སྔོན་གླེང་།

༄༅། །ནམོགུརུབྷཡ། པད་དཀར་འཛིན་པའི་ཐུགས་རྗེའི་འོད་རླབས་ཀྱིས། །མ་ལུས་འགྲོ་བའི་རྨོངས་མུན་ཡོངས་བསལ་ཏེ། །ཚེ་རབས་འཁྱུད་མོའི་སྡུག་ཀུན་རྒྱུན་བཅད་ནས། །དབང་ཕྱུག་རྒྱལ་བའི་ས་ལ་འགོད་པར་མཛོད། །པད་འདབ་བཞིན་དུ་བློ་རིག་རྣམ་བཀྲ་ཞིང༌། །མ་སྨད་ལྷག་བསམ་སྦྲང་རྩིའི་བཅུད་ལྟར་མངར། ཚེ་དང་བསོད་ནམས་རྣམ་འབྱེད་ཤེས་རབ་སོང༌། །དབང་ཕྱུག་ཕུན་སུམ་ཚོགས་པའི་དཔྱོད་ལྡན་དེས། །པད་དཀར་འཆང་བའི་གདུལ་ཞིང་གངས་ལྗོངས་ཀྱི། །མ་བཅོས་ལྷུག་པར་བརྗོད་པའི་དངོས་བྱུང་གཏམ། །ཚེ་འདིའི་སྣང་ཤེས་གཞོམ་པའི་སྐུལ་མ་རུ། །དབང་པོ་ཚིམ་བྱེད་སྙན་ཚིག་བདུན་རྩིར་བསྒྲུབས། །དེ་ལ་བློ་དམན་བཟང་པོའི་མིང་ཅན་གྱིས། །ཡང་དག་བསྟན་དོན་འཛིན་སླད་དཔྱད་པ་ན། །སྡེབ་སྦྱོང་པད་འདབ་མ་རྙིང་ལེགས་བཀྲ་བ། །མཐོང་བའི་ཚེ་ན་དབང་མེད་ཡིད་རབ་འཕྲོག དེ་ཡང་སྤྲང་སྨྱོན་གང་བྱུང་རོ་སྙོམ་དུ་འབོད་པ་བདག་གངས་ཅན་བོད་ཀྱི་ས་མཐར་སྐྱེས་པའི་བོད་རིགས་བཀྲུས་པས་མ་དག་པ་ཞིག་ཡིན་སྟབས། བོད་ཀྱི་བདེ་སྡུག་གི་གནས་ཚུལ་ཉན་པ་ལ་ངམ་ངམ་ཤུགས་ཤུགས་ཀྱིས་འཇུག་པ་ནི་སྔོན་གོམས་སྲེད་པའི་བག་ཆགས་མཐུག་པོས་བདས་པ་གདོན་མ་འཚལ་རུང༌། རང་ཉིད་ཆོས་ལུགས་ཀྱི་ཕྱོགས་རིས་དང་ལུང་ཚན་གྱི་ཆགས་སྡང་མ་འབྱོར་པས་མི་གྲལ་ནས་བུད་དེ། མདོ་མེད་སྲང་བར་དུ་མྱུལ་བའི་ཁྱི་གྲལ་བསྙེགས་ཀྱང༌། དལ་བ་དོན་ལྡན་དུ་བགྱིད་པའི་ལྷ་གྲལ་མ་ཐོབ་པས། ཁྱེད་ཀྱི་ཆེད་དུ་བྱ་བའི་ཉན་པ་པོ་གསུམ་ཚན་བདུན་གྱི་ཁོངས་སུ་མ་གཏོགས་མོད། བྱུས་མེད་བྱུང་འཁྲིའི་ངང་ཚུལ་དུ་མིག་རྣའི་དབང་པོ་རང་ཤུགས་ཀྱིས་གཏོད་ཐལ་བ་དེའི་ཚེ། ཁྱེད་ཀྱི་ཚེ་གང་སྐྱིད་སྡུག་གི་གནས་ཚུལ་དེ་དག་རྗེ་བཙུན་མི་ལའི་རྣམ་ཐར་བཞིན་རེས་འགའ་དགོད་བྲོ་བ་དང༌། རེས་འགའ་ངུ་བྲོ་བ་ཞིག་འདུག་ལ། བཤད་ཚུལ་ཡང་གནའ་དེང་བོད་ཀྱི་རྩོམ་རིག་སྤྱི་འགྲོས་ལས་ཟུར་དུ་ཐོན་ཏེ་ཁེར་འགྲོས་འཐེན་པོར་བསྐྱོད་པ་ཞིག་འདུག་སྟབས། རྗེ་གུང་ཐང་པས། འབྲུག་པ་ཀུན་ལེགས་བཞིན་བཤད་ན། མཐོས་རྒྱག་དམས་རྒྱག་ལ་གཏོང་ངོ༌། །གེ་སར་སྒྲུང་གླུ་ལ་ཉན་བཞིན། དགའ་མདོག་སྡུག་མདོག་རེ་གྱིས་དང༌། ཞེས་གསུངས་པའི་ཚིག་དོན་ཡིད་ལ་ལྷ་མ་མེར་འཁོར་ཞིང༌། དགའ་སྡུག་གི་རྣམ་རིག་སྦས་དཀའ་ཙམ་བྱུང༌། གནའ་བོའི་རྙིང་ཞེན་དང༌། དེང་རབས་ཀྱི་ཡར་ཐོན་གཉིས་ཀ་མེད་པའི་བོད་སྐྱེས་ཀྱི་བོང་རྒན་ལས་ཀྱིས་བསྐོས་པའི་བྱ་བའི་ཁུར་གྱིས་སྒལ་པ་རྨ་རུལ་དུ་སོང་བ་བདག་གི་རྣ་བར་སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་ཚིག་གསེར་དང་བྱེ་མ་གང་བླུག་ཁྱད་པར་མི་འདུག་རུང༌། དོན་གྱི་བྲོ་བ་མངར་ཞིང༌། ཚིག་གི་ལོ་འདབ་གཞོན་པའི་ “ང་ནི་བོད་ཡིན་” ཞེས་པའི་བེའུ་བུམ་གྱི་ལ་ཕུག་གསོས་པ་འདི་མཐོང་བ་ན་དགའ་བ་དང་རེ་བའི་འགྲམ་ཆུ་དབང་མེད་དུ་ལྡང༌།
དེའི་རྩོམ་པ་པོས་ཁ་བོར་སྔོན་བརྗོད་ཅིག་འབྲི་དགོས་རེ་སྐུལ་བྱུང་བའི་སྐབས། སྔ་མོ་ཞིག་ན་མཆེད་གྲོགས་ཤིག་གིས་ངེད་ལ་ཆེད་རྩོམ་ཞིག་སྐུལ་སྐབས། ལས་བྲེལ་ལྷན་དུམ་མང་བརྩེགས་བེམ་པོའི་འོག །སྒྱིད་ལུག་གཉིད་ཀྱིས་རྣོན་པའི་རྒད་པོ་ལ། རྩོམ་ཡིག་གར་སྟབས་འཁྱུག་པོར་བསྒྱུར་དགོས་བཀའ། །ཉ་མོར་བལ་ཁྲལ་འགེལ་བའི་ཚུལ་དུ་སོང༌། །ཞེས་བརྗོད་པ་སླར་དྲན་ཞིང༌། དེ་སྔའང་ལེགས་བཤད་ཀྱི་གླེགས་བམ་མི་ཉུང་བ་ཞིག་ཁོ་བོའི་སྔོན་གླེང་ལ་བསྒུགས་ཏེ་པར་དུ་མ་ཐོན་པ་དང༌། པར་སྐྲུན་དུས་འགྱངས་སོང་བ་དེ་དག་གི་དཀར་ཆག་གི་ཕྲེང་བའི་ནང་འགངས་ཅན་གྱི་གླེགས་བམ་འདི་ཡར་སྣོན་དུ་དྭོགས་པས་སྐྱི་གཡའ་བ་ཞིག་བྱུང༌། ཁྱད་དུ་འཕགས་པའི་ལེགས་བཤད་འདི། གསུམ་ཚན་བདུན་གྱི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུའི་ཟླ་གྲངས་མང་ཙམ་ཞིག་འགྱངས་པ་ནི་ཁཽ་བོས་ལན་པ་ཡིན་པས་བཟོད་པར་གསོ། མཐོལ་ལོ་བཤགས།
ཉི་ཟླའི་འོད་ལ་སྒྲོན་མེས་གསལ་འདེབས་དང༌། བཙོ་མའི་གསེར་ལ་མཐིང་གིས་མདོག་འདོན་མི་དགོས་ཞེས་གནའ་བོའི་བོད་ཀྱི་གཏམ་དཔེར་ཡོད་པ་ལྟར་པུར་རྒྱལ་བོད་ཀྱིས་རང་གི་བྱུང་བ་ལྷུག་པོར་བརྗོད་པའི་བདེན་གཏམ་སྙིང་གི་འབོད་སྒྲ་རང་བྱུང་རྡོ་རྗེའི་གླུ་ལ་སྔོན་བརྗོད་ངོ་སྤྲོད་ཀྱི་དགོས་པ་མ་མཆིས་ཀྱང༌། རྒྱལ་བའི་གསུང་ལ་སྡུད་པ་པོས་གླེང་གཞི་སྦྱར་བའི་གནའ་རབས་དང༌། དཔེ་དེབ་པར་འདེབས་བྱེད་ཚད་ལ་སྔོན་གླེང་ངམ། ངོ་སྤྲོད། ཡང་ན་ཆེད་བརྗོད་ལྟ་བུ་རེ་ངེས་པར་ཡོད་དགོ་སཔའི་དེང་རབས་གཉིས་ཀ་དང་མཐུན་པར་ཆེད་བརྗོད་མདོར་བསྡུས་ཤིག་བྲིས་ཀྱང་འགལ་བ་མ་མཐོང༌།