བརྗོད་ཀྱི་རེད། གང་ལྟར་ལེགས་སྦྱར་སྐད་ནང་གང་མངོན་པར་གསལ་ཐུབ་པ་བརྒྱ་ཆ་བརྒྱ་ཐམ་པ་ཇི་མ་ཇི་བཞིན་བོད་སྐད་ནང་མངོན་པར་གསལ་ཐུབ། དཔེར་ན། ལེགས་སྦྱར་གྱི་སྐད་ནང་དོན་གཅིག་མིང་གི་རྣམ་གྲངས་ཧ་ཅང་མང་པོ་རེད། རྩོམ་རིག་སྐབས་སུ་གནས་སྐབས་དང་དགོས་མཁོ་མི་འདྲ་བའི་ཆེད་དུ་དོན་གཅིག་ལ་མིང་མི་འདྲ་བ་མང་པོ་བེད་སྤྱོད་གཏང་རྒྱུ་ཡོད་རེད། ཉི་མ་ལྟ་བུ་གཅིག་ལ། རྟ་བདུན་ཅན། ཚ་ཟེར་ཅན། པདྨའི་གཉེན། ཉིན་བྱེད་སོགས་མིང་ཉི་ཤུ་རྩ་གྲངས་ཤིག་ཡོད་རེད། དེ་འདྲ་སྐད་ཡིག་གཞན་གཅིག་ལའང་མེད་པ་མ་ཟད། རྒྱ་གར་གྱི་སྐད་ཡིག་གཞན་རྣམས་ཀྱི་ནང་དུའང་ཆ་ཚང་བ་ཞིག་མེད། འོན་ཀྱང་ལེགས་སྦྱར་གྱི་སྐད་ནང་དོན་གཅིག་མིང་གི་རྣམ་གྲངས་ཆ་ཚང་བོད་སྐད་ནང་ཇི་མ་ཇི་བཞིན་ཡོད་རེད། དེ་དང་ཕྱོགས་མཚུངས་ལེགས་སྦྱར་གྱི་སྐད་ནང་ཉེ་བསྒྱུར་ཞེས་པ་ཞིག་ཡོད། དེ་ནི་སྐད་ཡིག་གཞན་པ་མང་ཆེ་བའི་ནང་མེད། ཧིནྡཱིའི་ནང་ཕྱེད་ཙམ་ཞིག་ཡོད། རྒྱ་གར་གྱི་སྐད་ཡིག་གཞན་མཻཐིལི་ལྟ་བུ་ཁ་ཤས་ནང་ཕྱེད་ཀ་ལྷག་ཙམ་ཞིག་ཡོད་ས་རེད། ཡིན་ནའང་བོད་སྐད་ནང་ཉེ་བསྒྱུར་ཉི་ཤུ་རྩ་གཉིས་ཡོངས་རྫོགས་ཡོད། ཉེ་བསྒྱུར་ཞེས་པ་ནི་མིང་གཅིག་ལ་ཚིག་གཅིག་སྔོན་དུ་བསྣན་སོང་ན་དོན་འགྱུར་བ་འགྲོ་བ་རེད། དཔེར་ན། ཤུདྡྷ་ (དག་པ་) ཞེས་པའི་ཚིག་ལ་བི་སྦྱར་ན་བིཤུདྡྷ་ (རྣམ་པར་དག་པ་) དང་། པརི་སྦྱར་ན་པརིཤུདྡྷ་ (ཡོངས་སུ་དག་པ་) ཆགས་འགྲོ་བ་རེད། དེ་ཚོ་ཚང་མར་དོན་མི་འདྲ་བ་ཡོད་རེད། དེ་འདྲའི་དབང་གིས་སྐད་ཡིག་རང་གི་གནས་ཚད་ཆ་ནས་བལྟས་ནའང་ལེགས་སྦྱར་བཞིན་ཆ་ཚང་བརྒྱ་ཆ་བརྒྱ་ཐམ་པ་ཡང་དག་པར་བསྒྱུར་ཐུབ་པའི་སྐད་ཡིག་དེ་བོད་སྐད་མ་གཏོགས་མེད།
སྐད་ཡིག་གི་གནས་ཚད་མཐོ་པོ་ཡོང་བ་དེའང་། སྔོན་ཆོས་རྒྱལ་ལོ་པཎ་དང་། ལྷག་པར་དུ་མཁན་ཆེན་ཞི་བ་འཚོ་བཀྲིན་ཅན་གང་དེའི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། མཁན་ཆེན་ཞི་བ་འཚོས་བོད་དུ་སངས་རྒྱས་ཀྱི་བསྟན་པ་གསར་འཛུགས་གནང་སྐབས། ཆོས་རྒྱལ་ལ་བཀའ་སློབ་གལ་ཆེན་གཉིས་གནང་ཡོད། དང་པོ་ནི། ཁྱེད་ཚོ་བོད་མི་ན་གཞོན་རབ་ཏུ་བྱུང་ནས་བསྙེན་རྫོགས་ཀྱིས་དགེ་འདུན་གྱི་སྡེ་འཛུགས་དགོས་མ་གཏོགས། རྟག་ཏུ་བལ་ཡུལ་དང་རྒྱ་གར་ནས་དགེ་སློང་གདན་འདྲེན་ཞུས་པ་དེས་ཁུངས་འཁྱོལ་ཐབས་མེད། གང་ལྟར་སོ་སོ་ས་གནས་ཀྱི་མི་རབ་ཏུ་བྱུང་ནས་རབ་བྱུང་གི་སྡེ་འཛུགས་དགོས་ཞེས་གསུངས་ཡོད། སྐབས་དེར་བོད་པ་ཚོས་གྲྭ་པ་བྱེད་ཐུབ་ཨེ་ཡོང་སྙམ་པའི་ཧ་ཅང་འཇིགས་སྣང་ཡོད་ཚོད་འདུག དེར་བརྟེན་དང་པོ་རབ་ཏུ་འབྱུང་མཁན་མི་བདུན་ལ་སད་མི་མི་བདུན་ཞེས་ཚོད་བལྟའི་ཆེད་མི་བདུན་རབ་ཏུ་བྱུང་བ་རེད། ཚོད་བལྟའི་མི་བདུན་པོ་དེ་ཡག་པོ་བྱུང་བ་ཡིན་སྟབས། རྗེས་སུ་ཕྱི་ལོ་ ༡༩༥༩ གཡས་གཡོན་ལ་རབ་བྱུང་བཙུན་མ་ནི་མི་འབོར་གྱི་བརྒྱ་ཆ་དྲུག་དང་གྲངས་ཆུང་ཁ་ཤས་ཤིག་ཆགས་པ་རེད། དེ་ནི་ཧ་ཅང་མང་པོ་རེད།
བཀའ་སློབ་གཉིས་པ་དེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་བཅས་བཀའ་དང་བསྟན་བཅོས་ཡོངས་རྫོགས་བོད་སྐད་ནང་བསྒྱུར་དགོས། བོད་སྐད་ནང་གཞུང་ལུགས་ཆ་ཚང་མེད་ན་མི་ཚེ་ཕྱེད་ཀ་སྐད་ཡིག་བསླབ་རྒྱུར་བདག་ནས་གཞུང་ངོ་མར་སློབ་སྦྱོང་བྱེད་སྐབས་རྒས་འཁོགས་ཆགས་འགྲོ་རྒྱུ་ཡིན་སྟབས། དང་པོ་ནས་སངས་རྒྱས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཐུབ་པའི་ཆེད་དུ་ཆ་ཚང་བོད་སྐད་ནང་བསྒྱུར་དགོས་ཞེས་གསུངས་པ་རེད། གནས་བརྟན་ཀཱཏྱཱཡན་ལ་སོགས་པ་འཕགས་པ་གནས་བརྟན་སྡེ་པའི་བླ་མ་རྣམས་ཀྱིས་མ་ཡན་མར་དང་། ཤ་ཡམ། ཤྲཱི་ལངྐཱ་བཅས་སུ་པཱལི་ནས་རང་གི་ལུང་པའི་སྐད་ནང་བསྒྱུར་རྒྱུའི་བཀའ་འཁྲོལ་གནང་མེད། གལ་ཏེ་སོ་སོའི་ལུང་པའི་སྐད་ནང་བསྒྱུར་ན་ནོར་འཁྲུལ་ཡོང་རྒྱུར་བརྟེན། སྔོན་ལ་པཱལི་བསླབས་ཏེ་གཞི་ནས་ནང་ཆོས་སྦྱང་དགོས་ཞེས་གསུངས་པ་རེད། ད་ལྟའང་ཁོང་ཚོའི་སྡེ་སྣོད་གསུམ་པོ་པཱལིའི་ནང་བཞུགས་ཡོད། དགེ་འདུན་པ་ཚོས་སོ་སོ་ཐར་པའི་མདོ་ཡང་པཱལིའི་ནང་འདོན་གྱི་རེད། གལ་ཏེ་གསོ་སྦྱོང་ནང་དགེ་འདུན་ ༥༠༠ ཐམ་པ་ཡོད་ན། ཆ་ཚང་གིས་པཱལི་མཁྱེན་པའི་ངེས་པ་གང་ཡང་མེད། དེའི་ནང་གྲྭ་པ་གསར་པ་ཚོས་པཱལི་ཤེས་ཀྱི་མ་རེད། ཡིན་ནའང་སོ་སོ་ཐར་པའི་མདོ་པཱལིའི་ནང་འདོན་གྱི་ཡོད་རེད། དེ་ནི་ལས་ཚད་དང་ལྡན་པ་ཞིག་ཆགས་ཀྱི་ཡོད་མེད་ཐེ་ཚོམ་རེད། ཚང་མས་མདོ་ཉམས་སུ་མྱོང་ཐུབ་རྒྱུ་ཁག་པོ་རེད། མཁན་ཆེན་ཞི་བ་འཚོའི་ལྷན་དུ་ཡོད་པའི་རྒྱ་གར་གྱི་གནས་བརྟན་དགེ་སློང་མཁས་པ་ཁ་ཤས་ཀྱིས་སོ་སོ་ཐར་པའི་མདོ་བོད་སྐད་ནང་བསྒྱུར་ན་གང་འདྲ་བྱས་ཡོང་། ནོར་འཁྲུལ་འགྲོ་གི་མ་རེད་དམ་ཞེས་ཞུ་སྐབས། མཁན་ཆེན་ཞི་བ་འཚོས་དེ་བསྒྱུར་དགོས་རེད། ནོར་འཁྲུལ་མི་འགྲོ་བ་དེ་ང་ཚོས་བཟོ་དགོས། སྐད་ཡིག་ཡར་རྒྱས་བཏང་ནས་ཏག་ཏག་བསྒྱུར་ཐུབ་པ་ཞིག་བཟོ་དགོས་ཞེས་གསུངས་ཡོད། དེ་ནས་བཟུང་སྒྱུར་གྱི་སྒྲིག་འཛུགས་དེ་ཧ་ཅང་ཡག་པོ་བྱུང་བ་ཡིན་སྟབས། ད་ལྟའི་གནས་བབས་འདི་ཆགས་པ་རེད། དེས་ན་སྐད་ཡིག་གི་གནས་བབས་ཆ་ནས་ལེགས་སྦྱར་གྱི་སྐད་དང་དོ་མཉམ་པ་ཞིག་ཡོད་རེད།
སྐད་ཡིག་གལ་ཆེན་པོ་ཡིན་མིན་སྲིད་ཕྱོགས་ནས་བལྟས་ན་དེ་ནི་མི་རིགས་ཀྱི་མཚོན་དོན་རེད། ཆོས་དང་རིག་གཞུང་ཆ་ནས་བལྟས་ན་འཇིག་རྟེན་འདིའི་ནང་ཧ་ཅང་གལ་ཆེན་པོར་བརྩི་བའི་གནའ་རབས་ཀྱི་རིག་གཞུང་ཧ་ཅང་མང་པོ་ཡོད་པ། མི་རབས་སྔོན་མའི་ཕྱག་རྗེས་ཀྱི་ཆ་ནས་བལྟས་ན་འཇིག་རྟེན་མི་རིགས་སུས་ཀྱང་འགྲན་བསྡུར་མེད་པ། སྐད་ཡིག་གི་གནས་ཚད་ཆ་ནས་བལྟས་ན་སྐད་ཡིག་ཡོངས་རྫོགས་ནས་ཨང་གཉིས་པར་སླེབས་ཐུབ་པའི་སྐད་ཡིག་ཡིན་པ་བཅས་དེ་དག་ངས་སྒྲོ་བཏགས་པ་དང་། འུད་བཤད་པ། ཧམ་པ་བཤད་པ་རྩ་བ་ནས་མིན། རིགས་པས་དཔྱད་ན་རྒྱུ་མཚན་དེ་དག་ཆགས་ཡོད་རེད། གལ་ཏེ་འདི་འགྲིག་གི་མི་འདུག་དགོངས་པ་ཡིན་ན། མི་འགྲིག་པའི་རྒྱུ་མཚན་གསུང་ན་འགྲིག་གི་རེད། ངས་བོད་ཀྱི་སྐད་ཡིག་ཐོག་མཐོང་ཚུལ་དེ་འདྲ་ཞིག་རེད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར། བོད་པའི་སྐད་ཡིག་གིས་བོད་མི་རིགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ཡིན་ནམ། ཡང་ན་བོད་མི་རིགས་ཀྱིས་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་ད་ལྟའི་གནས་སྐབས་ལ་བཤད་ཁག་པོ་རེད། ད་ལྟ་བོད་མི་རིགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཐོག་འདུན་པ་དང༌། ནུས་པ་གཉིས་ཀ་ག་ཚོད་ཡོད་མེད་ངས་ཤེས་ཀྱི་མི་འདུག སྲུང་སྐྱོབ་བྱེད་པ་ལ་སྔོན་དང་པོར་འདུན་པ་ཡོད་དགོས་རེད། འདུན་པ་དེ་སྐད་ཡིག་ལ་དགའ་སྣང་ཡོད་པའི་དབང་གིས་ཡོང་དགོས་མ་གཏོགས། སྐད་ཡིག་དེ་རྡོག་ཁྲེས་ལྟ་བུར་མཐོང་ན། དེ་རྒྱུན་རིང་པོ་འཁྱེར་ཐུབ་ཐབས་མེད། འཁྱེར་བ་ཡིན་ནའང་སྡུག་ཁྲལ་དང་བཙན་དབང་རང་རེད། རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་པའི་སྤྱི་ཚོགས་ལྟ་བུར་མཚོན་ན། བོད་མི་ཁ་འཐོར་ཉུང་ཉུང་རེད། ཕལ་ཆེ་བ་མཉམ་སྡོད་བྱེད་ཀྱི་ཡོད་རེད། སློབ་གྲྭའང་ལོགས་སུ་ཡོད་རེད། དེ་ཚོའི་ནང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཕྲན་བུ་ལས་སླ་བ་ཡོད་རེད། ནུབ་ཕྱོགས་ལུང་པ་ཁག་དང་། ལྷོ་ཤར་ཨེ་ཤི་ཡའི་ལུང་པ་གཞན་མི་འབོར་ཆེན་པོའི་ནང་རྦད་དེ་ཁ་ཐོར་བའི་བོད་པ་ན་གཞོན་ཚོས་རང་གི་སྐད་ཡིག་སྲུང་སྐྱོབ་ཏན་ཏན་དཀའ་ལས་ཁག་པོ་རེད། དེར་ཕ་མའི་ལས་འགན་ཧ་ཅང་ཆེན་པོ་ཞིག་ཡོད་རེད། ཕྲུ་གུ་ཆུང་དུས་སྐབས་སུ་རང་སྐད་དེ་མ་བརླག་པར་ཉར་ཐུབ་ན། ཡི་གེ་རྗེས་མ་བསླབ་ནའང་སྐྱོན་ཆེན་པོ་ཡོད་མ་རེད་བསམ་གྱི་འདུག མཐའ་མ་ཡི་གེ་མ་ཤེས་པར་ཡིག་རྨོངས་སུ་ལྷག་ནའང་མི་དང་མཉམ་དུ་སྐད་ཆ་བཤད་ཐུབ་མཁན་ཞིག་ཆགས་ན། མི་རིགས་ཀྱི་ངོས་འཛིན་ཕྱེད་ཀ་ལྷག་གི་ཡོད་རེད། དེས་ན་ཡབ་ཡུམ་ཚོས་ཁྱིམ་ཚང་ནང་ཕྲུ་གུ་ཆུང་ཆུང་མཉམ་དུ་སོ་སོའི་ཕ་སྐད་བེད་སྤྱོད་བཏང་སྟེ། ཕྲུ་གུས་སྐད་ཆ་ཐོག་མར་བཤད་སྐབས་སམ། སྐད་ཆ་བཤད་སྟངས་སློབ་སྐབས་ཕ་སྐད་ཐོག་ནས་འཚར་ལོངས་བྱུང་ན། སྐད་ཡིག་གཞན་པ་རང་བཞིན་གྱིས་ཤེས་འགྲོ་གི་རེད། བོད་ཡིག་མ་ཤེས་པ་ཡིན་ནའང་རྒས་འཁོགས་སྐབས་སུ་བསླབ་ཆོག་གི་རེད། སྐད་ཁྱོན་ནས་མ་ཤེས་པར་གཞི་ནས་ཡི་གེ་གཅིག་པུའམ། ཡང་ན་སྐད་ཡིག་གཉིས་ཀ་བསླབ་དགོས་བྱུང་ན་ཧ་ཅང་དཀའ་ལས་ཁག་པོ་རེད། སྐད་ནི་དབུས་སྐད་དང་། གཙང་སྐད། ཁམས་སྐད། ཨ་མདོའི་སྐད་སོགས་གང་ཡིན་ཡང་སྲ་ཐག་ཐག་ཅིག་བརྒྱབས་ཐུབ་ན་ཁྱད་པར་གང་ཡང་མེད། བོད་ཀྱི་རྗོད་སྐད་མི་འདྲ་བ་མང་པོ་ཡོད་རུང་། ཚང་མ་དབྱངས་གསལ་སུམ་ཅུ་སོ་བཞི་ལ་བརྟེན་པའི་སྐད་ཡིག་ཤ་སྟག་ཅིག་རེད། མི་འདྲ་བ་གཅིག་ཀྱང་མེད། ཕྲུ་གུའི་འཚར་ལོངས་ནང་ཐོག་མ་སྐད་ཆ་བཤད་རྒྱུའི་གོམས་གཤིས་དེ་སྐད་ཡིག་གཞན་ནང་འཇགས་ཏེ། རྗེས་མ་སོ་སོའི་ཕ་སྐད་དེ་ཕྱི་རྒྱལ་སྐད་ཡིག་གི་ངོ་བོར་བསླབ་དགོས་ཆགས་སྐབས་ཧ་ཅང་དཀའ་ངལ་ཞིག་འཕྲད་ཀྱི་འདུག དེས་ན་མངོན་གསལ་དོད་པོས་ཁ་ཡོད་ལག་ཡོད་ཀྱིས་སྐད་ཡིག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ཐུབ་པ་དེ་གང་རེད་ཅེ་ན། ཡབ་ཡུམ་ཚོས་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་ཆུང་ཆུང་གིས་སྐད་ཐོག་མ་ཤེས་སྐབས་བོད་སྐད་ཐོག་ཡོང་ཐུབ་པ་ཞིག་དང་། སྐད་ཡིག་གཞན་རྣམས་ཕྱི་རྒྱལ་སྐད་ཡིག་གི་ངོ་བོར་བསླབ་ཐུབ་པ་གནང་དགོས་རྒྱུ་དེ་རེད། གང་ལྟར་བསམ་བློ་དེ་བོད་སྐད་ནང་བཏང་སྟེ། སྐད་ཆ་དེ་སྐད་ཡིག་གཞན་ནང་བཤད་དུས་མི་དེ་བོད་པ་རང་བསྡད་ཀྱི་རེད། བོད་སྐད་ཡག་པོ་ཤེས་ནའང་བསམ་བློ་དེ་ཕྱི་རྒྱལ་གྱི་སྐད་ནང་བཏང་། བོད་སྐད་ནང་བསྒྱུར་ནས་བཤད་མཁན་ཞིག་ཡིན་ན། ཁོའི་རྣམ་རྟོག་གི་འགྱུ་བ་དེ་བོད་པ་ཆགས་མེད། གལ་ཏེ་ཇར་མན་སྐད་ནང་བསམ་བློ་བཏང་ན་ཇར་མན་གྱི་རྣམ་རྟོག་གི་འགྱུ་བ་ཆགས་འགྲོ་རྒྱུ་རེད། གང་ལགས་ཤེ་ན། སྒྲ་དང་རྟོག་པ་གཉིས་མཉམ་འགྲོ་རེད། བོད་རིགས་གཙང་མ་ཞིག་ཆགས་པ་ལ་བསམ་བློ་བོད་སྐད་ནང་ལ་བཏང་ནས་ཨིན་སྐད་དང་ཇར་མན་སྐད་སོགས་ཀྱི་ཐོག་ལ་བཤད་མཁན་ཞིག་བྱུང་ན། ཁོའི་ཤེས་པའི་རྒྱུན་ནམ་རྣམ་རྟོག་གི་རྒྱུན་དེ་བོད་པའི་རྣམ་རྟོག་གི་རྒྱུན་ཞིག་ཆགས་བསྡད་ཀྱི་རེད། དེ་མིན་བསམ་བློ་དེ་སྐད་ཡིག་གཞན་ཞིག་ནང་བཏང་ནས་བོད་སྐད་ནང་བསྒྱུར་ཤེས་པ་ཡིན་ནའང་མི་དེའི་རྣམ་རྟོག་གི་འགྱུ་བ་དེ་གཞན་ཞིག་ཆགས་ཡོད་རེད། དེས་ན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ནང་ལའང་། འཛིན་གྲྭ་གསུམ་པ་མན་ཆད་ལ་སྐད་ཡིག་གཞན་པ་ཁྱོན་ནས་མི་བསླབ་རྒྱུའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དེ་རང་རེད། འཛིན་གྲྭ་གསུམ་པའི་བར་དུ་རང་གི་ཕ་སྐད་དེ་མཐར་ཕྱིན་པ་ཤེས་ཏེ་བསམ་བློ་ཆ་ཚང་ཕ་སྐད་ཐོག་གཏོང་མཁན་གྱི་གོམས་གཤིས་ཤིག་འཇགས་འགྲོ་རྒྱུ་རེད། དེ་ནས་སྐད་ཡིག་གཞན་བསླབ་ནའང་དངོས་གནས་སྐད་ཡིག་གཞན་ཞིག་བསླབ་པ་མ་གཏོགས། ཕ་སྐད་དེ་སྐད་ཡིག་གཞན་པ་ཞིག་ཆགས་མི་འགྲོ་བ་རེད། རྒྱུ་མཚན་དེ་དག་ལ་དགོངས་ནས་ཤེས་ཡོན་སྲིད་བྱུས་ནང་དེ་ལྟར་བཟོས་པ་རེད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ལ་གཟའ་སྤེན་པ་དང་ཉི་མའི་སློབ་གྲྭ་ཚུགས་ཀྱི་ཡོད་རེད། དེ་བཞིན་སྒེར་སོ་སོས་སློབ་མཁན་ཡང་ཡོད་རེད། ཆོས་ཚོགས་ཁག་དང་། ཚོགས་སྡེ་ཁག་གིས་ཡང་ཡང་འབད་རྩོལ་གནང་གི་ཡོད་རེད། དེ་ཚོ་ཧ་ཅང་ཡག་པོ་རེད། འོན་ཀྱང་ཚང་མའི་མགོ་ལྟ་བུ་དེ་ཡབ་ཡུམ་ཚོས་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་འཚར་ལོངས་སྐབས་ཐོག་མ་སྐད་ཆ་བཤད་དུས་བོད་སྐད་ནང་སྐད་ཆ་བཤད་རྒྱུའི་གོམས་གཤིས་བསྐྲུན་རྒྱུ་དེ་དངོས་གནས་ཕྱག་ལས་ཆེན་པོ་ཞིག་རེད་ལ། དེ་ལྟར་གནང་མི་ཐུབ་པའང་མེད་བསམ་གྱི་འདུག དཔེར་ན་ཡབ་ཡུམ་གཉིས་ནས་གཅིག་བོད་སྐད་མི་ཤེས་མཁན་ཞིག་ཡིན་ནའང་། བོད་སྐད་ཤེས་མཁན་དེས་ཕྲུ་གུ་དང་མཉམ་དུ་བོད་སྐད་རྒྱག་རྐྱང་བྱེད་ན། ཕྲུ་གུ་དེས་མཐའ་མ་ལས་མ་བྱུང་ནའང་བོད་སྐད་དེ་སྐད་ཡིག་གཞན་པ་མཉམ་དུ་ཤེས་ཀྱི་རེད། སྐད་ཡིག་གཞན་པའི་རྗེས་ལ་བོད་སྐད་བསླབ་མི་དགོས་པ་ཞིག་ཆགས་ཀྱི་རེད། དེ་ཏན་ཏན་གྲུབ་འབྲས་ཡོད་པའི་ལས་ཀ་ཞིག་ཡིན་པར་ངས་མཐོང་གི་འདུག དེ་མིན་གྱི་སྲུང་སྐྱོབ་བྱེད་སྟངས་རྣམས་གཙོ་ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ལས་འགན་རེད་ལ། དེ་བཞིན་མཁས་པ་ཁག་དང་རྩོམ་པ་པོ་ཚོའི་ལས་འགན་སོགས་སྣ་ཚོགས་རེད། མང་ཚོགས་ངོས་ནས་དེ་ཚོར་རྗེས་སུ་ཡི་རངས་དང་མཐུན་འགྱུར་གནང་རྒྱུ་ཙམ་མ་གཏོགས། དམིགས་བསལ་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་ཞེས་ང་ལ་ཞུ་རྒྱུ་གང་ཡང་མེད། གང་ལྟར་སྐད་ཡིག་གལ་ཆེན་པོ་དང་སྲུང་སྐྱོབ་བྱེད་དགོས་པའི་ཚོར་སྣང་ཚང་མར་ཡོད་པ་དང་། སྲུང་སྐྱོབ་གནང་མཁན་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་ན་ཡག་པོ་རེད་བསམ་གྱི་འདུག ད་ལྟ་གལ་ཆེ་ཤོས་ནི་ཕྲུ་གུ་རང་གི་ཕ་སྐད་དང་མཉམ་དུ་འཚར་ལོངས་ཡོང་བའི་ཐབས་ཤེས་གནང་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན། གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག ཐུགས་རྗེ་ཆེ།

ཡིག་ཐོག་འབེབས་མཁན། ཆོས་རྒྱལ་བསྟན་འཛིན།
ཞུ་སྒྲིག་པ། བསྟན་འཛིན་དོན་ཡོད།