སྐུལ་བའི་གཏམ་དུས་དེབ་རྩོམ་སྒྲིག་ལས་ཁང་ནས་བཅར་འདྲི་ཞུས་པ་ཁག

དྲི་བ། བོད་མི་མང་སྤྱི་འཐུས་རྣམས་མཛད་ཁུར་བཞེས་ནས་ད་བར་དུས་ཡུན་གང་ཙམ་སོང་བ་དེའི་རིང་གཙོ་བོའི་ཕྱག་ལས་བཅའ་ཁྲིམས་གཏན་འབེབས་གནང་རྒྱུ་དང༌། དེ་མིན་གྱི་མཛད་དོན་ག་རེ་ཡོད་དམ།

ལན། སྐུལ་བའི་གཏམ་གྱི་རྩོམ་སྒྲིག་ལས་ཁང་ནས་ཕྲན་སྤྱི་འཐུས་ཚོགས་གཙོ་ལ་དྲི་བ་གནང་བ་དང༌། བསམ་ཚུལ་ཤོད་རྒྱུའི་གོ་སྐབས་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མང་གཙོའི་རྨང་གཞི་བསམ་དཔྱོད་དང་སྨྲ་བརྗོད་ཀྱི་རང་དབང་ལ་བེད་སྤྱོད་ཡང་དག་ཡོང་བ་གསར་ཤོག་དང་དུས་དེབ་ཁག་ལ་རག་ལུས་པར་བརྟེན། མང་ཚོགས་ཀྱི་མངོན་འདོད་ཇི་བཞིན་གསལ་བའི་བརྒྱུད་ལམ་འདི་དག་དྲང་བདེན་དང༌། འཇིགས་ཞུམ་མེད་པ་ཞིག་ཡོང་རྒྱུར་ཁོ་བོས་རྒྱུན་དུ་རེ་འདུན་ཤུགས་ཆེ་ཞུ་གི་ཡོད།

སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་ལས་ཁུར་བླངས་ནས་ཟླ་ངོ་བདུན་ཙམ་སོང་ཞིང༌། སྐབས་སྔ་མ་རྣམས་དང་མི་འདྲ་བར་ད་ཆ་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་ཚོགས་པ་ཞིག་ཏུ་གྱུར་ཟིན་པར་བརྟེན། ང་ཚོའི་སྐབས་བབ་ཀྱི་ལས་འགན་གཙོ་བོ་ནི་བཙན་བྱོལ་གཞུང་མང་གི་ལས་དོན་ཆེ་ཕྲ་ཡོངས་རྫོགས་འཕྲལ་སེལ་རིང་ལུགས་དང༌། གང་ཟག་གི་ཐག་གཅོད་ལ་ལྟོས་མི་དགོས་པའི་ཁྲིམས་ཀྱི་ལམ་སྲོལ་ཡང་དག་ཅིག་བརྟན་འཛུགས་ཐུབ་ཐབས་བྱ་རྒྱུ་དེ་ཡིན་གཤིས། ཁྲིམས་ཡིག་དང་སྒྲིག་གཞི་ཁག་གཏན་འབེབས་ཞུ་རྒྱུའི་ལས་དོན་རྣམས་གལ་ཆེ་དང་འཕྲལ་མཁོ་ཡིན་པར་བརྩིས་ཏེ་ནུས་ཤུགས་གང་ཡོད་དེའི་ཐོག་སྤུང་ཁུལ་ཡིན།

ཚོགས་ཆེན་སྔོན་མའི་ཐོག་བཅའ་ཁྲིམས་གཏན་འབེབས་རྗེས་ཚོགས་གཙོ་བགྲེས་གཞོན་གྱི་འོས་བསྡུ་དང༌། བཀའ་ཤག་འོས་བསྡུའི་སྒྲིག་གཞི་གཉིས་གཏན་འབེབས་ཞུས་ཟིན་ཐོག ཚོགས་ཆེན་གྲོལ་རྗེས་རྒྱུན་ལས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་གི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི་དང༌། སྤྱི་འཐུས་འོས་བསྡུའི་སྒྲིག་གཞི་བཅས་གཏན་འབེབས་ཀྱིས་ཕྱི་ཟླ་༡༡ ཚེས་༢༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་བཀའ་རྩ་ཁྱབ་བསྒྲགས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཟིན་པ་དང༌། དེ་བཞིན་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་དང༌། གཞུང་ཞབས་འདེམས་བསྐོའི་སྒྲིག་གཞི། འོས་བསྡུ་ལས་ཁང་གི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གཞིས་འགོ་དང་གྲོས་ཚོགས་འོས་བསྡུའི་སྒྲིག་གཞི། སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི། སྤྱི་འཐུས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། གཞུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་བཅའ་ཁྲིམས་དངོས་ཟིན་གྱི་སྒྲིག་གཞི་ཁག་བདུན་དང༌། གཞུང་གི་ལས་ཤག་བགོ་འགྲེམས་སྤྲོད་ལེན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཁྱོན་སྒྲིག་གཞི་ཁག་བརྒྱད་འཆར་ལོའི་ཕྱི་ཟླ་༡ ཚེས་༡༤ ནས་ཚོགས་རྒྱུའི་ཚོགས་འདུའི་ཐོག་ཐག་གཅོད་ཞུ་རྒྱུའི་ལས་རིམ་གཏན་འཁེལ་ཟིན་པར་བརྟེན། དེ་དག་གི་ཟིན་བྲིས་ཐོག་ཚོགས་ཆུང་དུ་གྲོས་བསྡུར་དང༌། ཕྱི་ནས་དགོངས་འཆར་ཕྱོགས་བསྡུ་ཞུ་དགོས་བཅས་ཀྱི་ལས་དོན་རྣམས་བྲེལ་འཚབ་ཀྱིས་ཞུ་བཞིན་པ་ཡིན།

དེ་མཚུངས་སྤྱི་འཐུས་དང་མང་ཚོགས་དབར་གོ་རྟོགས་དང་འབྲེལ་བ་བཟང་པོ་འབྱུང་ཆེད་རྒྱ་ཁྱབ་བོད་མི་གཞིས་སྒར་དང་ཁ་ཐོར་གནས་སྡོད་ཕལ་ཆེ་བ་ལ་སྤྱི་འཐུས་རྣམས་ཕྱོགས་བགོས་ཀྱིས་འཚམས་འདྲི་ལྟ་སྐོར་དུ་བཅར་ཏེ། གཙོ་ཆེ་བཅའ་ཁྲིམས་འགྲེལ་བརྗོད་དང་ཆབས་ཅིག་མང་གཙོའི་སློབ་གསོ་དང་དེ་འབྲེལ་ས་གནས་ཀྱི་དཀའ་ངལ་དང་བདེ་སྡུག་ལ་ཉམས་ཞིབ། ས་ཁུལ་ཡུལ་མི་དང་འབྲེལ་བ་བཟང་དུ་འགྲོ་ཐབས་བཅས་གང་ཐུབ་ཞུས་ཏེ་ལྟ་སྐོར་ཕལ་ཆེར་མཇུག་བསྡོམས་ཟིན་པ་དང༌། མཇུག་སྐྱོང་གི་ལས་དོན་ཞུ་འོས་རྣམས་ཚོགས་དུས་རྗེས་མའི་ཐོག་བཀའ་བསྡུར་ཐག་གཅོད་ཀྱིས་འབྲེལ་ཡོད་ལས་ཁུངས་སོ་སོར་སྐུལ་ལྕག་ཞུ་དགོས་དང༌། ཐད་ཀར་སྤྱི་འཐུས་ནས་ཞུ་དགོས་ལས་དོན་ཁག་བཅས་རིམ་པས་ཞུ་རྩིས་ལགས།

དྲི་བ། དམིགས་བསལ་ཆབ་སྲིད་ཀྱི་ལས་དོན་ད་བར་ག་རེ་གནང་ཡོད་མེད་དང༌། མ་འོངས་པར་གནང་འཆར་གང་དང་ཇི་ཡོད།

ལན། ཁྲིམས་བཟོ་ལྷན་ཚོགས་ནི་གཞུང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་གལ་ཆེ་ཤོས་ཤིག་ལ་སོང་བཅའ་ཁྲིམས་དང༌། སྒྲིག་གཞི་ཁག་གཏན་འབེབས་ཞུ་རྒྱུས་མཚོན་ལས་དོན་ཡོངས་རྫོགས་ཆབ་སྲིད་ཀྱི་ལས་དོན་ཡིན་སྟབས། དམིགས་བསལ་ཆབ་སྲིད་ཀྱི་ལས་དོན་འདི་དང་འདི་ཞེས་ཟུར་དབྱེ་བྱ་རྒྱུ་དཀའ་བར་སྣང༌། འོན་ཀྱང་བཀའ་གནང་བའི་དགོངས་དོན་སྤྱི་འཐུས་ལྷན་ཚོགས་ཀྱི་རང་འཁྲིའི་ཁྲིམས་བཟོའི་ལས་དོན་ལས་གཞན་པའི་ཕྱི་འབྲེལ་དང༌། དྲིལ་བསྒྲགས་ལྟ་བུའི་ལས་དོན་དམིགས་བསལ་བྱས་ཡོད་མེད་ལ་དགོངས་པ་ཡིན་ཚེ། གཞི་རྐང་སྤྱི་འཐུས་ལྷན་ཚོགས་ཀྱི་སྲིད་བྱུས་འཛིན་སྟངས་སུ་འགན་འཛིན་སྡེ་ཚན་གྱིས་བྱ་དགོས་ལས་དོན་རྣམས་ཀྱི་ཐོག་ཁྲིམས་བཟོའི་སྡེ་ཚན་གྱིས་ཐེ་བྱུས་དང༌། ཉིས་ཟློས་བྱ་རྒྱུ་དེ་དག་ལས་དོན་བྱེད་ཕྱོགས་ཡང་དག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། སྲིད་བྱུས་གཏན་འབེབས་སྐབས་བཏང་འཛིན་དང་ལས་དོན་འཐུས་ཚང་བྱུང་མིན་ཞིབ་འཇུག་བྱ་རྒྱུ་མ་གཏོགས། དངོས་སུ་ཐེ་གཏོགས་མི་དགོས་པ་གཙོ་འདོན་ཞུ་གི་ཡོད། སྔོན་མ་ཡིན་ན་སྤྱི་འཐུས་ཀྱིས་བརྩམས་པའི་ལས་འགུལ་རྣམས་གཞུང་འབྲེལ་མ་ཡིན་པར་མང་ཚོགས་ཀྱི་ངོས་ནས་ཡིན་པ་དང༌། གཞུང་གི་མཛད་བྱུས་ལས་ལོགས་སུ་ཡིན་པ་ལྟ་བུ་ཞིག་མཛད་སྲོལ་ཡོད་འདུག་ཀྱང༌། ད་ལྟའི་བཅའ་ཁྲིམས་སུ་གཞུང་གི་ཡན་ལག་ཁྲིམས་བཟོ་དང༌། འགན་འཛིན། ཁྲིམས་ཞིབ་ཁང་བཅས་གསུམ་ག་ཕན་ཚུན་ལྟོས་གྲུབ་དང༌། བཏང་འཛིན་ལྗིད་མཉམ་གྱི་སྒོ་ནས་རྒྱལ་ཁབ་དང་སྲིད་གཞུང་གི་བྱ་བ་འདུན་ལམ་གཅིག་གྱུར་མ་གཏོགས། ལམ་ཕྱོགས་ཐ་དད་དུ་འགྲོ་ཐབས་མེད་པར་སོང༌།

འགན་འཛིན་དང་གྲོས་ཚོགས་གཉིས་དབར་ཕྱི་ནང་མདོ་སྦུག་དང་གབ་རེས་གབ་རྩེད་ལྟ་བུ་བྱེད་ཀྱི་མེད། དེ་བཞིན་ཁྲིམས་ཞིབ་ཁང་ཟུར་ཡོད་ལ་བརྟེན། སྤྱི་འཐུས་སུ་ཞིབ་འཇུག་ཁྲིམས་དཔྱོད་ཀྱི་ལས་དོན་དེ་རིགས་སྔ་ལམ་བཞིན་ནམ་ཡང་ཞུ་ཐབས་མེད་པ་ཞིག་རེད། དེར་བརྟེན་སྔོན་སྲོལ་ལ་ཐུགས་གོམས་ཆེ་བ་མང་པོས་ད་ལྟའི་སྤྱི་འཐུས་འདི་ལས་མེད་ནུས་མེད་ཅིག་ཏུ་གཟིགས་ཚུལ་ཡོང་སྲིད་ཀྱང༌། ནམ་ཞིག་ནས་ད་ལྟའི་བཅའ་ཁྲིམས་ཀྱི་ལམ་སྲོལ་ལ་ཐུགས་གོམས་གྱུར་མཚམས་ད་གཟོད་སྤྱི་འཐུས་ཀྱི་ལས་དོན་ལ་ལེགས་ཉེས་རྣམ་དབྱེ་འབྱེད་སྟངས་གསར་པ་ཞིག་ཡོང་རྒྱུ་ཡིན་པ་སྨོས་མ་དགོས།

གཞུང་གི་སྲིད་བྱུས་ཐག་གཅོད་གནང་དགོས་རིགས་ལ་སྤྱི་འཐུས་ཀྱི་དགོངས་ཚུལ་རྣམས་གསལ་སྟོན་ཞུ་དགོས་དང༌། དེ་བཞིན་ལས་དོན་མང་དག་ཅིག་ཐོག་ཉེས་འགོག་ལེགས་སྤེལ་བྱ་དགོས་དང༌། ལས་ཁུངས་སོ་སོའི་ནང་གི་མཛད་ཕྱོགས་ལ་བསམ་ཚུལ་ཞུ་དགོས་ཅི་མཆིས་བཅས་ཐད་ཀར་བཀའ་ཤག་ཏུ་དུས་ནས་དུས་བསྟུད་ཡིག་ངག་གཉིས་ཐོག་ནས་ཞུ་བཞིན་པ་དང༌། ལས་ཁུངས་རྣམས་བཀའ་ཤག་ལ་འགན་ཁུར་ལན་འདེབས་དགོས་པ་དང༌། བཀའ་ཤག་གིས་སྤྱི་འཐུས་ལ་འགན་ཁུར་ལན་འདེབས་དགོས་པའི་བྱ་སྤུ་ནོན་གྱི་སྒྲིག་འཛུགས་དེ་སྲ་བརྟན་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་པ་ཡིན།

དེ་བཞིན་ཕྱི་ནང་མང་ཚོགས་དང༌། སྲིད་དོན་ཚོགས་པ་ཁག གྲོས་ཚོགས་ཁག་གི་འཐུས་མི་བཅས་ལ་འབྲེལ་ལམ་བྱེད་རྒྱུ་དང༌། བོད་མི་མང་ཚོགས་ལ་ཁྲིམས་དང་མང་གཙོའི་ལམ་སྲོལ་གྱི་སློབ་སྟོན་སྤྲད་རྒྱུ་དེ་དག་ཁྲིམས་བཟོའི་ལས་དོན་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་ལ་སོང༌། གོང་གསལ་ལས་དོན་གཉིས་ཐོག་བྱེད་ཕྱོགས་ཀྱི་འདུན་ལམ་གསལ་པོ་ཞིག་ཚོགས་འདུ་རྗེས་མའི་ནང་གཏན་འབེབས་ཞུས་ཏེ་དེ་རྗེས་ལས་འགུལ་རིམ་བརྩམ་ཞུ་རེ་ལགས།

དྲི་བ། གོ་ཐོས་སུ་ྋགོང་ས་ཆེན་པོས་བཀའ་རྩ་གནང་སྟེ་བཀའ་བློན་འཕར་མ་གསུམ་བསྐོ་བཙུགས་གནང་བ་དེའི་སྐོར་སྤྱི་འཐུས་ནང་དེ་ཁྲིམས་མཐུན་མེད་པའི་དགོངས་ཚུལ་ཡོད་གནས་ཐོས་རྒྱུ་འདུག་པ་ཁྲིམས་དང་མི་མཐུན་པ་བྱུང་ཡོད་མེད།

ལན། ༡༩༩༡ ཕྱི་ཟླ་༨ ཚེས་༥ ཉིན་ྋགོང་ས་ཆེན་པོས་བཀའ་བློན་ཉུང་སྐྱོན་སྐོར་བྱེད་ཕྱོགས་ཇི་དགེ་སྤྱི་འཐུས་རྒྱུན་ལས་ལ་བཀའ་འདྲི་ཕེབས་པར། རྒྱུན་ལས་སྤྱི་འཐུས་ཡོངས་རྫོགས་སྤྱི་མོས་ཐག་གཅོད་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་བཀའ་རྩ་ཁྱབ་བསྒྲགས་དང་བཀའ་བློན་ངོས་བཞེས་གནང་འོས་གང་མཆིས་གནང་སྐྱོང་ཡོང་བ་ཞེས་ཡིག་ངག་གཉིས་ཐོག་ནས་གསོལ་འདེབས་ཞུས་པ་དང༌། དེ་རྗེས་ྋགོང་ས་ཆེན་པོས་ཕྱི་ཟླ་༨ ཚེས་༧ ཉིན་བཅའ་ཁྲིམས་བསྐྱར་བཅོས་བཀའ་རྩ་ཁྱབ་བསྒྲགས་ཀྱི་ཟིན་བྲིས་སྤྱི་འཐུས་རྒྱུན་ལས་སུ་བསྩལ་ཏེ་འདིའི་ཐོག་བསམ་འཆར་ཇི་ཡོད་བཀའ་བརྩད་ཕེབས་པར། བཀའ་རྩ་ཟིན་བྲིས་ཀྱི་ངོ་བཤུས་རྒྱུན་ལས་སྤྱི་འཐུས་མི་རེ་ངོ་རེར་འགྲེམས་སྤེལ་གྱིས་ཞིབ་ཀློག་ཐོག་གྲོས་བསྡུར་ནན་ཏན་ཞུས་མཐར་སྤྱི་མོས་ཀྱིས་ཟིན་བྲིས་དེ་རང་འཐུས་འགྲིགས་བྱུང་འདུག་པའི་སྙན་གསན་ཡིག་ངག་གཉིས་ཐོག་ནས་ཕུལ་རྗེས་གཞི་ནས་ྋགོང་ས་ཆེན་པོས་བཀའ་རྩ་ཁྱབ་བསྒྲགས་དང༌། ཁ་སྐོང་བཀའ་བློན་ངོས་བཞེས་ཀྱི་འཛིན་སྐྱོང་བཀོད་ཁྱབ་བཅས་བསྩལ་གནང་མཛད་པ་རེད། དེར་བརྟེན་རྒྱུན་ལས་སུ་ཡོད་པའི་སྤྱི་འཐུས་ནང་དེ་ཁྲིམས་མཐུན་མིན་པའི་དགོངས་ཚུལ་ཤེས་པ་རྣལ་དུ་གནས་པ་ཞིག་ཡིན་ན་ཡོང་ཤེས་ཐབས་མེད་ཅིང༌། བཀའ་རྩ་ཁྱབ་བསྒྲགས་དང༌། བཀའ་བློན་ངོས་བཞེས་གཉིས་ཀ་བཅའ་ཁྲིམས་ཀྱི་འབྲུ་དོན་ཚིག་ཟིན་ཇི་ལྟ་བ་བཞིན་གནང་ཡོད་སྟབས། ཁྲིམས་མཐུན་མ་ཡིན་པའི་དྭོགས་གཞི་ཡོང་ས་རྩ་བ་ནས་མེད་པ་ཞིག་རེད།

དྲི་བ། ཚོགས་གཙོ་རིན་པོ་ཆེ་ནས་ཐུགས་འགན་རྐང་བཞེས་ཀྱིས་སྤྱི་འཐུས་རྣམས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐུགས་གཏན་འཁེལ་ཐུབ་པ་བྱུང་བ་དང༌། ད་དུང་སྤྱི་འཐུས་ཁག་བགོས་ཀྱིས་བོད་མིའི་གནས་ཡུལ་ཚང་མར་དེའི་སྐོར་གསལ་བསྒྲགས་གནང་ཟིན་སྟབས། མང་ཚོགས་ནས་བཅའ་ཁྲིམས་ཐོག་དམིགས་བསལ་དོ་སྣང་ཇི་ཡོད་དང༌། བསམ་ཚུལ་མང་ཤོས་དོན་ཚན་གང་དང་གང་གི་ཐོག་བྱུང་ཡོད།

ལན། བཅའ་ཁྲིམས་ཐོག་མང་ཚོགས་ཀྱིས་དོ་སྣང་གང་ཆེ་གནང་གི་འདུག དོན་ཚན་ཡོངས་རྫོགས་ལ་གཅིག་གྱུར་ལྟ་བུ་ཞིག་ལས་དམིགས་བསལ་དོན་ཚན་འདི་ཐོག་བསམ་ཚུལ་མང་བ་བྱུང་སོང་ཞེས་ཞུ་འོས་ཅང་མ་མཐོང༌། ལྟ་སྐོར་ཕེབས་མཁན་ཚོར་དོན་ཚན་སོ་གཅིག་པའི་ནང་གསེས་༡ ཁ་པ་ྋགོང་ས་ཆེན་པོའི་སྐུ་དབང་སྐོར་དེར་དྭོགས་འདྲི་གནང་མཁན་མང་བ་བྱུང་འདུག་ཅིང༌། སྤྱི་ལྷན་དུའང་བསམ་ཤོག་རེ་ཟུང་འབྱོར་སོང་བ་བཅས་ལ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་བརྡ་བཀྲོལ་མཐིལ་ཕྱིན་ཞུས་པ་ཡིན། ཡང་དོན་ཚན་བཞི་པ་གཞུང་གི་རྩ་དོན་དུ་༼བོད་དོན་བདེན་མཐའ་གསལ་ཐབས་༽ཞེས་པ་༼བོད་རང་བཙན་འཐོབ་ཐབས་༽ཞེས་བསྒྱུར་དགོས་ཞེས་དབུས་དང་ས་གནས་གཞོན་ཚོགས་ཀྱི་བསམ་ཤོག་ཁག་མང་འབྱོར་སོང༌།

དྲི་བ། ད་སྐབས་སྤྱི་འཐུས་རྣམས་ལས་འགན་ནང་དངོས་བཞུགས་གནང་ནས་བོད་གཞུང་མང་གཉིས་ཀྱི་འཕྲལ་ཕུགས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་སླར་གསོ་འབྱུང་ཐབས་སུ་དམིགས་ནས་ལས་དོན་གཙོ་བོ་ག་རེ་གནང་བཞེད་ཡོད་དམ།

ལན། བོད་ཀྱི་རྩ་དོན་བདེན་མཐའ་གསལ་ཐབས་སུ་ཕྱི་ནང་མཐུན་རྐྱེན་དུ་མ་ཞིག་སྨིན་དགོས་ལ་བརྟེན། སྤྱི་འཐུས་ལྷན་ཚོགས་ཀྱིས་གོང་ཞུས་ལྟར་རྩ་བ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འགན་ཁུར་བླངས་ཏེ་བཙན་བྱོལ་བོད་གཞུང་མང་ཁྲིམས་ཀྱི་ལམ་སྲོལ་འོག་ཁྲིགས་སེ་ཚུད་པ་ཞིག་དང༌། དེ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཚོས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། འབྱུང་འགྱུར་རང་དབང་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ལ་བློ་གདེང་འཁེལ་ཐུབ་པ་ཞིག་ཡོང་བའི་འབད་རྩོལ་བྱེད་རྒྱུ་དང༌། གཞུང་མང་ཡོངས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་བཅའ་ཁྲིམས་དགོངས་དོན་འཚེ་མེད་ཞི་བ་དང་བདེན་པའི་ལམ་འབའ་ཞིག་ཏུ་འགྲོ་ཐུབ་ཐབས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀྲིན་ལས་རྒྱལ་སྤྱིའི་མང་ཚོགས་ནང་མཛའ་བརྩེ་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་རླབས་ཆེ་ཡོད་པ་དེ་དག་ཕྱོགས་བསྒྲིལ་གྱིས་ནུས་པ་མངོན་པར་གསལ་བར་བྱེད་ཐབས་ལ་གུས་རྟག་གི་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་རྩིས་དང༌། ལས་དོན་མཐའ་དག་ཁྲིམས་ཀྱི་ལམ་སྲོལ་དུ་ཚུད་པ་ཡོང་ཆེད་གོང་གསལ་ཁྲིམས་ཡིག་དང་སྒྲིག་གཞི་ཁག་བརྒྱད་ཙམ་ཚོགས་ཐེངས་རྗེས་མའི་ནང་གཏན་འབེབས་ཞུ་རྒྱུ་མ་ཟད། ལྷག་པར་ལོ་འཁོར་སྔོན་རྩིས་ཀྱི་སྒྲིག་གཞི་གཏན་འབེབས་ཞུས་ཟིན་ལྟར། འཆར་ལོ་༡༩༩༢།༡༩༩༣ གྱི་རྩིས་ལོ་ནས་བཟུང་ལོ་འཁོར་སྔོན་རྩིས་དང་དཔལ་འབྱོར་གྱི་སྒྲིག་ལམ་ཚད་ལྡན་ཞིག་བཟོས་ཏེ་འཆར་ལོ་ལྔ་ཙམ་གྱི་རིང་གཞུང་གི་འཆར་གཞི་ཡོངས་རྫོགས་རགས་རིམ་ད་ལན་གྱི་ལོ་འཁོར་སྔོན་རྩིས་སུ་དམིགས་འོག་ཚུད་པ་ཞིག་ཡོང་ཐབས་ཀྱིས་ལས་དོན་གལ་གནད་ཆེ་ཆུང་དང་དཔལ་འབྱོར་དང་མི་འགྲོའི་ནུས་ཤུགས་སྤུང་ཐབས། སྡེ་ཚན་སོ་སོའི་ལས་དོན་རྣམས་འབྲེལ་མེད་ཁ་ཐོར་མ་ཡིན་པར་གཅིག་ཕན་གཅིག་གྲོགས་ཆད་ལྷག་ཟློས་སྐྱོན་མི་ཡོང་བ་དང་གྲུབ་འབྲས་འབེན་ཚད་གསལ་བཀོད་ཀྱིས་རྒྱུན་དུ་ཐོན་སྐྱེད་བྱ་ར་ཐུབ་ཐབས་བཅས་ཡོང་ཐབས་ཞུ་རྩིས་ལགས།

དྲི་བ། ད་ལམ་གྱི་བཅར་འདྲི་ཞུས་པའི་གོ་སྐབས་འདི་ཐོག་ནས་ཚོགས་གཙོ་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་དམིགས་བསལ་གསུང་འོས་འདྲ་ཡོད་མེད།

ལན། ད་ལམ་སྐུལ་བའི་གཏམ་གྱིས་བཀའ་འདྲི་གནང་བའི་གོ་སྐབས་བཟང་པོ་འདི་བཟུང་སྟེ་ཁོ་བོས་མང་ཚོགས་ལ་རེ་སྐུལ་ཞུ་རྒྱུའི་སྙིང་པོར། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་དོན་འདི་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་ཁེ་ཕན་ཙམ་མ་ཡིན་པར། སྐྱེ་འགྲོ་ཡོངས་ཀྱི་བདེ་དོན་དང་བདེན་དོན་སྲུང་སྐྱོབ་ལ་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་ཡིན་པས་འཇིག་རྟེན་ཡོངས་ཁྱབ་ཀྱི་ཆེད་དུ་རང་རེར་འཁྲི་བའི་ལས་འགན་རྩ་ཆེན་ཞིག་ཡིན་པ་དང༌། དམིགས་ཡུལ་བཟང་པོ་འདིའི་སྒྲུབ་ཐབས་ཀྱང་ལམ་གང་བྱུང་གིས་མི་ཆོག་པར། ཆོས་ལུགས་རྣམས་ཀྱིས་བསྟན་པའི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་བྱམས་བརྩེའི་སྙིང་པོ་ཅན་ཞིག་ཡིན་དགོས་པ་ལས། དེ་མིན་བསྒྲུབ་བྱ་དང་ཐབས་ལམ་ག་འཛོལ་དུ་སོང་ན་རྒྱུ་ངན་པ་ལས་འབྲས་བུ་བཟང་པོ་སྐྱེ་མི་སྲིད་པ་མངོན་སུམ་མཐོང་ཆོས་ཡིན་ཞིང༌། འཚེ་མེད་ཞི་བ་འབའ་ཞིག་གི་ཐབས་ལམ་ཉམས་སུ་ལེན་པ་ལའང་སྙིང་སྟོབས་ཀྱི་ནུས་པ་རླབས་ཆེ་ཞིག་མ་སྨིན་པར་སྡར་མའི་བློས་ལྕོགས་པར་དཀའ་བས་ཚང་མ་རང་རང་གི་བློའི་ནུས་པ་སྨིན་ཐབས་ལ་འབད་འབུང་གནང་དགོས་པ་དང༌། བོད་མིའི་དབུ་ཁྲིད་ཉག་གཅིག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་གཞིས་བྱེས་བོད་མི་ཡོངས་རྫོགས་བློ་རྩེ་གཅིག་བསྒྲིལ་གྱིས་ཤར་བསྐྱོད་ཐུབ་པ་དང༌། གང་ཟག་སྒེར་གྱི་འཁོན་འཛིན་ཆབ་སྲིད་སྤྱི་དོན་དུ་མ་བསྲེ་བར་སྤྱི་དོན་དྲང་བདེན་ཚགས་ཚུད་འབྱུང་ཐབས་དང་། འགན་ཁུར་མེད་པའི་གཏམ་འཆལ་ལ་མགོ་བོ་མ་འཁོར་བར་མི་མང་ཚང་མས་རང་རང་གི་ཕྱོགས་སུ་མ་ལྷུང་བའི་རྣམ་དཔྱོད་ཀྱི་ནུས་པ་ལ་རང་དབང་དུ་སྤྱོད་དེ་བླང་དོར་མ་འཛོལ་བ་གནང་རྒྱུ་དང༌། ཁྲིམས་ཀྱི་ལམ་སྲོལ་བཟང་པོ་ཕྲ་ཚུགས་ཐབས་སུ་མང་ཚོགས་སྤྱི་དང༌། ལྷག་པར་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་སྒྲིག་ལམ་དང་ཁྲིམས་སྲོལ་བརྩི་སྲུང་བྱ་རྒྱུར་སུན་སྣང་དང་གལ་ཆུང་དུ་མི་བརྩི་བར་སྒྲིག་ཁྲིམས་ཆུང་ཙག་ཀྱང་ཁྱད་གསོད་མི་བྱེད་པར་གལ་གནད་དུ་ལྟ་བའི་གཤིས་སྤྱོད་འཇགས་ཐབས་གནང་གལ་ཐོག གཞུང་དང་སྒྲིག་འཛུགས་སུ་ལའང་རྒྱབ་སྐྱོར་དང་སྐྱོན་འཛུགས་དགག་བྱ་གང་བྱས་ཀྱང་འགན་ཁུར་ཡོད་པའི་ཡུལ་མི་ཞིག་ཡིན་པའི་འདུ་ཤེས་ཀྱིས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ཆ་རྐྱེན་འོག་གནང་རྒྱུ་དང༌། སྤྱི་འཐུས་ལྷན་ཚོགས་དང༌། སྤྱི་འཐུས་བྱེ་བྲག་པ་སུ་ཐད་དགོངས་འཆར་བཀའ་སློབ་གནང་འོས་ཅི་མཆིས་མིང་མེད་ཡིག་འཁྱར་མ་ཡིན་པར་དངོས་སུ་ངག་ཡིག་གང་རུང་ནས་ཐད་ཀར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

བཅར་འདྲི་འདི་༡༩༩༡ ཕྱི་ཟླ་༡༢ ཚེས་༢ ཉིན་གྲུབ་འདུག་ཀྱང༌། དུས་དེབ་ནང་ནམ་བཀོད་མིན་ཤེས་རྟོགས་མ་ཐུབ།