སྐྱོན་བརྗོད་བྱ་ཡུལ་ངོས་འཛིན་དགོས་པ།

སྐྱོན་བརྗོད་བྱ་ཡུལ་ངོས་འཛིན་དགོས་པ་དང༌། སྐྱོན་བརྗོད་ལ་གདོང་ལེན་ཇི་ལྟར་གནང་ཕྱོགས།
ང་ཚོ་གྲོས་ཚོགས་གསར་པ་མང་གཙོའི་རིང་ལུགས་གསར་པའི་ནང་གོམ་པ་རྒྱག་བཞིན་པ་ཡིན་སྟབས་དཀའ་ངལ་ཡོང་གི་ཡོད། བསམ་བློའི་དཀའ་ངལ་ཡོད་རེད། མང་གཙོའི་ལམ་སྲོལ་ནང་ཇི་ཙམ་འགལ་ཟླ་ཤུགས་ཆེ་བ་ཡོད་ན་དེ་ཙམ་དུ་གཞུང་གི་གཟི་བརྗིད་ཡོད།འགལ་ཟླ་བྱུང་དུས་སྤམ་ཤོར་ན་མང་གཙོའི་ལམ་ལ་འགྲོ་གི་མེད་པ་རེད། རྒྱ་གར་གྱི་སྲིད་བློན་དང་པོ་ནེ་ཧ་རུ་ལྟ་བུ་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་ཧ་ཅང་གུས་བརྩི་ཆེན་པོ་གནང་གི་ཡོད་པ་དང་ཆབས་ཅིག་གྲོས་ཚོགས་ནང་ཁ་གཏད་ཀྱང་ཤུགས་ཆེན་པོས་བཅའ་གནང་གི་ཡོད་པ་རེད། ནེ་ཧ་རུ་སྐབས་མངའ་སྡེ་དང་རྫོང་གི་དཔོན་རིགས་རྣམས་ལ་སྲིད་བློན་ཕྱོགས་ཕེབས་སྐབས་ངོ་རྒོལ་བྱེད་མཁན་དང་དར་ཆ་ནག་པོ་འཁྱེར་མཁན་རྣམས་ས་གནས་འོས་འཚམས་སྤྲད་དེ་ངོ་རྒོལ་བྱེད་དུ་བཅུག་པ་དང༌། སྲིད་བློན་ཕེབས་སྐབས་ལམ་ལ་དར་ཆ་ནག་པོ་འཁྱེར་མཁན་ཡོད་ན་ཕེབས་འཁོར་ག་ལེར་བཏང་བ་དང༌། སྙན་ཞུ་ཡོད་ན་བཞེས་པ་སོགས་གནང་གི་ཡོད། དེ་སྐབས་རྙོག་ཁྲ་ཆེན་པོ་གཏན་ནས་མེད། དེའི་རྗེས་ཨིན་ད་ར་གན་རྡིའི་དུས་སུ་མངའ་སྡེ་དང་རྫོང་གི་དཔོན་རིགས་བརྒྱུད་ལམ་ལ་དར་ཆ་ནག་པོ་འཁྱེར་མཁན་ཡོད་ན་སྐོར་སྲུང་བས་འཛིན་བཟུང་བྱེད་དགོས་སོགས་ངོ་རྒོལ་བྱེད་མཁན་ལ་ཁ་ཡ་ཡག་པོ་མ་བྱས་པར་བརྟེན། མཐའ་མ་པན་ཇབ་དང༌། ཀ་ཤ་མིར་སོགས་ཀྱི་གནས་ཚུལ་ཇི་བྱུང་གཟིགས་གསལ་དང༌། གྲོས་ཚོགས་སུ་ཕྱོགས་འགལ་ལ་བརྩི་མཐོང་གནང་སྟངས་མ་མཁྱེན་པས་མཐའ་མ་ཛ་དྲག་གི་དུས་རབས་བཟོ་དགོས་བྱུང་བ་དང༌། ཇཡ་པྲཀཱཤ་ནཱ་རཱ་ཡན་གྱི་དབུ་ཁྲིད་འོག་ལས་འགུལ་ཤུགས་ཆེ་བྱུང་བ་མ་གཏོགས་རྒྱ་གར་གྱི་མང་གཙོའི་ལམ་སྲོལ་ཉེན་ཁའི་ནང་སླེབས་པ་བྱུང་ཡོད།
གཞུང་འཛིན་ལ་སྐྱོན་བརྗོད་བྱས་པ་དེ་ལ་ལན་དང་གསལ་བཤད་མཐིལ་ཕྱིན་པ་གནང་དགོས་པ་རེད། སྐྱོན་བརྗོད་དེ་ལས་དོན་ཞིབ་ཚགས་བྱུང་མིན་དང་བྱེད་ཕྱོགས་འགྲིག་མིན་ལ་བྱེད་དགོས་ཀྱི་ཡོད་པ་རེད། མིའི་ལྷག་བསམ་དང་རྒྱལ་གཅེས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་རེད། ལྷག་བསམ་ལ་སྐྱོན་བརྗོད་བྱས་ན་ནོར་བ་རེད། གལ་ཏེ་ལྷག་བསམ་ལ་སྐྱོན་ཡོད་པ་ཞིག་སྐྱོན་བརྗོད་བྱས་ནས་བཞག་ན་ནོར་བ་རེད། ལྷག་བསམ་ལ་སྐྱོན་ཡོད་ན་ལས་དོན་ནས་ཕུད་དགོས་པ་རེད། ཇི་སྲིད་ཡིད་ཆེས་ཡོད་པའི་བར་དགག་པ་དང་སྐྱོན་བརྗོད་བྱེད་དགོས་པ་རེད། སྐྱོན་བརྗོད་བྱེད་མཁན་དང་བྱ་ཡུལ་གཉིས་ཀར་དེ་འདྲ་དགོངས་རྒྱུ་མེད་པ་དགོངས་པར་བཞག་དགོས། གོང་དུ་སྤྱི་འཐུས་རྣམ་པས་བཀའ་མོལ་གནང་བདེ་མེད་པ་དང་དཀའ་ངལ་ཡོད་པ་གསུང་གིན་གསུང་གིན་མང་ཐག་ཆོད་གསུངས་སོང༌། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་ལྔ་པ། ༡༩༩༣/༠༧/༢༧ ་་་ ༡༩༩༣/༠༨/༠༨