ཧུན་སུར་རབ་རྒྱས་གླིང་དུ་གནང་བའི་གསུང་བཤད་དང༌དྲི་བ་དྲིས་ལན།

༈ ཕྱི་ལོ་༡༩༩༤ ཟླ་༢ ཚེས་༡༩ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་སྒར་དུ་གཞོན་ནུ་དང༌། ཚོགས་པ་ཁག་བཅས་ཀྱི་མི་འཐུས་རྣམས་ལ་གནང་བའི་གསུང་བཤད་དང༌། དྲི་བ་དྲིས་ལན།

༄༅།། དགེ་འདུན་རྣམ་པ་དང༌། ཕྱག་སྦྲེལ་སྤྱི་འཐུས་རྣམ་པ། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི། ས་གནས་འགོ་འཛིན། དེ་བཞིན་སེར་སྐྱ་ཕོ་མོ་ཚང་མར། ད་རིང་བོད་མིའི་གཞིས་སྒར་ཆེ་གྲས་ཧུན་སུར་རབ་རྒྱས་གླིང་ལ་སྤྱི་འཐུས་ལྷན་ཚོགས་ངོས་ནས་འཚམས་འདྲི་ཞུ་ཆེད་ང་འདིར་བཅར་ཐུབ་པ་དེ་ཧ་ཅང་སྐལ་བ་བཟང་པོ་བྱུང་སོང་སྙམ། དེས་ན་སྤྱི་འཐུས་ལྷན་ཚོགས་དང༌། སྤྱི་འཐུས་རྒྱུན་ལས། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཡོངས་རྫོགས། དེ་བཞིན་ང་རང་སྒེར་ངོས་ནས་འདིར་ཕེབས་པའི་རྣམ་པ་ཚོ་དང༌། རྣམ་པ་ཚོའི་བརྒྱུད་ནས་ཧུན་སུར་རབ་རྒྱས་གླིང་གི་བོད་མི་རྒན་གཞོན་ཚང་མ་ལ་མཛའ་བརྩེའི་ངང་ནས་འཚམས་འདྲི་དང༌། གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ཁྱེད་རྣམས་ཀྱི་དགོངས་པར་མངའ་གསལ་བཞིན་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་སྔོན་ནས་ད་ལྟ་ཕན་ཆད་ལ་ཡོད་པའི་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་དེས་ང་ཚོ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཆེད་དུ་དུས་རབས་དང་འཚམས་པའི་འདང་བ་ཞིག་དང་ཁུངས་ཁྱོལ་བ་ཞིག་མི་ཡོང་བར་གཟིགས་ནས་རྩ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཞིག་ལ་འགྲོ་དགོས་པའི་དགོངས་བཞེས་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གྲངས་ནས་ཡོད་པ་རེད་དེ། ྋསྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་དེར་བོད་ཤར་ཕྱོགས་ཀྱི་ས་མཚམས་ནས་རྒྱ་མིའི་བཙན་འཛུལ་གྱི་ལས་འགུལ་འགོ་བཙུགས་ཟིན་པའི་གནས་སྐབས་ཤིག་རེད།

ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ཉིན་གྲངས་མང་པོ་མ་སོང་བར་གྲོ་མོ་ཁུལ་དུ་ཆེད་བསྐྱོད་གནང་དགོས་བྱུང་བ་དང༌། དེ་རྗེས་རྒྱ་མིའི་བཙན་འཛུལ་གྱི་ལས་འགུལ་ཤུགས་ཆེར་ཕྱིན་ཏེ་ཕྱོགས་གཅིག་ནས་དམག་འཐབ་དང༌། ཕྱོགས་གཞན་ནས་མདོ་སྟོད་སྤྱི་ཁྱབ་༤༩འཛིན་བཟུང་བྱས་པ་དང་མཉམ་དུ་ཡོད་པའི་བོད་ཀྱི་གཞུང་ཞབས་ཁ་ཤས་ལ་བོད་སྲིད་གཞུང་སྐུ་ཚབ་ཀྱི་མིང་བཏགས་ནས་བཙན་དབང་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་བྱེད་དགོས་པ་བྱུང་ནས་དགོངས་གཞི་དང་མཐུན་པའི་མང་གཙོའི་གསར་བརྗེའི་ལས འགུལ་དེ་དག་ཕྱག་ལེན་བསྟར་མ་ཐུབ་པའམ་བསྟར་ཁག་པོ་ཆགས་པ་རེད། ཡིན་ནའང་ད་དུང་ྋསྐྱབས་མགོན་རིན་པོ་ཆེ་ཐུགས་ཀྱི་སྤོབས་པ་མ་ཞུམ་པར་བོད་རྒྱ་མིའི་འོག་རང་སྐྱོང་ལྗོངས་ཀྱི་ངོ་བོ་ཞིག་ལ་ཁས་ལེན་གནང་དགོས་བྱུང་བའི་རྗེས་ལའང་ལམ་སེང་བོད་ཀྱི་ཆབ་སྲིད་ཀྱི་ངོ་བོ་དེ་མང་གཙོའི་རིང་ལུགས་ཤིག་གི་ནང་གསར་བརྗེ་ཡང་དག་པ་ཞིག་གནང་རྒྱུའི་དགོངས་པ་བཞེས་ནས་ཚོགས་འཐུས་རེ་བཞི་རེ་ལྔ་ཡོད་པའི་ལེགས་བཅོས་ཚོགས་འདུ་ཞིག་བཙུགས་གནང་གིས་གཞི་རིམ་གྱི་གསར་བརྗེ་ཆེན་པོ་ཞིག་གནང་རྒྱུའི་དགོངས་པ་རླབས་ཆེན་བཞེས་པ་རེད་དེ། རྒྱ་མིའི་བཙན་ཤུགས་དེ་ཉིན་རེ་ནས་ཉིན་རེར་ཤུགས་ཆེར་ཕྱིན་པར་བརྟེན། ལེགས་བཅོས་ཚོགས་འདུས་རྒྱབ་གཉེར་ཞུས་པའི་ཕྱག་ལས་ཁག་གི་ནང་ནས་བུ་ལོན་རྙིང་པ་ཁག་ཆག་ཡང་གནང་རྒྱུ་དང༌། ས་བདག་གི་གྲལ་རིམ་ཁ་ཤས་ལ་འགྱུར་བ་གཏོང་རྒྱུ། གཞུང་གི་ལས་དོན་སྣ་མང་ཞིག་ལ་འུ་ལག་དང་རྟའུ་ལ་སོགས་པའི་ཁྲལ་རྒྱུག་དགོས་པ་དེ་དག་ཉུང་དུ་གཏོང་རྒྱུ་དང་གླ་ཡོད་དུ་གནང་རྒྱུ། མི་དཔོན་ཁག་གི་མིའི་དབང་སྒྱུར་བྱེད་སྟངས་ཐོག་ཐེ་བྱུས་བྱེད་རྒྱུ། རྫོང་གཞིས་ཁག་གཞུང་ཞབས་སྒེར་པས་ཟིན་པ་དག་གཞུང་འཛིན་གནང་རྒྱུ་སོགས་བསྒྱུར་བཅོས་རིམ་པ་མང་པོ་ཞིག་གནང་ཐུབ་པ་ཙམ་མ་གཏོགས། དེ་ལས་སྤྲོས་ཏེ་རྩ་བའི་བོད་ཀྱི་མང་གཙོའི་ཆབ་སྲིད་ཀྱི་རྩ་ཁྲིམས་བཟོ་རྒྱུ་སོགས་ལས་དོན་ཆེ་བ་དག་གནང་མ་ཐུབ་པ་རེད། དེ་ནས་རྒྱ་མིའི་བཙན་ཤུགས་ཀྱི་ནུས་པ་དེ་བོད་རྗེ་མང་ཚང་མས་མ་བཟོད་པར་༡༩༥༩ ཕྱི་ཟླ་༣ ཚེས་༡༠ ཉིན་བོད་གྱེན་ལངས་ཀྱི་ངོ་རྒོལ་ཆེན་པོ་དེ་བྱུང༌། བོད་མི་ཚང་མས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་མིའི་བཙན་འོག་བཞག་པའི་གྲོས་ཆོད་དོན་ཚན་བཅུ་བདུན་དེ་ངོས་ལེན་མེད་པ་དང༌། བོད་རང་བཙན་ཡིན་པ། རྒྱ་མི་བོད་ནས་ཕྱེར་འཐེན་དགོས་པའི་སྐད་འབོད་བྱས་པའི་ཉིན་མོ་དེ་ནས་བཟུང་རྒྱ་མིའི་དམག་གི་གནོན་ཤུགས་ཧ་ཅང་ཤུགས་ཆེར་ཕྱིན་པའི་ཉེར་ལེན་གྱིས་ྋསྐྱབས་མགོན་རིན་པོ་ཆེ་དང༌། ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་གནང་བའི་བོད་ཁྲིམས་མཐུན་གྱི་སྲིད་གཞུང་དང༌། དེ་བཞིན་སེར་སྐྱ་མི་མང་ཧ་ལམ་ཁྲི་བརྒྱད་ལྷག་ཙམ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། འབྲུག བལ་ཡུལ་བཅས་ནང་བཙན་བྱོལ་དུ་ཡོང་དགོས་པའི་གནས་ཚུལ་བྱུང༌། བཙན་བྱོལ་དུ་ཡོང་རྗེས་བཙན་བྱོལ་བོད་མིའི་འཚོ་ཐབས་ཀྱི་དཀའ་ངལ་བསལ་རྒྱུ་དང༌། བཙན་བྱོལ་བ་རྣམས་གཞིས་ཆགས་རྒྱུ། བཙན་བྱོལ་ནང་ཡོད་པའི་བོད་མི་ན་གཞོན་རྣམས་ལ་དེང་དུས་ཀྱི་ལམ་སྲོལ་དང་མཐུན་པའི་ཤེས་ཡོན་གྱི་སློབ་སྟོན་གནང་རྒྱུ། ཆོས་སྡེ་ཁག་དང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་སོ་སོའི་བརྒྱུད་རིམ་ཆོས་འཆད་ཉན་གྱི་ཉམས་ལེན་དེ་དག་འཛིན་སྐྱོང་ཐུབ་རྒྱུ། སྐྱབས་བཅོལ་ལ་ཡོད་པའི་བོད་མི་རྒན་རིམ་རྣམས་རྒས་གསོ་ཁང་སོགས་ནང་འཚོ་བ་སྐྱེལ་ཐུབ་རྒྱུ་སོགས་ཕྱག་ལས་ཧ་ཅང་གི་འཁྲུགས་འཛིངས་དང་སྐུ་ངལ་ཆེན་པོ་བསམ་བརྗོད་ལས་འདས་པ་ཞིག་ཡོད་རེད་དེ། དེ་དག་ཚང་མའི་ནང་ནས་བོད་གཞུང་གི་ཆབ་སྲིད་ཀྱི་འཛིན་སྟངས་ཀྱི་ལམ་སྲོལ་དེ་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ་དེ་གལ་གནད་དང་ཛ་དྲག་ཆེ་བ་ཞིག་ཏུ་བརྩིས་གནང་གིས་༡༩༥༩ ཕྱི་ཟླ་༦།༧ ནང་མ་སུ་རིར་བཙན་བྱོལ་གཞུང་གི་ནང་སྲིད་དང༌། ཕྱི་དྲིལ། ཆོས་དོན། བདེ་སྲུང་བཅས་ལས་ཁུངས་ཁག་ལྔ་བསྐྱར་འཛུགས་གནང་ཞིང༌། དེ་གའི་ལོ་མཇུག་དང་ཕྱི་ལོ་༡༩༦༠ ལོ་མགོར་ྋསྐྱབས་མགོན་རིན་པོ་ཆེ་རྡོ་རྗེ་གདན་དུ་ཆིབས་སྒྱུར་གནང་སྐབས་ཆོལ་ཁ་ཆོས་ལུགས་དང་བཅས་པའི་བོད་མི་སྐྱབས་བཅོལ་བ་མང་དག་ཅིག་རྡོར་གདན་དུ་འཛོམས་པའི་གོ་སྐབས་དེ་ཟིན་ནས་མི་མང་གི་ཚོགས་འདུ་ཉིན་བསྟུད་མར་ཚོགས་གནང་བའི་ཐོག་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཁང་གསར་འཛུགས་གནང་རྒྱུ་དང༌། དེའི་བརྒྱུད་ནས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དེ་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུའི་ཐག་གཅོད་རླབས་ཆེན་ཞིག་གནང་བ་རེད། སྐབས་དེ་དུས་བོད་མིའི་སྡོད་སྒར་ཁག་ཁ་ཐོར་ཡིན་པས་འགྲིམས་འགྲུལ་དང་ཡིག་འབྲེལ་སོགས་འགོར་གཞི་ཆེན་པོ་ཡིན་སྟབས། ༡༩༦༠ ཕྱི་ཟླ་༡།༢ ནང་རྡོར་གདན་དུ་ཐག་གཅོད་གནང་བའི་ལས་དོན་དེ་དག་ཕྱག་ལེན་དུ་བསྟར་ཆེད་ཟླ་བ་གང་འཚམས་ཤིག་འགོར་རུང༌། ལོ་དེའི་ཕྱི་ཟླ་༩ ཚེས་༢ ཉིན་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དྷ་སར་དམ་བཅའ་ཕུལ་ཏེ། ཆོས་རྒྱལ་འཕགས་པའི་སྐབས་ནས་མུ་མཐུད་ཡོང་བའི་བོད་ཀྱི་སྲིད་གཞུང་ྋརྒྱལ་བ་ལྔ་པས་ཆབ་སྲིད་སྐྱོང་སྐབས་ངོ་བོ་དང་རྣམ་པ་ཕྲན་བུ་བསྒྱུར་བཅོས་གནང་བ་དེ་སླར་ཡང་སྐུ་ཕྲེང་བཅུ་བཞི་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གསར་དུ་གནང་བ་དེ་ནས་འགྱུར་བ་དང་ལམ་གསར་པ་ཞིག་ཆགས་ཏེ། མང་གཙོའི་རིང་ལུགས་ནང་གོམ་པ་དང་པོ་དེ་རྒྱ་གར་ནང་སླེབས་ནས་སྤོས་པ་དེ་འདྲ་རེད། ཡིན་ནའང་སྐབས་དེ་དུས་གཞོན་སྐྱེས་དེ་ཚོ་གཞི་ནས་སློབ་སྦྱོང་ནང་འཛུལ་རྒྱུ་རེད། རྒན་པ་དེ་ཚོའང་སྲིད་དོན་གྱི་བསམ་ཚུལ་དང༌། སྲིད་དོན་གྱི་ཉམས་མྱོང༌། སྲིད་དོན་ཐོག་དོ་སྣང་གང་ཡང་མེད་པར་དེ་དུས་བོད་པའི་སྤྱི་ཚོགས་ཀྱི་རང་བཞིན་གྱི་གཤིས་ཀ་དེ་གང་འདྲ་ཡོད་རེད་ཅེ་ན། སོ་སོའི་སྐབས་བབ་ཀྱི་ལས་འགན་དེ་ཚུལ་བཞིན་དུ་བསྒྲུབས་ནས་སྙོམ་ཆུང་ཚུལ་མཐུན་བསྡད་པ་མ་གཏོགས། ཆབ་སྲིད་ཐོག་བསམ་བློ་གཏོང་མི་དགོས་པ་དང༌། བྱུས་གཏོགས་བྱེད་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད། སྡེ་པ་གཞུང་གི་བྱུས་གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད་ཟེར་བ་དེས་སྐབས་དེ་དུས་བོད་པའི་སྤྱི་ཚོགས་ཀྱི་བསམ་ཚུལ་ཧ་ཅང་གསལ་པོ་མཚོན་ཐུབ་པའི་གཏམ་དཔེ་ཞིག་རེད། གང་ལྟར་འགོ་ཁྲིད་གཅིག་དང༌། སྲིད་གཞུང་གཅིག ཆབ་སྲིད་ཀྱི་ལས་དོན་བྱེད་མཁན་གྱི་གང་ཟག་བྱེ་བྲག་པ་ཁ་ཤས་ཐོག་བརྒྱ་ཆ་བརྒྱ་ཐམ་པ་བློས་འགེལ་བྱས་པ་མ་གཏོགས། མང་ཚོགས་ངོས་ནས་ཆབ་སྲིད་ཐོག་དཔུང་པ་མཉམ་འདེགས་བྱེད་དགོས་པའི་བསམ་ཚུལ་མེད་པའི་སྤྱི་ཚོགས་ཤིག་གི་ནང་གློ་བུར་མང་གཙོའི་རིང་ལུགས་ཐོག་འགྲོ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་པ་དེ་བཤད་མ་དགོས། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་དྷ་སར་སྒྲིག་འཛུགས་གནང་བའི་ཉིན་མོ་དེ་ནས་རང་བཞིན་གྱི་ཆ་ནས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ནང་འོས་འདེམས་བྱས་པའི་འཐུས་མིས་ལས་ཀ་བྱེད་རྒྱུའི་གོ་སྐབས་ཡོད་པའི་རིང་ལུགས་གསར་པ་ཞིག་ནང་གོམ་པ་བརྒྱབས་རུང༌། ང་ཚོས་ཁྲིམས་ཀྱི་ལམ་སྲོལ་ལྡན་པའི་ཐོག་ནས་ཡང་དག་པ་ཞིག་འགྲོ་ཐུབ་པ་བྱུང་མེད།

སྐབས་དེ་དུས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་བོ་དེ་བཀའ་སློབ་འབུལ་མཁན་དང་གྲོས་བསྡུར་བྱེད་སའི་ཚོགས་འདུའི་ངོ་བོ་ཞིག་མ་གཏོགས། ཁྲིམས་སྲོལ་དང་ལམ་ལུགས་ཐོག་ནས་མཐའ་མའི་ཐག་གཅོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ལ་ཆགས་ཐུབ་མེད། གལ་ཏེ་མཐའ་མའི་ཐག་གཅོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་གི་ངོ་བོར་བཟོས་པ་ཡིན་ནའང༌། སྐབས་དེ་དུས་གྲ་བསྒྲིག་རྒྱུ་དང་ཁུངས་འཁྱོལ་རྒྱུ་ཞིག་ཀྱང་ཡོད་མ་རེད། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞིའི་ནང་སྤྱི་འཐུས་ལྷན་ཚོགས་དེ་འདྲ་ཞིག་ཚུགས་ཐུབ་པ་ཡིན་ནའང༌། རིམ་པས་རིང་པོར་མ་ཐོགས་པར་བོད་མི་རྣམས་ཀྱིས་ཕྱོགས་གཅིག་ནས་ཕྱི་རྒྱལ་ལུང་པར་སླེབས་པས་གཡས་གཡོན་གྱི་མང་གཙོའི་རིང་ལུགས་ཀྱི་ལམ་སྲོལ་དེ་དག་ལ་དཔེ་བལྟ་རྒྱུ་དང༌། ཕྱོགས་གཞན་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་ཀ་བྱེད་རྒྱུའི་ཐོག་ཉམས་མྱོང་བསགས་ནས་གང་ལྟར་མང་གཙོའི་ལམ་བཟང་ཐོག་ཡག་པོ་འགྲོ་ཐུབ་པ་མགྱོགས་པོ་ཞིག་ཡོང་གི་རེད་དགོངས་པའི་ཐུགས་རེ་ཤུགས་ཆེན་པོ་ཞིག་བྱུང་བ་རེད། དེ་ནས་བཟུང་སྟེ་སྐབས་བཞི་པ་དང༌། ལྔ་པ། དྲུག་པ་ལ་མུ་མཐུད་ཡོང་སྐབས་ལས་དོན་དང་འཛིན་སྐྱོང་གང་གི་ཐོག་ནས་ཉམས་མྱོང་དང་གསར་གཏོད་ཀྱི་རྣམ་པ་མང་པོ་ཞིག་མཁྱེན་པ་མ་ཟད། གྲུབ་འབྲས་ཀྱང་མང་པོ་ཞིག་ཐོན་པ་རེད། ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གཤིས་ཀའི་ནང་ལས་དོན་གང་འདྲ་ཞིག་ཡིན་རུང༌། གསར་པ་ཞིག་མགོ་བརྩམས་ནས་ལོ་རེ་ནས་ལོ་རེ་འགྲོ་སྐབས་དེ་འཆར་ཅན་དང་གནའ་སྲོལ་ལྟ་བུ་ཞིག་ཆགས་ནས་འགྱུར་བ་གཏོང་མ་དགོས་པར་བརྟན་པོ་གཞག་རྒྱུའི་བསམ་ཚུལ་ཡོད་པ་དཔེར་ན་དབྱིན་སྐད་དུ་Statisco ལ་བསྡད་རྒྱུའི་འདོད་པ་བྱེད་པའི་ལམ་སྲོལ་ཞིག་ཡོད་པས་སྐབས་དྲུག་པ་དང་བདུན་པ་ལ་སླེབས་དུས་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གིས་འཆར་ཅན་སྔ་མོ་བོད་ལ་ཡོད་པའི་གཞུང་སྲོལ་གྱི་འགྲོ་སྟངས་བཞིན་ལོ་རེ་ལོ་རེ་བང་དེད་ནས་འགྲོ་ཞིང༌། དཔེར་ན། མཛད་སྒོ་སོགས་ཀྱང་ཟླ་བ་དང་པོ་ལ་འདི་བྱེད་དགོས། ཟླ་བ་གཉིས་པ་ལ་འདི་བྱེད་དགོས་ཞེས་དང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་བྱེད་རྒྱུའི་ལས་དོན་དེ་དག་ཐག་བཅད་དེ་དཀར་ཆག་ཅིག་བཟོས་པ་དང༌། དཀར་ཆག་ནང་མེད་པའི་ལས་དོན་ཞིག་ཡིན་ན་སྤྱི་འཐུས་ལྷན་ཁང་གི་ལས་འགན་མ་ཡིན་པ་ལྟ་བུ་དང༌། སྤྱི་འཐུས་རྣམ་པ་ཚོས་ཀྱང་སྐབས་སྔ་མའི་སྤྱི་འཐུས་རྣམས་ཀྱིས་འདིའི་ཐོག་ཕྱག་ལས་གནང་མི་འདུག

དེར་བརྟེན་ང་ཚོས་ཀྱང་གནང་དགོས་ཀྱི་མ་རེད་ཅེས་གསུངས་པ་དང༌། ད་ང་ཚོ་སྐབས་དྲུག་པ་རེད། སྐབས་ལྔ་པས་གང་གནང་བ་དེ་ང་ཚོས་མུ་མཐུད་ནས་གནང་ན་མ་གཏོགས། དེའི་ཐོག་ཧ་ཅང་གསར་པ་བཟོ་དགོས་པ་གང་ཡང་ཡོད་མ་རེད་ཅེས་དགོངས་པ་དང༌། དེ་འདྲའི་གནས་སྟངས་ཀྱིས་བར་ལམ་ཞིག་ནས་མང་གཙོའི་གོམ་བགྲོད་དེ་ཕྲན་བུ་ལྷོད་དུ་ཕྱིན་པ་དང༌། ཡར་རྒྱས་ཀྱི་རྣམ་པ་དེ་ཉུང་དུ་ཕྱིན་པ་རེད། ལྷག་པར་དུ་སྐྱབས་བཅོལ་བ་རྣམས་གཞིས་ཡག་པོ་ཞིག་ཆགས་ཏེ་མང་ཚོགས་ནང་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་དྲག་ཏུ་ཕྱིན་ནས་ཛ་དྲག་གི་གནས་སྟངས་ཆུང་དུ་འགྲོ་སྐབས་སྲིད་དོན་གྱི་བསམ་ཚུལ་དེ་ལྷོད་པ་ལྟ་བུས་མང་གཙོའི་རིང་ལུགས་ནང་གོམ་པ་མགྱོགས་པོ་ཞིག་བརྒྱབ་མ་ཐུབ་པ་རེད། ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་གནང་རྒྱུ་དེ་དག་དུས་ལས་མ་ལུས་པ་ཞིག་གནང་ཡོད་ཅིང༌། ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་པ་དང༌། ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དང༌། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱས་པ་བཅས་གསོལ་རས་གནང་བ་རེད། ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་མང་གཙོའི་འགྱུར་བ་དེ་མགྱོགས་པོ་ཞིག་ཕྱིན་ན་དགོངས་པའི་དགོངས་ཚུལ་རླབས་ཆེན་པོ་ཡོད་པ་དེ་འདྲ་རེད། དེ་ནས་ལོ་བཞི་ལྔའི་བར་དུ་ཟླ་བ་དྲུག་རེའི་ཐོག་ཟླ་དྲུག་ལས་དོན་ཚོགས་འདུ་ཟེར་བ་དེ་ཚོགས་ནས་གཞུང་གི་ཆབ་སྲིད་ཀྱི་ལས་དོན་དེ་དག་བསྐྱར་ཞིབ་དང༌། མ་འོངས་པའི་བྱེད་འཆར་དེ་དག་དགོངས་པ་བཞེས་ཀྱི་ཡོད་རེད། དེ་འདྲ་ཞིག་ནས་ཟླ་དྲུག་ལས་དོན་ཚོགས་འདུ་དེ་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་འདུ་དང༌། དེ་ནས་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་འདུའང་ལོ་གཉིས་རེར་ཚོགས་པ་དང༌། དེ་འདྲ་བྱས་ཏེ་རྣམ་པ་དེ་ལྷོད་དུ་འགྲོ་བ་མ་གཏོགས། མང་གཙོའི་རིང་ལུགས་ཐོག་གོམ་པ་མདུན་བསྐྱོད་ཆེན་པོ་མ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ཤིག་ནས་ྋསྐྱབས་མགོན་རིན་པོ་ཆེས་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་སམ་གཞུང་གི་སྒྲིག་འཛུགས་དེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག་ཅེས་ཡང་ཡང་གསུངས་ཏེ། འགྱུར་བ་གཏོང་སྟངས་ཀྱི་རིམ་པ་མང་པོ་ཞིག་ཐོག་བཀའ་སློབ་གསལ་པོ་གནང་ཡོད་རུང༌། ང་ཚོ་མང་ཚོགས་ངོས་ནས་ཡིན་ནའང་རེད། ལོ་འཁོར་ལས་བསྡོམས་ཚོགས་འདུ་སྔ་རྗེས་སྐབས་ཡིན་ནའང་རེད། དམིགས་བསལ་ཆབ་སྲིད་ཀྱི་གྲོས་ཚོགས་སྐབས་ཡིན་ནའང་རེད། གལ་སྲིད་འགྱུར་བ་ཆེན་པོ་ཞིག་གཏོང་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་གནང་རྒྱུའི་སྐུ་དབང་དང༌། དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་ལ་ཁྱད་པར་ཞིག་འགྲོ་གི་མེད་འགྲོ་སྙམ་པའི་དྭོགས་ཟོན་ཤུགས་ཆེན་པོ་ཞིག་སླེབས་པ་ཡིན་སྟབས། མར་བཀའ་ག་རེ་གནང་ནའང༌། ཡང་བསྐྱར་ཡར་གྲོས་ཆོད་ཕུལ་ཏེ། འགྱུར་བ་ཆེན་པོ་གཏོང་མི་དགོས་པར་གནས་སྐབས་ཤིག་རིང་སྔར་བཞིན་བསྡད་ཆོག་པ་དང༌། གང་ཡིན་རུང་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་ཚང་མ་འགྲོ་རྒྱུ་ཡོད་པ་ཞེས་ཞུ་བསྡད་པ་རེད། ང་ཚོས་གྲོས་ཆོད་དང༌། གཏན་ཚིགས། ཞུ་ཚིག་ཕུལ་བ་དེ་འདྲ་བྱས་ཏེ་དུས་ཚོད་གང་འཚམས་བསྐྱལ་བ་རེད། དེ་འདྲ་ཞིག་གི་མཚམས་ལ་སྤྱི་ཚོགས་ནང་དོན་མེད་ཀྱི་རྙོག་ཁྲ་སྣ་ཚོགས་ཤིག་བྱུང་བའི་ཉེར་ལེན་གྱིས་སྒྲིག་འཛུགས་འདིའི་གནས་སྟངས་ཡོངས་སུ་རྫོགས་པ་དེ་ལ་གཞི་རིམ་གྱི་འགྱུར་བ་ཆེན་པོ་ཞིག་མ་བཏང་ན་ཐབས་མེད་པ་ཞིག་དང༌། འགྱུར་བ་གཏོང་སྟངས་དེའང་མི་མང་གི་ངོས་ནས་བསམ་བློ་སྨིན་རྒྱུ་དང༌། གོམ་པ་བརྒྱབ་རྒྱུ་དེ་ཁག་པོ་ཞིག་ཡིན་པ་ྋསྐྱབས་མགོན་རིན་པོ་ཆེས་གཟིགས་པའི་དབང་གིས་ཕྱི་ལོ་༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དུས་ཚོད་ཉུང་ངུ་ཞིག་ལས་མ་ཕྱིན་པ་དེ་འཕྲལ་དུ་ཕྱིར་བསྡུ་གནང་རྒྱུ་དང༌། ྋརྒྱལ་བ་ལྔ་པ་ནས་བཟུང་སྟེ་བར་མ་ཆད་པར་མུ་མཐུད་ཡོང་བའི་ྋསྐྱབས་མགོན་རིན་པོ་ཆེས་བསྐོ་གཞག་གནང་བའི་བཀའ་ཤག་དེའང་ཕྱིར་བསྡུ་གནང་རྒྱུའི་ཆེད་དུ་སྐབས་དེར་ཆབ་སྲིད་ཚོགས་ཆེན་དམིགས་བསལ་ཞིག་བསྡུ་བསྐོང་གནང་ནས་དེའི་ཐོག་ནས་བཀའ་ཤག་འོས་འདེམས་བྱེད་པའི་ལམ་སྲོལ་དེ་ྋསྐྱབས་མགོན་རིན་པོ་ཆེས་རལ་གྲི་གནམ་གཡུག་གིས་ཐག་གཅོད་གནང་སྟེ། བཀའ་ཤག་དེ་ངེས་པར་དུ་འོས་འདེམས་བྱེད་དགོས་པ་དང༌། སྤྱི་འཐུས་བཅོ་བརྒྱད་ཡོད་པའི་སྤྱི་འཐུས་ལྷན་ཚོགས་དེ་སྤྱི་འཐུས་བཞི་བཅུ་ཞེ་དྲུག་ཅན་གྱི་སྤྱི་འཐུས་ལྷན་ཚོགས་ཤིག་ལ་འགྱུར་བ་གཏོང་རྒྱུ། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལ་བསྐྱར་ཞིབ་བྱེད་རྒྱུ། བཙན་བྱོལ་དུ་གནས་པའི་རིང་འཕྲལ་དུ་ལག་ལེན་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་བཟོ་རྒྱུའི་ཆེད་ཟིན་བྲིས་ཚོགས་ཆུང་གསར་འཛུགས་གནང་རྒྱུ་དེ་དག་ཐོག་ྋསྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་གཙང་མ་བཅད་ནས་ཚོགས་ཆེན་དེའི་ཐོག་བཀའ་ཕེབས་པ་རེད། དེ་ནས་ང་ཚོས་སྙ་གི་སྙིག་གེ་ཞུ་ས་མ་རག་པ་རེད། གཅིག་བྱས་ན་Tibetan Review ནང་Cartoon ཐོན་འདུག་པ་དེ་དག་ཁྱེད་ཚོས་གཟིགས་ཡོད་ཀྱི་རེད། སྤྱི་ཚོགས་གཞན་ཡིན་ན་མི་མང་གིས་མང་གཙོའི་རིང་ལུགས་དོན་དུ་འབད་བརྩོན་བྱེད་ཀྱི་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་ྋསྐྱབས་མགོན་རིན་པོ་ཆེས་མང་གཙོའི་རིང་ལུགས་དོན་དུ་ཨུ་ཚུགས་གནང་གི་ཡོད་རེད། གནས་ཚུལ་དེ་ང་ཚོའི་སྤྱི་ཚོགས་ནང་དངོས་ཡོད་བྱུང་བ་ཞིག་རེད། ྋསྐྱབས་མགོན་རིན་པོ་ཆེས་སྔ་མོ་ནས་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱས་བསྡུས་གཉིས་ཀ་གསོལ་རས་གནང་ཡོད་རེད་དེ། ང་ཚོས་ག་དུས་ཡིན་ནའང་རྩ་ཁྲིམས་རིན་པོ་ཆེ་དེ་བོད་རང་དབང་བསྐྱར་གསོ་བྱུང་བའི་རྗེས་ལ་ལག་ལེན་བསྟར་རྒྱུ་ཞིག་ཏུ་མ་གཏོགས། ད་ལྟ་ལག་ལེན་བསྟར་རྒྱུ་ཞིག་མིན་པ་གཞི་བཟུང་བྱས་ནས་དེ་ལ་སློབ་སྦྱོང་ཡང་བྱེད་ཀྱི་ཡོད་མ་རེད་ལ། དེའི་ནང་ནས་ད་ལྟ་བསྟར་ཐུབ་པ་ག་རེ་འདུག་དེའང་ལྟ་གི་ཡོད་མ་རེད།

ལར་ནས་སྤྱི་འཐུས་ལྷན་ཚོགས་ཤིག་ཡོད་པ་ཡིན་ནའང༌། དེ་བཀའ་སློབ་འབུལ་མཁན་དང་གྲོས་བསྡུར་བྱེད་མཁན་གྱི་ངོ་བོར་བརྩིས་ཏེ། གྲོས་ཚོགས་དང༌། འཛིན་སྐྱོང༌། ཁྲིམས་ཀྱི་བཏང་འཛིན་བྱེད་མཁན་གྱི་དབང་ཆ་གསུམ་པོ་དེ་གསལ་པོར་ཕྱེ་བ་ཞིག་སྐབས་བཅུ་པའི་སྤྱི་འཐུས་ཡན་ཆད་ལ་མ་བྱུང་བ་རེད། དེར་བརྟེན་སྐབས་བཅུ་པའི་སྤྱི་འཐུས་ཕྱིར་བསྡུ་གནང་བ་དང་ཆབས་ཅིག་ང་ཚོས་མ་འོངས་པའི་རྩ་ཁྲིམས་ཟིན་བྲིས་ཁོ་ནར་སྒུག་བསྡད་ན་ད་ལྟའི་གནས་སྐབས་འདིར་མང་གཙོའི་རིང་ལུགས་ཐོག་གོམ་པ་བརྒྱབ་ཐུབ་པ་དང༌། ལས་སླ་པོ་ཞིག་ཡོང་གི་མེད་པར་གཟིགས་ནས་མ་འོངས་པའི་རྩ་ཁྲིམས་དེ་བསྐྱར་ཞིབ་བྱ་རྒྱུ་སྨོས་མེད་ཐོག ད་ལྟའི་གནས་སྐབས་ལ་བཙན་བྱོལ་དུ་བསྡད་རིང་ཁ་ཡོད་ལག་ཡོད་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཤིག་ངེས་པར་དུ་དགོས་ཀྱི་འདུག་ཅེས་བཀའ་ཕེབས་པ་རེད། དེ་ཚོ་ཚང་མ་མཁྱེན་གསལ་རེད་དེ། ཡིན་ནའང་དྲན་གསོའི་ཚུལ་དུ་བསྐྱར་དུ་བྱུང་རིམ་དེ་དག་ཞུ་གི་ཡོད། དེ་རྗེས་ལམ་སེང་ཟིན་བྲིས་ཚོགས་ཆུང་གིས་ཉིན་མཚན་ལྟོས་མེད་དུ་ཟླ་བ་བཅུའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་བརྒྱབ་རྒྱུ་དང༌། མང་ཚོགས་ལ་བཀྲམས་རྒྱུ། མང་ཚོགས་ནས་བསམ་ཚུལ་བསྡུ་རྒྱུ་དེ་དག་ཟིན་པར་ཞུས་ནས་མཐའ་མ་ྋསྐྱབས་མགོན་རིན་པོ་ཆེ་ནས་ཚིག་རེ་རེ་ཞིབ་འཇུག་གནང་སྟེ། ཟིན་བྲིས་ཚོགས་ཆུང་དང༌། བཀའ་ཤག ྋསྐྱབས་མགོན་རིན་པོ་ཆེ་བཅས་ནས་ཞོགས་པ་ནས་དགོང་དྲོའི་བར་ཉིན་ནས་ཉིན་བསྟུད་དེ་གཏན་འབེབས་རླབས་ཆེན་ཞིག་གནང་རྗེས་ཟིན་བྲིས་དེ་སྤྱི་འཐུས་སྐབས་བཅིུག་པ་དམ་འབུལ་ཞུ་སྐབས་གནང་གྲུབ་པ་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱི་སྒྲོམ་གཞི་གང་འདྲ་ཞིག་ལ་བཞག་ཡོད་རེད་ཅེ་ན། ད་ལྟའི་འཛམ་གླིང་འདིའི་ནང་ཆབ་སྲིད་ཀྱི་འགྲོ་སྟངས་མི་འདྲ་བ་དང༌། ལམ་སྲོལ་མི་འདྲ་བ་བརྒྱ་ཕྲག་ཡོད་ཀྱང༌། དེ་ཚང་མའི་ནང་སྐྱོན་ཁྱོན་ནས་མེད་པ་ནི་ཧ་ལམ་མེད་པ་ཞིག་རེད། ཡིན་ནའང་གྲོས་ཚོགས་ཀྱི་ལམ་སྲོལ་ལྡན་པའི་མང་གཙོའི་རིང་ལུགས་དེ་སྐྱོན་ཉུང་ཤོས་དང༌། གལ་ཏེ་སྐྱོན་བྱུང་བ་ཡིན་ན་དེ་དག་སེལ་སླ་ཤོས་ཀྱི་གནས་ཚུལ་ཡོད་པ་ཡིན་སྟབས། ང་ཚོའི་ད་ལྟའི་བཙན་བྱོལ་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་གྲོས་ཚོགས་ཀྱི་ལམ་སྲོལ་ཡོད་པའི་མང་གཙོའི་རིང་ལུགས་ཤིག་ནང་འགྲོ་དགོས་པ་དང༌། དེ་འདྲ་བའི་མང་གཙོའི་རིང་ལུགས་དེའང་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང༌། སྤྱི་ཚོགས་ཀྱི་དགོས་མཁོ། ལྷག་པར་མ་འོངས་པ་བོད་རང་དབང་བསྐྱར་གསོ་བྱུང་སྐབས་ཕན་ཐོགས་ཡོད་པ། ད་ལྟའི་ཉམས་མྱོང་བསགས་པ་དེས་ཡོང་རྒྱུ་བསྡད་པའི་རང་དབང་ཅན་གྱི་བོད་ཀྱི་མང་ཚོགས་ཀྱི་ཁེ་ཕན་དང་འཚམས་པ། ཁྱད་པར་ཆོས་ལུགས་རྣམས་ཀྱིས་བསྟན་པའི་ཡང་དག་པའི་ཀུན་སྤྱོད་དང༌། འཚེ་མེད་ཞི་བའི་ལམ་གྱི་ལྟ་བ་ལ་གཞི་རྩ་བཅོལ་ཐུབ་པ། བྱམས་བརྩེའི་སྙིང་པོ་ཅན་གྱི་ལྷག་བསམ་བཟང་པོའི་ངོ་བོ་དེ་བཅའ་ཁྲིམས་ནང་མཚོན་ཐུབ་པའི་གནས་ཚུལ་ཞིག་གཞི་ལ་བཞག་ནས་བཅའ་ཁྲིམས་ཟིན་བྲིས་གནང་བ་རེད། དེ་རྒྱལ་ཁབ་གཞན་ཞིག་གི་རྩ་ཁྲིམས་ནས་དཔེ་བླངས་པ་དང༌། གཡར་བ་ཞིག་མིན། ང་ཚོའི་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་བརྒྱ་ཆ་བརྒྱ་ཐམ་པ་གྲོས་ཚོགས་དབང་འཛིན་གྱི་ལམ་སྲོལ་ཞིག་ཀྱང་མིན་ལ། བརྒྱ་ཆ་བརྒྱ་ཐམ་པ་སྲིད་འཛིན་དབང་འཛིན་རིང་ལུགས་ཀྱི་ལམ་སྲོལ་ཞིག་གི་ནང་ལའང་འགྲོ་གི་མེད། དེ་གཉིས་ཀྱི་ལེགས་ཆ་དེ་དག་གཅིག་ཏུ་བསྡུས་ནས་རྩ་བའི་མང་གཙོའི་རིང་ལུགས་ཆེད་ངེས་པར་དུ་དགོས་པའི་གཞི་རིམ་གྱི་མཚན་ཉིད་དང་ལྟ་བ་དེ་དག་མ་བརླག་པའི་ཐོག་ད་ལྟའི་བོད་མིའི་སྤྱི་ཚོགས་དང༌། མ་འོངས་པའི་བོད་མིའི་སྤྱི་ཚོགས་གཉིས་ཀའི་དགོས་མཁོ་བསྒྲུབ་པར་གང་ལེགས་པ་དེ་དག་ཕྱོགས་བསྡུས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་རེད། དེ་ཡང་སྐབས་བཅིུག་པའི་སྤྱི་འཐུས་དམ་བཅའ་ཕུལ་བའི་ཉིན་མོ་དེར་ྋསྐྱབས་མགོན་རིན་པོ་ཆེ་སྐུ་དངོས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ྋཞབས་སོར་འཁོད་ནས་བཅའ་ཁྲིམས་ཟིན་བྲིས་དེ་གསོལ་རས་གནང་བ་དང་ཆབས་ཅིག་ང་ཚོའི་ཐོག་མའི་ལས་འགན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བཅའ་ཁྲིམས་གཏན་འབེབས་བྱེད་པའི་ལས་དོན་དེ་ལས་དོན་ཐམས་ཅད་ཀྱི་སྔོན་ལ་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་བ་རེད། སྐབས་བཅིུག་པའི་སྤྱི་འཐུས་དེ་ཚོ་ཁྲིམས་ལུགས་དང༌། མང་གཙོའི་ལམ་སྲོལ། ལྷག་པར་སྲིད་དོན་གྱི་ཚན་རིག་ཐོག་སྦྱངས་པ་ཡོད་པ་རེ་ཟུང་མ་གཏོགས། མང་ཆེ་བ་དེང་རབས་སློབ་སྦྱོང་ནང་མ་ཕེབས་པ་བོད་མི་རྒན་གྲས་ཡིན་ཡང༌། ྋསྐྱབས་མགོན་རིན་པོ་ཆེས་ལམ་སྟོན་གང་གནང་བ་དེ་སྙིང་པོར་བཟུང་ནས་རྣམ་དཔྱོད་ཆ་ཚང་བཏོན་ཏེ། ཉིན་གྲངས་མང་པོའི་རིང་ལེའུ་རེ་རེ་དང༌། ས་བཅད་རེ་རེ། ཚིག་རེ་རེ་བཞིན་བགྲོ་གླེང་མཐར་ཕྱིན་གྱིས་གཏན་འབེབས་ཞུས་ཏེ། མཐའ་མ་ྋསྐྱབས་མགོན་རིན་པོ་ཆེའི་ཆོག་མཆན་སྩལ་ཐོན་བྱུང་བ་ནས་བཟུང་སྟེ། ང་ཚོས་ལག་ལེན་བསྟར་བཞིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདིའི་འོག་ང་ཚོའི་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ཡོངས་རྫོགས་ལ་འགྱུར་བ་རླབས་ཆེན་ཞིག་ཕྱིན་པ་རེད།

འགྱུར་བའི་གལ་གནད་ཆེ་ཤོས་ཁ་ཤས་ཟུར་བཏོན་གྱིས་ཞུས་པ་ཡིན་ན། དང་པོ་དེ་བཅའ་ཁྲིམས་གཏན་འབེབས་གསལ་བསྒྲགས་མ་གནང་སྔོན་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་གང་འདྲ་ཞིག་ལ་བསྡད་ཡོད་པ་ཡིན་རུང༌། བོད་མིའི་ཆབ་སྲིད་ཀྱི་མངའ་དབང་དེ་གང་དུ་གནས་ཡོད་ཅེ་ན། ྋསྐྱབས་མགོན་རིན་པོ་ཆེ་དང༌། ྋསྐྱབས་མགོན་རིན་པོ་ཆེས་བསྐོ་གཞག་གནང་བའི་བཀའ་ཤག་ཐོག་ལ་བཞག་ཡོད་རེད། བཅའ་ཁྲིམས་གཏན་འབེབས་གནང་བའི་ཉིན་མོ་དེ་ནས་བཅའ་ཁྲིམས་ཀྱི་ངོ་བོའི་ཆ་ནས་བོད་མིའི་ཆབ་སྲིད་ཀྱི་མངའ་དབང་དེ་བོད་ཀྱི་ཡུལ་མི་ཡོངས་རྫོགས་ལ་ཁྱབ་མཉམ་དུ་གནས་པ་མ་གཏོགས། གང་ཟག་བྱེ་བྲག་པ་དང༌། སྒྲིག་འཛུགས་བྱེ་བྲག་པ་ལ་མ་གནས་པ་ཞིག་ཆགས་པ་ཡིན་དུས། ཆབ་སྲིད་ཀྱི་མངའ་དབང་གི་གནས་ཡུལ་དེ་ལ་འགྱུར་བ་ཕྱིན་པ་རེད། སྲིད་དོན་གྱི་ཚན་རིག་ནང་མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང༌། དེའི་Sovereign གི་ཡོན་ཏན་ཞིག་ཡོད་རེད། དེ་ནི་མང་གཙོའི་རིང་ལུགས་ནང་Sovereign གང་ཟག་གཅིག་གམ། ཡང་ན་སྒྲིག་འཛུགས་(Institution) གཅིག་གི་ནང་བསྡད་མི་སྲིད་པ་གང་ཡང་མ་རེད། ཡིན་ནའང་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རང་བཞིན་དེའི་ཐོག་ནས་བོད་མིའི་ཆབ་སྲིད་ཀྱི་མངའ་དབང་དེ་གང་དུ་བཞག་ཡོད་ཅེ་ན། བོད་ཀྱི་ཡུལ་མི་ཡོངས་རྫོགས་ཀྱི་ཕྱག་ལ་བཞག་ཡོད་རེད། བོད་ཀྱི་ཡུལ་མི་ཡོངས་རྫོགས་ཀྱིས་ཆབ་སྲིད་ཀྱི་མངའ་དབང་དེ་གང་འདྲ་དབང་སྒྱུར་བྱེད་ཀྱི་རེད་ཅེ་ན། ཐད་ཀར་དབང་སྒྱུར་བྱ་རྒྱུའི་ཐབས་ཤེས་མེད་པར་བརྟེན། བརྒྱུད་ནས་དབང་སྒྱུར་བྱེད་རྒྱུ་ཞིག་རེད། དབང་སྒྱུར་བྱེད་སྟངས་དེའང་བཙན་བྱོལ་བོད་མི་རྣམས་ཀྱིས་མང་མོས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་བརྒྱུད་ནས་སམ། ཡང་ན་སྤྱི་འཐུས་བྱེ་བྲག་པ་བརྒྱུད་ནས་བྱེད་རྒྱུ་ཞིག་རེད། དེར་བརྟེན་འགྱུར་བ་ཆེན་པོ་ཞིག་ཕྱིན་པ་རེད། གཉིས་པ་དེ་ག་རེ་ཕྱིན་ཡོད་ཅེ་ན། དེ་སྔ་ཕན་ཆད་ང་ཚོའི་ཆབ་སྲིད་ཀྱི་ལམ་སྲོལ་དེ་ལེགས་ཉེས་གང་འདྲ་ཞིག་ལ་གནས་ཡོད་རུང༌། དེ་དབང་སྒྱུར་གང་འདྲ་བྱེད་ཀྱི་ཡོད་རེད་ཅེ་ན། གང་ཟག་གིས་དབང་སྒྱུར་མ་གཏོགས། ཁྲིམས་ཀྱིས་དབང་སྒྱུར་བྱེད་ཀྱི་ཡོད་མ་རེད། གང་ལྟར་ཐག་གཅོད་དེ་གང་ཟག་གིས་བྱེད་ཀྱི་ཡོད་རེད། ཡང་ན་གང་ཟག་གི་སྒྲིག་འཛུགས་ཤིག་གིས་བྱེད་ཀྱི་ཡོད་རེད།

ད་ལྟའི་གནས་སྐབས་ལ་བཅའ་ཁྲིམས་གཏན་འབེབས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེས་གསལ་བསྒྲགས་བསྐྱངས་པ་ནས་བཟུང་སྟེ། ཁྲིམས་ཀྱི་དབང་སྒྱུར་(Rule of Law) ཐོག་ནས་ལག་ལེན་བྱེད་ཐུབ་པ་ཆགས་པ་རེད། དེར་བརྟེན་དེ་ནས་བཟུང་ཐག་གཅོད་ཀྱི་ངོ་བོ་གང་འདྲ་ཞིག་ཡིན་རུང༌། ཁྲིམས་ལུགས་ཀྱི་དབང་སྒྱུར་འོག་བྱས་པ་མ་གཏོགས། གང་ཟག་གི་དབང་སྒྱུར་འོག་བྱེད་རྒྱུ་མེད་པ་ཞིག་ཆགས་པ་རེད། གསུམ་པ་དེ་དེ་སྔ་ཕན་ཆད་འཛིན་སྐྱོང་གི་འགན་དབང་དང༌། ཁྲིམས་བཟོའི་འགན་དབང༌། ཁྲིམས་ལུགས་མཐའ་དཔྱོད་ཀྱི་འགན་དབང་གསུམ་པོ་དེ་སྡེ་ཚན་དང་སྒྲིག་འཛུགས་ལོགས་སུ་བཟོས་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་དང་ཆབས་ཅིག ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་ནང་འཛིན་སྐྱོང་བྱེད་རྒྱུའི་དབང་ཆ་དང༌། ཁྲིམས་བཟོ་རྒྱུའི་དབང་ཆ། ཁྲིམས་ལུགས་ཀྱི་རྩོད་བརྒལ་བྱུང་བ་ཡིན་ན་དེ་བརྡར་ཤ་གཅོད་པའི་དབང་ཆ་གསུམ་པོ་དེ་ཆ་ཚང་ལོགས་སུ་བཟོས་ཏེ་ཟུར་དུ་བཏོན་པ་དེ་ང་ཚོའི་ད་ལྟའི་བཅའ་ཁྲིམས་འདིའི་ཐོག་ནས་འགྱུར་བ་འགྲོ་བའི་གནད་འགག་ཆེ་བ་ཞིག་རེད། ཁྲིམས་བཟོའི་འགན་དབང་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འཁྱེར་དགོས་པ་དང༌། འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་བཀའ་ཤག་གིས་འཁྱེར་དགོས་པ། ཁྲིམས་ཀྱི་ཐག་གཅོད་བྱེད་པའི་འགན་དབང་ཡོངས་རྫོགས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། དེའི་འོག་ཁྲིམས་ཞིབ་ཁང་རིམ་པ་དེ་དག་གིས་འཁྱེར་དགོས་པ་རེད། དེ་གསུམ་པོ་ཕན་ཚུན་གཅིག་ལ་གཅིག་བརྟེན་དང༌། གཅིག་གི་དབང་སྒྱུར་འོག་ལ་གཅིག་མ་ཕྱིན་པ་གསུམ་པོའི་དབར་ལྗིད་མཉམ་དང་འདྲ་མཉམ་ཡག་པོ་ཞིག་བསྡད་ཐུབ་པའི་གནས་སྟངས་ཤིག་ཡོད་རེད། བཅའ་ཁྲིམས་ཀྱི་ཆ་རྐྱེན་གཞི་བཟུང་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་དབང་དང༌། སྲིད་གཞུང་གི་དབུ་ཁྲིད་ཀྱི་མཚན་དབང་གཉིས་ཀ་ཆབས་ཅིག་ཏུ་བཞེས་རྒྱུ་ཡིན་ཞིང༌། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་གི་དབུ་ཁྲིད་གཉིས་སྒྲིག་འཛུགས་གཅིག་གི་ཐོག་ནས་ངོ་བོ་དང་ལྡོག་པ་ཐ་དད་ཡིན་ཡང༌། འདིར་ངོ་བོ་གཅིག་པ་བྱས་ཏེ་གནང་ཆོག་པའི་གནས་ཚུལ་ཞིག་ཆགས་ཡོད་རེད། འཛིན་སྐྱོང་བཀའ་ཤག་དེ་གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་པ་དང༌། ཁོ་ཚོའི་ལས་དོན་གྱི་ངོ་བོ་དེ་ཇི་སྲིད་གྲོས་ཚོགས་ཀྱི་ཡིད་ཆེས་ཡོད་པ་དེ་སྲིད་དུ་གནས་ཐུབ་པ། ནམ་ཞིག་གྲོས་ཚོགས་ཀྱི་ཡིད་ཆེས་བརླག་པ་ཡིན་ན་ཁོ་ཚོའི་འགན་དབང་གནས་ཐུབ་ཀྱི་མེད་ཅིང༌། མདོར་ན་འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་དང༌། དྲི་བ་ལ་ལན་འདེབས་བྱེད་དགོས་པ། རྩིས་རྒྱག་དགོས་པ་བཅས་གསུམ་ག་ཡོད་དགོས་པ་ཞིག་རེད།

དེར་བརྟེན་ཁྲིམས་བཟོས་མཚོན་པའི་ཆབ་སྲིད་ཀྱི་སྲིད་བྱུས་ཀྱི་དབང་འཛིན་གང་འདྲ་ཞིག་ཡིན་ཡང༌། དེའི་མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་ཀྱིས་གནང་དགོས་པ་དང༌། གྲོས་ཚོགས་ཀྱི་མཐའ་མའི་ཐག་གཅོད་ཀྱི་ཆོད་དོན་དེ་ལ་ྋགོང་ས་ཆེན་པོའི་ཆོག་མཆན་ཐོན་པའི་ཉིན་མོ་དེ་ནས་སྲིད་གཞུང་གིས་དེ་མ་སྒྲུབ་ཐབས་མེད་དང༌། དེ་ལས་གཞན་པའི་སྲིད་གཞུང་གིས་ལམ་སྲོལ་ལོགས་སུ་བཟོ་རྒྱུ་མེད་པ་ཞིག་རེད། དེར་བརྟེན་བཀའ་ཤག་དེ་གྲོས་ཚོགས་ནང་ཡོང་ཆོག་ཀྱང༌། མོས་ཤོག་བླུག་པའི་ཐོབ་ཐང་མེད། དེ་འདྲ་ཡིན་དུས་རྒྱ་གར་ལྟ་བུའི་གྲོས་ཚོགས་དབང་འཛིན་ཅན་གྱི་སྲིད་བྱུས་དང་ཕྲན་བུ་མི་འདྲ་བ་རེད། དེ་བཞིན་བཀའ་ཤག་དེས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་དང༌། གྲོས་ཚོགས་ཀྱི་ཡིད་ཆེས་ཡོད་པའི་བར་དུ་ལས་དོན་བྱེད་པའི་ཐོབ་ཐང་ཡོད་པར་བརྟེན། ཨ་རི་ལྟ་བུའི་དབང་སྒྱུར་ཅན་གྱི་ལམ་སྲོལ་དང་ཕྲན་བུ་མི་འདྲ་བ་ཞིག་ཡིན། དེས་ན་ལམ་སྲོལ་གཉིས་ཀ་དང་ཕྲན་བུ་མི་འདྲ་བ་ཆགས་ཡོད། འོན་ཀྱང་ང་ཚོའི་ཐུན་མོང་མ་ཡིན་པའི་དགོས་མཁོ་དང་འཚམས་པ་དང༌། ད་ལྟའི་སྐབས་ལས་དོན་བྱེད་ཕྱོགས་ཡག་ཤོས་ཇི་འདྲ་ཞིག་ཡོང་ཐུབ་པ་དེ་དང་མཐུན་པར་བཟོས་པ་ཞིག་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ཆབ་སྲིད་ཀྱི་ལས་དོན་དེ་དག་བྱེད་ཀྱི་ཡོད་པས་སྤྱི་འཐུས་ལྷན་ཚོགས་དེ་གལ་ཆེན་པོ་ཞིག་ཆགས་ཡོད། བཅའ་ཁྲིམས་ཀྱི་ངོ་བོ་གནས་སྟངས་ཀྱི་ཆ་ནས་སྤྱི་འཐུས་ལྷན་ཚོགས་ཡག་པོ་མ་བྱུང་ན། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དེ་ཡག་པོ་གནས་མི་ཐུབ་པའི་གནས་ཚུལ་ཞིག་ཆགས་ཡོད་རེད། སྤྱི་འཐུས་ལྷན་ཚོགས་དེ་ཡག་པོ་གང་འདྲ་ཞིག་ཡོང་དགོས་ཀྱི་ཡོད་རེད་ཅེ་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་ག་དུས་ཡིན་ཡང་བོད་མི་རྒྱ་ཆེ་མང་ཚོགས་ཀྱི་བསམ་ཚུལ་དང༌། མངོན་འདོད་གང་ཡིན་པ་དེ་གསལ་པོར་ཤེས་དགོས་པ་དང༌། སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་ཐག་གཅོད་བྱེད་སྐབས་མང་ཆེ་བའི་བསམ་ཚུལ་གྱི་ངོ་བོ་གང་ཡིན་པ་དེ་ཤེས་ནས་དེ་དང་མཐུན་པར་འགྲོ་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་བྱེད་ཐུབ་ན་སྤྱི་འཐུས་ལྷན་ཁང་གི་ལས་འགན་ཡག་པོ་སྒྲུབ་ཐུབ་ཀྱི་ཡོད་རེད།

མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་གང་ཡིན་རུང་མིན་རུང༌། དེའི་ཐོག་ང་ཚོས་བསམ་བློ་དང་ཚོར་བ་སྐྱེན་པོ་ཞིག་མེད་པར་མང་ཚོགས་ཀྱིས་བརྒྱ་སྟོང་ཐམ་པ་བཤད་ཀྱང༌། ང་ཚོས་ལོ་ལྔའི་བར་འདོད་པ་གང་ཡོད་ཐག་གཅོད་བྱ་རྒྱུ་ཡིན་བསམས་ནས་བསྡད་ན། སྤྱི་འཐུས་ལྷན་ཁང་རྦད་དེ་འཕྲོ་བརླག་ཏུ་ཕྱིན་པ་རེད། སྤྱི་འཐུས་ལྷན་ཁང་དེ་ག་དུས་ཡིན་ཡང་མང་ཚོགས་མཉམ་དུ་ཐག་ཉེ་པོར་བསྡད་དགོས་པ་དང༌། མང་ཚོགས་ཀྱི་བསམ་ཚུལ་ཡག་པོ་ཤེས་དགོས་པ། དེ་བཞིན་གཞུང་གི་གནས་སྟངས་དེ་མང་ཚོགས་ལ་རྒྱུགས་ཡག་པོ་སྤྲོད་དགོས་པ། གནའ་སྔ་མོ་བཞིན་གཞུང་གི་ལས་ཀ་རྣམས་སྦུག་སྦུག་བཞག་པ་ཡིན་ན། མང་གཙོའི་རིང་ལུགས་དང་རྩ་ནས་མཐུན་གྱི་མེད། མང་གཙོའི་ནང་གཞུང་དེ་ཕྱི་གསལ་ནང་གསལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱི་གསལ་ནང་གསལ་གྱི་གཞུང་བྱུང་བ་ཡིན་ན། མང་ཚོགས་ཀྱིས་ཞུ་དག་གཏོང་ཐུབ་ཅིང༌། དེ་མིན་སྦུག་སྦུག་བཞག་ན་མང་ཚོགས་ཀྱིས་ཤེས་དཀའ། གནའ་སྔ་མོའི་བོད་པའི་སྤྱི་ཚོགས་ཀྱི་གནས་ཚུལ་དེ་དགེ་འདུན་ཆོས་འཕེལ་གྱིས་གསལ་པོར་བཤད་ཡོད་ཅིང༌། ཐམས་ཅད་ཁོང་དུ་སྦས་པ་ཟབ་མོར་རློམ།། ཀུན་ལ་དྭོགས་པ་ཟ་བ་གྲུང་པོར་བྱེད།། ཅེས་ཡོད་ཚད་དེ་སྦས་བཞག་ན་ཟབ་མོ་ཡིན་དྲན་པ་དང༌། མི་ཚང་མར་དྭོགས་པ་བཟས་ན་གྲུང་པོ་ཡིན་བསམ་གྱི་ཡོད་རེད། དངོས་གནས་བྱས་ན་ཕྱི་གསལ་ནང་གསལ་བྱས་པ་དེ་ལ་ཟབ་མོ་དང༌། ཚང་མར་ཡིད་ཆེས་བྱེད་པ་དེ་ལ་གྲུང་པོར་བརྩི་དགོས་ཀྱི་རེད་དམ། བྱས་ཙང་ཚང་མ་སྦུག་སྦུག་བྱེད་པ་དེ་འདས་པའི་དུས་ཚོད་ཀྱི་ལམ་སྲོལ་ཞིག་རེད། དེར་བརྟེན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཡག་ཉེས་འབྲིང་གསུམ་གྱི་ཚིག་གང་གསུངས་ཀྱང་ཚང་མ་ཡིག་ཐོག་ཏུ་བཀོད་ནས་མང་ཚོགས་སུ་བཀྲམས་པའི་འབད་རྩོལ་བྱེད་ཀྱི་ཡོད་རེད།

ང་ཚོས་ལས་དོན་གང་བྱས་པ་དེ་ཕྱི་གསལ་ནང་གསལ་བྱུང་བ་ཡིན་ན། མང་ཚོགས་ཀྱིས་དེའི་ཐོག་འགྲིགས་མ་འགྲིགས་དགོངས་པ་བཞེས་ཏེ་བརྟག་དཔྱད་གནང་ནས་སྤྱི་འཐུས་བྱེ་བྲག་པ་དང་སྤྱི་འཐུས་ལྷན་ཚོགས་སུ་ཡིན་ནའང་རེད། རྟའི་སྲབ་ལྟ་བུ་དེ་མང་ཚོགས་ཀྱིས་ཟིན་ནས་བཞུགས་ཐུབ་ན་ཡག་པོ་ཡོང་གི་རེད་སྙམ་དེ་འདྲའི་རེ་བ་བྱེད་ཀྱི་ཡོད། གྲོས་ཚོགས་ནང་ཟུར་ཉན་ཕེབས་མཁན་ཡོད་ཀྱང་ཞབས་སྐྱག་ཇི་ཙམ་འདང་བ་དེ་ཙམ་སུ་ཕེབས་ཀྱང་གཏོང་གི་ཡོད་རེད། ད་ཕན་སྐབས་དྲུག་གི་ཚོགས་འདུའི་ནང་ཟུར་ཉན་མེད་པར་གསང་བ་བྱེད་དགོས་པའི་གོ་སྐབས་ཐུང་ངུ་གཅིག་གཉིས་ཙམ་མ་གཏོགས་བྱུང་ཡོད་མ་རེད། ཚང་མ་ཕྱི་གསལ་ནང་གསལ་གྱིས་བསྡད་པ་རེད་དེ། ད་དུང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་མི་མང་ཚོགས་དང་འབྲེལ་བ་ཞུ་རྒྱུ་དེ་འདང་བ་དང་ཡང་དག་པ་ཞིག་རྩ་བ་ནས་ཡོང་གི་ཡོད་མ་རེད། བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཞིག་སྤྱི་འཐུས་ལྷན་ཚོགས་རང་གི་ནུས་པས་འདང་གི་ཡོད་མ་རེད། བརྒྱ་ཆ་ཉི་ཤུ་ཐམ་པ་ཞིག་མི་མང་གི་ནུས་པས་འདང་གི་ཡོད་མ་རེད། གང་ལྟར་མི་མང་རྣམས་ཀྱིས་ཀྱང་དེ་དང་ཕྱོགས་མཐུན་པའི་དགོངས་པ་ཡག་པོ་ཞིག་བཞེས་ཀྱི་ཡོད་མ་རེད། དེར་བརྟེན་མི་མང་ངོས་ནས་བརྒྱ་ཆ་ཉི་ཤུ་ཐམ་པ་དྲག་ཏུ་གཏོང་རྒྱུ་དང༌། ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དྲག་ཏུ་གཏོང་རྒྱུའི་འབད་བརྩོན་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། མི་མང་གིས་བརྒྱ་ཆ་ཉི་ཤུ་ཐམ་པ་དྲག་ཏུ་བཏང་ནས་སྲབ་དེ་ཕྲན་བུ་དམ་ཙམ་ཟིན་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བརྒྱ་ཆ་བརྒྱད་ཅུ་ཐམ་པ་དེ་དྲག་ཏུ་མ་གཏོང་ན་ཐབས་མེད་པའི་གནས་སྟངས་ཤིག་ཆགས་དགོས་ཀྱི་རེད་དེ། ད་ལྟ་ང་ཚོའི་གནས་སྟངས་དེ་འདྲ་ཞིག་ཆགས་མེད། དེར་བརྟེན་ང་ལྷོ་ཕྱོགས་སུ་བོད་མི་གནས་སྡོད་ཆེ་ཁག་གི་གཞིས་ཆགས་ཚང་མར་ཡོང་རྒྱུའི་འབད་བརྩོན་ཞུ་དགོས་རྒྱུ་དང༌། ཞོར་ལ་བོད་མི་མང་ཚོགས་ནང་སླེབས་པའི་འབད་རྩོལ་བྱེད་དགོས་པའི་དོན་དག་གཙོ་བོ་དེ་ད་ལྟ་མང་ཚོགས་དང་སྤྱི་འཐུས་དབར་གྱི་འབྲེལ་བ་དེ་ཆ་ཚང་བ་དང་ཡང་དག་པ་ཞིག་ཡོང་མ་ཐུབ་པ་དང༌། སྤྱི་འཐུས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་མང་ཚོགས་ཀྱི་བཏང་འཛིན་ཇི་ཙམ་དགོས་པ་དེ་ཙམ་སླེབས་མ་ཐུབ་པ་དེ་ཇི་ལྟར་དྲག་ཏུ་གཏོང་ཐུབ་པ་དང་ཐག་ཉེ་རུ་གཏོང་ཐུབ་ཀྱི་རེད། གནས་ཚུལ་དེ་དག་གསལ་པོ་བཟོ་རྒྱུ་དེ་དོན་དག་གཙོ་བོ་ཡིན། ད་ལྟ་ངས་ཞུས་པ་བཞིན་བཅའ་ཁྲིམས་གཏན་འབེབས་བྱས་པ་ནས་བཟུང་ལས་དོན་གང་འདྲ་ཞིག་བྱས་ཀྱང་ཁྲིམས་ལུགས་ཀྱི་ལམ་སྲོལ་ཞིག་གི་ཐོག་ནས་འགྲོ་དགོས་རྒྱུ་ཡིན་སྟབས། གཞུང་གི་རྩ་བའི་ཕྱག་ལས་གནང་ཕྱོགས་ཀྱི་སྒྲིག་གཞིས་མཚོན་པའི་སྒྲིག་གཞི་མང་པོ་ཞིག་ད་ལྟ་ཕན་ལ་གཏན་འབེབས་བྱུང་བ་དེ་འདྲ་རེད། དེ་དང་ཕྱོགས་མཚུངས་འགྱུར་བ་ཕྱིན་པ་དེ་ཚོའི་ནང་ནས་འགྱུར་བ་གལ་ཆེ་བ་ཞིག་ནི་རང་དབང་ཅན་གྱི་སྡེ་ཚན་ཁག་དེ་དག་ཟུར་དུ་བཟོ་རྒྱུའི་ཆ་རྐྱེན་དེ་རེད།

དེ་སྔ་ཡིན་ན་རྩིས་ཞིབ་ལས་ཁང་དེ་མཐའ་དོན་བཀའ་ཤག་འོག་ལ་བསྡད་ཀྱི་ཡོད་རེད། འོས་བསྡུ་ལས་ཁང་དེའང་བཀའ་ཤག་གི་ཁྱབ་ཁོངས་འོག་བསྡད་ཀྱི་ཡོད་རེད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་སྔོན་མ་ཡོད་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་འདིའི་འོག་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང༌། རྩིས་ཞིབ་ལས་ཁང༌། དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གསུམ་པོ་རང་དབང་ཅན་གྱི་སྡེ་ཚན་ཟུར་དུ་ཕྱེ་ནས་དེ་ཚོའི་སྤྱི་ཁྱབ་དེ་དག་ྋསྐྱབས་མགོན་རིན་པོ་ཆེས་ཐད་ཀར་བསྐོ་གཞག་གནང་རྒྱུ་དང༌། དེ་རྗེས་ལོ་ལྔའི་དུས་ཡུན་མ་ཚང་བར་གྲོས་ཚོགས་ཀྱི་འཐུས་མི་གསུམ་ཆ་གཉིས་ཀྱི་ཆོད་དོན་ཐོག་ྋསྐྱབས་མགོན་རིན་པོ་ཆེའི་ཆོག་མཆན་ཕེབས་ན་གནས་དབྱུང་བྱ་རྒྱུ་མ་གཏོགས། ནམ་ཡང་དེའི་ལས་དོན་ཐོག་བྱུས་གཏོགས་བྱེད་ས་མེད། དེས་ན་གཞུང་ཞབས་འདེམས་བསྐོ་དང༌། རྩིས་ཞིབ། འོས་བསྡུའི་ལས་དོན་གང་ཡིན་རུང༌། དེ་དག་ཆ་ཚང་དྲང་པོ་ཞིག་དང༌། སུ་གང་གི་དབང་ཤུགས་འོག་མི་འགྲོ་བ་ཞིག་བྱེད་ཐུབ་པའི་འབད་རྩོལ་དེ་འདྲ་བྱས་པ་རེད། དེ་ནས་བཅའ་ཁྲིམས་ཀྱི་གནད་དོན་གཞན་ཞིག་ལ་ྋསྐྱབས་མགོན་རིན་པོ་ཆེས་དམིགས་བསལ་གྱི་དགོངས་བཞེས་གང་གནང་ཡོད་རེད་ཅེ་ན། དྷ་རམ་ས་ལའི་སྒྲིག་འཛུགས་གཅིག་པུ་མང་གཙོ་ཆགས་པའི་ཕན་ཐོགས་མི་འདུག དེ་ཙམ་གྱིས་ཁྱབ་ཐུབ་ཀྱི་མི་འདུག

ང་ཚོའི་མང་གཙོའི་རིང་ལུགས་དེ་ངེས་པར་དུ་བོད་མི་མང་ཚོགས་ཡོད་པའི་གཞི་རིམ་གྱི་ས་ཆའི་བར་སླེབས་དགོས་འདུག་དགོངས་ནས་བཅའ་ཁྲིམས་ལེའུ་བདུན་པའི་ནང་བོད་མིའི་གཞིས་སྒར་ཁག་ནང་ས་གནས་འགོ་འཛིན་ཐད་ཀར་འོས་བསྡུ་བྱེད་རྒྱུ་དང༌། ས་གནས་ཀྱི་འཐུས་མིའི་ཚོགས་འདུའི་ཆ་རྐྱེན་རྣམས་བཟོས་པ་རེད། ས་གནས་མང་པོ་ཞིག་ལ་མི་དང་དཔལ་འབྱོར་གྱི་དཀའ་ངལ་དང༌། དེ་མིན་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་ས་གནས་འཐུས་མིའི་ཚོགས་འདུ་ཚུགས་ཐུབ་རྒྱུ་དེ་དཀའ་ངལ་ཆེན་པོ་ཞིག་ཡིན་པ་བཅའ་ཁྲིམས་གཏན་འབེབས་མ་གནང་སྔོན་ནས་ཤེས་ཀྱི་ཡོད་རེད། གཏན་འབེབས་གནང་ཚར་བའི་རྗེས་ལའང་ད་བར་ཚང་མ་སྲ་ཐག་ཐག་ཆགས་མ་ཐུབ་པ་བསྡད་ཡོད་རེད་དེ། སྤྱི་ཚོགས་ནང་མང་གཙོའི་རིང་ལུགས་ཡག་པོ་ཞིག་ཡོང་ཆེད་ས་གནས་འཐུས་མིའི་ཚོགས་འདུ་དེ་སྲ་ཐག་ཐག་ཅིག་མ་བྱུང་ན། དྷ་རམ་ས་ལའི་ཉེ་འཁོར་ཞིག་ལ་མང་གཙོ་ཞིག་ཡོད་པ་ཡིན་ནའང༌། ས་གནས་སྡོད་སྒར་རྣམས་སུ་སྔར་བཞིན་མི་གཅིག་ཐག་གཅོད་ཀྱིས་ཕྱིན་པ་ཡིན་ན། མི་གཅིག་ཐག་གཅོད་ལེགས་པའང་ཡོང་སྲིད། སྡུག་པའང་ཡོང་སྲིད་ཀྱི་རེད། མི་གཅིག་ཐག་གཅོད་བྱས་པའི་གནས་ཚུལ་ཚང་མ་འཐུས་ཤོར་ཕྱིན་པ་རེད་ཅེས་ལབ་རྒྱུ་གང་ཡང་ཡོད་མ་རེད་དེ། མི་མང་གིས་སོ་སོའི་ལས་འགན་གྱི་དབང་གིས་ཚང་མའི་སྣེ་པོ་བྱེད་དགོས་པའི་རྒྱུ་མཚན་ཞིག་ཆགས་ཀྱི་ཡོད་པ་ཡིན་དུས། ས་གནས་ཚོགས་འདུ་དེ་ཧ་ཅང་ཐུགས་གལ་ཆེན་པོ་རེད། དེ་ཡག་པོ་ཞིག་བྱུང་བ་ཡིན་ན་མ་འོངས་པ་བོད་ལ་སླེབས་སྐབས་དབུས་གཞུང་དང་མངའ་སྡེ་གཞུང་དབར་འབྲེལ་ལམ་བྱེད་ཕྱོགས་དང༌། མངའ་སྡེ་གཞུང་སོ་སོའི་འགན་དབང་དང༌། ས་མཚམས། ལས་དོན་བྱེད་ཕྱོགས་དེ་དག་ཐོག་ང་ཚོས་ཉམས་མྱོང་ཡག་པོ་ཞིག་བསགས་ཐུབ་པའི་གནས་སྟངས་ཆགས་ཀྱི་ཡོད་རེད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ས་གནས་དང་དབུས་གཞུང་དབར་འབྲེལ་བ་བྱེད་སྟངས་དེ་ང་ཚོ་ལ་ད་ལྟ་རྒྱལ་ཁབ་མེད་པ་ཡིན་སྟབས། མངའ་སྡེ་གཞུང་དེ་ཆགས་མི་ཐུབ་ཀྱང༌། འགྲོ་སྟངས་ཆ་ཚང་མངའ་སྡེ་གཞུང་དང་དབུས་གཞུང་དབར་གྱི་འབྲེལ་བ་བྱེད་སྟངས་བཞིན་བཟོས་ཡོད་རེད། ས་གནས་འཐུས་མིའི་ཚོགས་འདུ་དེ་མངའ་སྡེ་གཞུང་གི་གྲོས་ཚོགས་ལྟ་བུ་དང༌། ས་གནས་འགོ་འཛིན་དེ་འོས་འདེམས་དང་གཞུང་འཛུགས་གང་ཡིན་རུང་ས་གནས་མངའ་སྡེ་གཞུང་ལྟ་བུ། དེའི་ཐོག་ལ་ས་གནས་ཀྱི་ཁྲིམས་ཞིབ་ཁང་ཡོད་པ་ཞིག་བྱས་ཏེ། ས་གནས་སོ་སོའི་ནང་ཁྲིམས་བཟོ་ལྷན་ཁང་དང༌། འཛིན་སྐྱོང༌། ཁྲིམས་ཞིབ་ཁང་ཆགས་དུས་དབང་ཚད་གསུམ་གྱི་དབྱེ་བ་དེ་ས་གནས་ལའང་ཚུགས་ཐུབ་པ་དེ་འདྲའི་གནས་སྟངས་ཤིག་ྋསྐྱབས་མགོན་རིན་པོ་ཆེས་དགོངས་བཞེས་གནང་བ་རེད། བཙན་བྱོལ་ལ་བཞུགས་རིང་ང་ཚོའི་གནས་སྟངས་དེ་འདྲ་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་དེ་བསྐྱང་གནང་བ་ཡིན་ན། མ་འོངས་པར་བོད་རང་དབང་བསྐྱར་གསོ་བྱུང་སྐབས་རང་དབང་བསྐྱར་གསོ་བྱུང་བའི་བོད་དེའི་ཆབ་སྲིད་ཀྱི་གནས་སྟངས་ཇི་འདྲ་ཞིག་དགོས་ཀྱི་རེད་ཅེ་ན། ལོ་གཉིས་སྔོན་དུ་ྋསྐྱབས་མགོན་རིན་པོ་ཆེས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཡིག་ཐོག་ཏུ་གསལ་བསྒྲགས་གནང་སྟེ། ཧ་ཅང་ཟབ་པ་དང་རྒྱ་ཆེ་བའི་ཐོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གནང་ཡོད་རེད། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དེ་སྙིང་པོར་བསྡུས་ན། བོད་རང་བཙན་བྱུང་བའི་ཉིན་མོ་དེ་ནས་ལོ་གཉིས་རིང་བར་བརྒལ་སྲིད་གཞུང་གི་ལས་དོན་དེ་དག་གྲུབ་པ་གནང་ནས་ལོ་གཉིས་རྗེས་མ་འོངས་བོད་ཀྱི་རྩ་ཁྲིམས་གསར་པ་གཏན་འབེབས་གནང་ཐུབ་རྒྱུ་དང༌། རྩ་ཁྲིམས་དེའི་ནང་གི་ཆ་རྐྱེན་གཞི་བཟུང་གིས་གྲོས་ཚོགས་འོས་འདེམས་བྱེད་ཐུབ་རྒྱུ། དེ་འདྲའི་ཐོག་ནས་མ་འོངས་པའི་བོད་དེ་མང་གཙོའི་རིང་ལུགས་ཡང་དག་པ་ཞིག་ནང་འགྲོ་ཐུབ་རྒྱུ། ང་ཚོ་བོད་ལ་ལོག་པའི་ཉིན་མོ་དེ་ནས་ྋསྐྱབས་མགོན་རིན་པོ་ཆེས་བར་བརྒལ་སྲིད་གཞུང་གི་དབུ་འཛིན་ཞིག་བསྐོ་གཞག་གནང་སྟེ། དེས་རྩ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་བསྡུ་བསྐོང་བྱེད་དགོས་རྒྱུ། དེ་འདྲ་བའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ལོ་གཅིག་ནང་རྩ་ཁྲིམས་གཏན་འབེབས་བྱེད་ཐུབ་དགོས་པ། དེས་གཏན་འབེབས་བྱས་པའི་རྩ་ཁྲིམས་གཞི་བཟུང་གིས་ལོ་རྗེས་མ་དེའི་ནང་འོས་བསྡུ་ཟིན་པ་དགོས་རྒྱུ། གང་ལྟར་ལོ་གཉིས་ནང་རྩ་ཁྲིམས་གཏན་འབེབས་ཀྱིས་འོས་བསྡུ་བྱས་པའི་མི་མང་འཐུས་མི་ལྷན་ཚོགས་ཀྱིས་འཛིན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་གཞུང་འཛུགས་དགོས་རྒྱུ། ཆབ་སྲིད་ཀྱི་གཞུང་དེའང་མང་གཙོའི་རྩ་ཁྲིམས་ཐོག་འགྲོ་དགོས་པ་སྨོས་མེད་ཐོག མང་གཙོའི་རིང་ལུགས་ཀྱི་རྩ་ཁྲིམས་གང་འདྲ་ཞིག་འདེམས་དང་མི་འདེམས་བོད་རྒྱ་ཆེ་མང་ཚོགས་ཀྱི་བསམ་ཚུལ་དང་བསྟུན་དགོས་པ་ཡིན་དུས། བོད་ནང་གི་རྒྱ་ཆེ་མང་ཚོགས་དེ་དག་རིང་ལུགས་མང་པོ་དང༌། ཆབ་སྲིད་ཀྱི་གནས་སྟངས་འདྲ་མིན། ལྷག་པར་རྩ་ཁྲིམས་ཀྱི་གནས་སྟངས་འདྲ་མིན་མ་མཁྱེན་པ་ཡིན་སྟབས། བཙན་བྱོལ་གཞུང་གི་ངོས་ནས་ཕར་ལོག་སྐབས་རྩ་ཁྲིམས་ཀྱི་དཔེ་ཁག་ཁ་ཤས་བསྣམ་རྒྱུ་ཡོད་པ་དགོས་འདུག་ཟེར་ནས་དེང་སང་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཀྱི་ཟིན་བྲིས་མང་པོ་ཞིག་བཟོ་བཞིན་པ་རེད།

ཕྱོགས་གཅིག་ནས་ཨ་རི་ལྟ་བུའི་སྲིད་འཛིན་དབང་སྒྱུར་ཅན་གྱི་རྩ་ཁྲིམས་ཀྱི་ཟིན་བྲིས་ཆ་ཚང་ཨ་རིའི་མཁས་པ་དེ་འདྲ་རོགས་པ་བཙལ་ཏེ་བརྒྱབས་ཟིན་པ་རེད། དེ་བཞིན་རྒྱ་གར་ལྟ་བུའི་གྲོས་ཚོགས་ལམ་སྲོལ་ཅན་གྱི་རྩ་ཁྲིམས་ཟིན་བྲིས་ཀྱང་མི་འདྲ་བ་ཁག་གཉིས་བརྒྱབས་ཡོད་རེད། ད་དུང་དེ་དང་མི་མཐུན་པ་ཉི་ཧོང་དང༌། ཕ་རན་སི། སུད་སིའི་རྩ་ཁྲིམས་དང་མཐུན་པའི་དཔེ་བལྟ་ས་ཁ་ཤས་བཟོ་རྒྱུའི་འབད་རྩོལ་བྱེད་བཞིན་པ་རེད། ཕྱོགས་གཞན་ཞིག་ནས་མ་ལེ་ཤི་ཡ་དང་ཨིན་ཌོ་ནེ་ཤི་ཡ་ལྟ་བུ་མང་གཙོ་ཡིན་ཡང་ཆོས་ལུགས་རིས་མེད་མ་ཡིན་པ་དེ་དག་གི་རྩ་ཁྲིམས་དང༌། ཤྲཱིལངྐཱ་དང་ཐ་ཡི་ལེན་ཌི་ལྟ་བུ་ནང་པ་ཡིན་ཡང་ཆོས་ལུགས་རིས་མེད་མ་ཡིན་པ་གང་ཞིག་ལ་མང་གཙོ་ཡིན་པ་དེ་དག་གི་རྩ་ཁྲིམས། ཨ་རི་དང་ཡུ་རོབ་ཀྱི་ལུང་པ་ལྟ་བུ་མང་གཙོ་དང་ཆོས་ལུགས་རིས་མེད་ཡིན་པ་དེ་དག་གི་རྩ་ཁྲིམས་བཅས་ཁྱོན་བསྡོམས་རྩ་ཁྲིམས་བརྒྱད་དགུ་ཙམ་བོད་སྐད་དུ་བསྒྱུར་ནས་མ་འོངས་པ་བོད་མི་ཚོས་སློབ་སྦྱོང་བྱེད་རྒྱུའི་དམིགས་ཡུལ་དུ་བཞག་པ་ལ་སོགས་མ་འོངས་པ་བོད་ཀྱི་ཆབ་སྲིད་ཀྱི་རྩ་ཁྲིམས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་འགྲོ་མ་འགྲོ་མ་འོངས་པ་བོད་མི་ཚོས་ཡག་པོ་ཞིག་ཐག་གཅོད་བྱེད་ཐུབ་པའི་མཐུན་རྐྱེན་བསྒྲུབ་རྒྱུ་དེ་དགོངས་པ་བཞེས་གནང་གི་ཡོད་རེད། དེ་དག་ཆབས་ཅིག་ྋསྐྱབས་མགོན་རིན་པོ་ཆེས་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་གཞི་རིམ་གྱི་དམིགས་ཡུལ་དང་ལྟ་བ་གང་འདྲ་ཞིག་གི་ཐོག་འགྲོ་དགོས་པའི་ལམ་སྟོན་གནང་གི་ཡོད་རེད་ཅེ་ན། གོང་དུ་ཞུས་པ་བཞིན་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་གཞི་རིམ་གནས་སྟངས་དེ་ཆོས་ལུགས་རྣམས་ཀྱིས་བསྟན་པའི་འཚེ་མེད་ཞི་བའི་ལྟ་བ་དང་བྱམས་བརྩེའི་སྙིང་པོ་ཅན་གྱི་བཟང་སྤྱོད་ལ་གཞི་རྩ་བཞག་ནས་འགྲོ་དགོས་པ་དང༌། བོད་དེ་དམག་མེད་པའི་ལུང་པ་རྒྱལ་སྤྱིའི་མོས་མཐུན་ཡོད་པའི་ཞི་བདེའི་བསྟི་གནས་ལ་སྒྱུར་ཐུབ་ཐབས། འཛམ་གླིང་ཡོངས་རྫོགས་ཆེད་ཁོར་ཡུག་གཙང་མའི་རྭ་བ་ཞིག་བཟོ་ཐུབ་ཐབས་ཀྱིས་ད་ལྟ་འཚེ་བ་དང་ངན་སྤྱོད་ཀྱིས་ཁོར་ཡུག་ཉམས་ཆག་ཕྱིན་པའི་དབང་གིས་ཉམ་ཐག་པའི་འཛམ་གླིང་གི་སྐྱེས་འགྲོའི་ངལ་གསོའི་བསྟི་གནས་ཤིག་ལ་བསྒྱུར་བའི་དགོངས་པ་དང་དམིགས་ཡུལ་གཞི་ལ་བཞག་ནས་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྟོན་གནང་བ་རེད། དེ་འདྲ་ཡིན་དུས་མཚོན་ཆ་དང་དམག་མེད་པ་སྨོས་མེད་ཐོག་དཔལ་འབྱོར་གྱི་ལམ་ལུགས་དེ་སྤྱི་ཚོགས་རིང་ལུགས་ལྟ་བུ་མཐའ་གཅིག་ཏུ་ལྷུང་བ་མ་ཡིན་པ། ཁྲོམ་རྭའི་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་བཞིན་མཐའ་གཞན་དུ་ལྷུང་བ་མ་ཡིན་པ། སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟར་བསྟན་པ་བཞིན་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་གྱི་ནང་པའི་དཔལ་འབྱོར་གནས་སྟངས་ཀྱི་ལམ་ལུགས་ཤིག་ལ་འགྲོ་དགོས་པ། དེ་ལ་བརྟེན་ནས་དཔལ་འབྱོར་གྱི་ལམ་ལུགས་དེ་རིན་ཐང་གི་གཞི་རྩའི་བསམ་ཚུལ་ལ་བརྟེན་པ་མ་ཡིན་པར་རང་བཞིན་གྱི་དགོས་མཁོའི་གཞི་རྩའི་བསམ་ཚུལ་ལ་བརྟེན་པ་ཞིག་དགོས་པ་དང༌། ལྷག་པར་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་དབར་དཔལ་འབྱོར་ལམ་ལུགས་དབང་གིས་ཁ་བྲལ་དུ་མི་འགྲོ་བ། ཇི་སྲིད་སྣོད་ཀྱི་འཇིག་རྟེན་གནས་པ་དེ་སྲིད་བཅུད་ཀྱི་སེམས་ཅན་རྣམས་ཀྱིས་བག་ཕེབས་པོས་ལོངས་སྤྱོད་ཐུབ་པ། བཅུད་ཀྱི་སེམས་ཅན་དེ་དག་ག་དུས་ཡིན་ཡང་རང་གི་ལུས་ངག་ཡིད་གསུམ་གྱི་རང་དབང་གི་མཐུས་དཔལ་འབྱོར་གྱི་གནས་སྟངས་དེ་མིའི་མཐུན་རྐྱེན་དང་མིའི་གཡོག་པོར་འགྲོ་བ་མ་གཏོགས། གང་ཟག་ཡོངས་སུ་རྫོགས་པ་དེ་དཔལ་འབྱོར་འགྲན་བསྡུར་གྱི་བྲན་གཡོག་ཏུ་མ་ཚུད་པ་ཞིག་དགོས། སྐྱེ་ནས་མ་ཤིའི་བར་དཔལ་འབྱོར་གྱི་བྲན་གཡོག་ཏུ་རྒྱུག་ནས་བསྡད་པ་མ་གཏོགས། དབུགས་ལེན་རྒྱུ་ཙམ་ཡང་གོ་སྐབས་མེད་པ་ནི་དེང་སང་ཚོང་པའི་རིང་ལུགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ལས་ཤེས་ཐུབ། ཡར་རྒྱས་ཕྱིན་པའི་ལུང་པ་དེ་ཚོའི་ནང་ཡང་ན་ཕྱུག་པོ་བྱེད་དགོས།

ཡང་ན་རང་ཤི་བརྒྱབ་དགོས། དེ་གཉིས་གང་རུང་མ་ཡིན་པའི་བར་མ་ཞིག་ལ་བསྡད་པའི་གོ་སྐབས་མེད། བྱས་ཙང་ནུབ་ཕྱོགས་ལ་རང་ཤི་རྒྱག་མཁན་མང་པོ་ཡོང་བ་དེ་གནས་སྟངས་དེ་འདྲ་རེད། དེ་འདྲའི་གནས་ཚུལ་ཞིག་མི་ཡོང་བའི་དགོངས་པ་བཞེས་ཏེ་ནོར་སྲིད་དཔལ་འབྱོར་གྱི་གནས་སྟངས་གང་འདྲ་ཞིག་དགོས་པ་དེ་ལམ་སྟོན་གནང་བ་རེད། དེ་དག་ནི་མ་འོངས་པའི་བོད་ཀྱི་ཆབ་སྲིད་ཀྱི་ཐོག་ྋསྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་སྟངས་སྐོར་དེ་རེད། དེ་ནི་རྒྱ་ཆེན་པོ་ཞིག་ཡོད་ཀྱང་དུས་ཚོད་ཐུང་ངུའི་ནང་ཞུ་ཐུབ་པ་མི་འདུག་པར་བརྟེན། མདོར་བསྡུས་ནས་ཞུས་པ་དེ་འདྲ་ཡིན། དེས་ན་ང་ཚོས་དེ་འདྲའི་དམིགས་ཡུལ་ཐོག་འགྲོ་དགོས་པ་ཡིན་དུས། ད་ལྟ་བོད་རང་དབང་བསྐྱར་གསོའི་སྒྲུབ་པ་ཉམས་ལེན་ཐོག་བཙན་བྱོལ་བོད་གཞུང་གིས་གང་བྱས་ཡོད་ཅེ་ན། རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་དང་རྒྱལ་སྤྱིའི་སེམས་ཤུགས་སྤེལ་ཐབས་ཀྱི་ལས་འགུལ་དེ་དག་ང་ཚོའི་མིའི་མཐུན་རྐྱེན་དང་དཔལ་འབྱོར་གྱི་མཐུན་རྐྱེན་གྱིས་བརྒྱ་ཆ་གཅིག་གི་ཟུར་ཆ་ཁ་ཤས་ཙམ་ཡང་འདང་ཐུབ་པ་མེད་ཀྱང༌། ྋརྒྱལ་བ་རིན་པོ་ཆེའི་མཚན་སྙན་དང་འཕྲིན་ལས་རླབས་པོ་ཆེ་ལ་བརྟེན་ནས་གཏོང་ཕོད་ཆེན་པོ་ཡོད་པའི་རྒྱ་ནག་གིས་སྒྲུབ་བསྡད་པའི་ལས་དོན་དེ་ལས་ཧ་ཅང་ཡག་པ་ཞིག་ཆགས་ཡོད། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཧ་ཅང་དྲག་ཏུ་ཕྱིན་ཡོད། དེ་བཞིན་རྒྱ་གར་ནང་ཆ་བཞག་ན། རྒྱ་གར་མང་ཚོགས་ནང་བོད་དོན་ཐོག་སེམས་ཤུགས་དང་སེམས་ཁུར་ཡོད་པ་ཉུང་ངུ་རེད་དེ། ཡོད་པ་དེ་དག་ཀྱང་མངོན་པར་གསལ་བར་བྱེད་མ་ཐུབ་པར་ལྷག་པ་དེ་དག་འདས་པའི་ལོ་ཤས་ནང་ྋསྐྱབས་མགོན་རིན་པོ་ཆེས་དམིགས་སུ་བཀར་ནས་འབད་རྩོལ་གནང་བར་བརྟེན། གང་ལ་གང་འཚམས་དྲག་ཏུ་འགྲོ་གི་ཡོད་རེད། ཡིན་ནའང་བོད་ཀྱི་གནས་སྟངས་དེ་རྒྱ་མི་དང་གཏུགས་ནས་བཀའ་མོལ་གནང་ན་མ་གཏོགས། བོད་ཀྱི་ཕྱི་ལ་ཡོད་པའི་བཙན་བྱོལ་བ་རྣམས་ལ་དེ་ལས་གཞན་པའི་ཐབས་ལམ་མེད་པར་བརྟེན། འདས་པའི་ཕྱི་ལོ་༡༩༧༩ ནས་༡༩༩༣ བར་ལོ་བཅུ་བཞིའི་རིང་རྒྱ་ནག་དང་ཐད་ཀར་བཀའ་མོལ་གནང་བའི་འབད་རྩོལ་ག་ཚོད་གནང་བ་དེ་ངས་གསལ་བཤད་ཞུ་མ་དགོས་པར་མང་ཚོགས་ཀྱིས་ཚང་མ་མཁྱེན་བཞིན་པ་དེ་རེད། རྒྱ་ནག་དང་ཐད་ཀར་བཀའ་མོལ་གནང་བའི་ཉེར་ལེན་གྱིས་ང་ཚོ་བོད་པའི་སྤྱི་ཚོགས་ལ་གྲུབ་འབྲས་རྩ་བ་ནས་མ་བྱུང་བའང་ཁྱོན་ནས་མ་རེད།

བོད་ལ་སྐུ་ཚབ་རིམ་པ་མང་པོ་དང༌། རྒྱ་ནག་ཏུ་བཀའ་མོལ་ཆེད་སྐུ་ཚབ་རིམ་པ་མང་པོ་ཕེབས་ཐུབ་པ་དེ་དག་ལས་བོད་ནང་ཡོད་པའི་མང་ཚོགས་ཀྱི་བསམ་ཚུལ་དང་སེམས་ཤུགས་སྤེལ་རྒྱུ་དང༌། ལྷག་པར་བཙན་བྱོལ་བོད་མིའི་གནས་སྟངས་དེ་གཞིས་ལུས་བོད་མིས་ཤེས་ཐུབ་པ་དང༌། དེ་བཞིན་གཞིས་ལུས་བོད་མིའི་གནས་སྟངས་དེ་བཙན་བྱོལ་བོད་མིས་ཤེས་ཐུབ་པ། དཔེར་ན། ཕན་ཚུན་གཉེན་འཕྲད་འགྲོ་བའི་ལམ་ཕྱེ་བ་ཙམ་གྱིས་ང་ཚོའི་ཆབ་སྲིད་ཐོག་ལ་ཕན་ཐོགས་བྱུང་བ་ཞིག་ཆགས་ཡོད། ཡིན་ནའང་རྒྱ་ནག་གཞུང་དང་བཀའ་བསྡུར་གནང་ནས་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགྱུར་བ་འགྲོ་བའི་ལས་དོན་སྣ་གཅིག་ཀྱང་བྱུང་མེད། ད་ཆ་ྋསྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་གནང་གི་ཡོད་ཅེ་ན། ལོ་བཅུ་བཞིའི་རིང་དེ་ལས་ལྷག་པ་འགྲོ་རྒྱུ་མེད་པའི་གུ་བཤངས་དང༌། དེ་ལས་དམའ་བ་འགྲོ་རྒྱུ་མེད་པའི་ཕམ་ཉེས་ངས་འཁྱེར་བ་ཡིན་ཏེ། ད་ལྟའི་ཆར་རྒྱ་ནག་དང་ཐད་ཀར་བཀའ་མོལ་ཞུ་བའི་ལས་འགུལ་དེ་ཆ་ཚང་ཕམ་ཉེས་ལ་ཕྱིན་སོང་ཞེས་གསུངས་ཡོད། དེ་འདྲ་ཡིན་དུས་ད་ལྟའི་གནས་སྐབས་ལ་རྒྱ་བོད་ཐད་ཀར་འབྲེལ་བ་བྱས་ཏེ་བཀའ་མོལ་གནང་རྒྱུའི་རིམ་པ་དེ་རྫོགས་པ་རེད། ང་ཚོའི་ངོས་ནས་སྒོ་བརྒྱབས་ཡོད་མ་རེད། གལ་སྲིད་རྒྱ་ནག་གིས་ཚུལ་མཐུན་ཐོག་འཆར་གཞི་ཞིག་འཁྱེར་ནས་བཙན་བྱོལ་བོད་མིའི་མཉམ་དུ་བཀའ་མོལ་གནང་རྒྱུའི་འགོ་འཛུགས་བྱེད་ན། ང་ཚོས་ད་དུང་ཡང་དགའ་པོའི་ངང་ནས་ངོས་ལེན་བྱས་ཏེ་བཀའ་བསྡུར་ཞུ་སའི་ལམ་ཕྱེ་སྟེ་བཞག་ཡོད་རེད། ཡིན་ནའང་ང་ཚོ་བཙན་བྱོལ་གཞུང་གི་ངོས་ནས་མུ་མཐུད་རྒྱ་མི་ལ་སྐུལ་མ་ཞུ་རྒྱུ་དེ་དགོས་པ་མེད་པ་མ་ཟད། རྒྱ་མིས་དེ་བེད་སྤྱོད་ལོག་པ་ཞིག་ཏུ་གཏོང་ཉེན་ཡོད། ང་ཚོས་ད་བར་ཧ་ཅང་བཟོད་བསྲན་བྱས་ཏེ་ཕམ་འཁྱེར་ནས་རྒྱ་མི་དང་མཉམ་དུ་བཀའ་མོལ་ཞུ་རྒྱུའི་ཐབས་ཤེས་བྱས་པ་དེ་རྒྱ་མིས་དུས་ཚོད་འཕུལ་རྒྱུ་ཞིག་དང༌། རྒྱལ་སྤྱིའི་ནང་གང་དུ་ཡིན་ནའང་བོད་དོན་ཐོག་སྐད་ཆ་བཤད་མཁན་ཞིག་བྱུང་དུས་དེ་ཁྱེད་རང་ཚོས་བྱུས་གཏོགས་ཡོད་མ་རེད།

ང་ཚོ་བཀའ་མོལ་གནང་བཞིན་པ་ཡིན། ྋསྐྱབས་མགོན་རིན་པོ་ཆེ་དང་ྋསྐྱབས་མགོན་རིན་པོ་ཆེའི་དབུ་ཁྲིད་འོག་ཡོད་པའི་ཡུལ་གྱར་གྱི་བོད་མི་རྣམས་དང་མཉམ་དུ་སྐད་ཆ་བཤད་ཀྱི་ཡོད་ཅེས་དེ་རང་ལན་རྒྱག་གིན་ཡོད་རེད། དེ་འདྲ་ཡིན་དུས་བེད་སྤྱོད་དེ་མེད་པ་མ་བཟོས་ན་ང་ཚོའི་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་རྣམས་ཀྱང་མགོ་བོ་རྨོངས་རྒྱུ་ཞིག་ཆགས་པས་མཚམས་མ་བཞག་ཐབས་མེད་ཆགས་པ་རེད། གནས་ཚུལ་དེ་ད་ལན་གསུམ་བཅུའི་དུས་ཆེན་གྱི་གསུང་བཤད་དུ་ྋསྐྱབས་མགོན་རིན་པོ་ཆེས་རྒྱ་ཁྱབ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་གསར་པ་ཞིག་གནང་རྒྱུའི་དགོངས་པ་བཞེས་འདུག རྩ་བའི་རྒྱ་གར་མང་ཚོགས་ཐོག་གསལ་བཤད་གནང་རྒྱུ་དེ་ཟླ་བ་འདིའི་ཕྱི་ཟླ་༢ ཚེས་༧ ཉིན་དིལླཱིར་འཕགས་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེའི་མཇུག་བསྡོམས་ཀྱི་གསུང་བཤད་ནང་གནང་བ་རེད། གཅིག་བྱས་ནས་ཁྱེད་རང་ཚོས་གསན་ཡོད་ཀྱི་རེད། གང་ལྟར་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་བསྡད་ཡོད་རེད། དེ་མིན་ང་ཚོའི་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ཚགས་ཚུད་དུ་གཏོང་རྒྱུ་དང༌། སྒྲིག་འཛུགས་ཡག་ཏུ་གཏོང་རྒྱུ། དེ་དང་ཕྱོགས་མཚུངས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཆེད་ང་ཚོས་སྔོན་འགྲོའི་གོ་སྒྲིག་བྱེད་དགོས་པ་རྣམས་བྱེད་རྒྱུ། ལྷག་པར་གཞི་རིམ་མང་ཚོགས་ནང་བོད་ཀྱི་ཆབ་སྲིད་གནས་སྟངས་དང་མང་གཙོའི་རིང་ལུགས་དེ་ཡག་པོ་ཞིག་ངོ་སྤྲོད་བྱས་ནས་ཚང་མས་ཕྱར་བ་གྲུ་འདེགས་དང་གདུང་སེམས་མཉམ་སྐྱེལ་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ལས་འགུལ་གང་འདྲ་ཞིག་ཡིན་རུང་བརྟན་པོ་དང་ཡང་དག་པ་ཞིག་བཟོ་རྒྱུའི་འབད་རྩོལ་གནང་དགོས་པ་དེ་ད་ལྟའི་སྐབས་བབ་ཀྱི་ལས་འགན་རེད།བྱས་ཙང་ང་ཚོས་དུས་ཚོད་རིང་པོ་ཞིག་ལེན་སོང་ཡང༌། ད་ཕན་ང་ཚོའི་གཞི་རིམ་ཆབ་སྲིད་ཀྱི་གནས་སྟངས་དེ་རགས་པ་ཞིག་བསྐྱར་ལྡབ་བྱས་ཏེ་རྡོག་རྡོག་ཅིག་མ་ཞུས་པ་ཡིན་ན། མི་མང་གིས་གསན་རྒྱུ་མང་པོ་ཞིག་གསན་ཡོད་ཀྱང༌། དེ་དག་བང་ཡག་པོ་མ་འགྲིགས་པ་དེ་འདྲ་ཡོད་པ་ཡིན་ན། དེ་དག་ཐུགས་ལ་དྲན་གསོ་ཡོང་ཆེད་དང༌། ལྷག་པར་ད་རིང་བགྲོ་གླེང་ཚོགས་འདུའི་ཐོག་བཀའ་མོལ་གནང་རྒྱུའི་གཞི་རྩ་ཞིག་ཆགས་ཀྱི་རེད་བསམས་ཏེ་དུས་ཚོད་ཕྱིན་པ་ཡིན་ནའང་དེས་མ་འཛེམས་པར་བཤད་དགོས་པའི་གནས་སྟངས་དེ་འདྲ་ཡིན།

ད་ལྟ་ང་ཚོར་དུས་ཚོད་ཨའུ་ཙམ་ཡོད་རེད། ཁྱེད་ཚོའི་ངོས་ནས་མཁྱེན་འདོད་ཡོད་པ་དང༌། དྭོགས་པ་ཡོད་པ་གང་འདྲ་ཞིག་གི་ཐོག་དྲི་བ་གནང་རྒྱུ་ཡོད་ནའང་གསལ་པོ་འཛེམས་ཟོན་མེད་པར་གནང་དགོས། ཡང་འདི་འདྲ་ཞིག་ལབ་ན་སྤྱི་འཐུས་ལ་སོགས་པ་དེ་དག་ལ་རྩིས་མེད་དང་ཕོག་གི་མེད་འགྲོ་བསམས་པ་དེ་འདྲའི་ཐུགས་དྭོགས་གནང་དགོས་པ་རྩ་བ་ནས་མེད། དེས་ན་ནང་ཚགས་བྱས་ནས་བཀའ་འདྲི་ག་རེ་གནང་འདོད་ཡོད་ཀྱང་གནང་རོགས་གནང༌། ཡང་བཀའ་འདྲི་གནང་མི་དགོས་པར་ང་ཚོའི་བྱེད་སྟངས་ཐོག་དགོངས་འཆར་བཀའ་སློབ་གནང་རྒྱུ་དེ་འདྲ་ཡོད་པ། དཔེར་ན། ལས་དོན་འདི་འདྲ་ཞིག་ཐོག་འདི་འདྲ་བྱེད་དགོས་ཀྱི་འདུག འདི་འདྲ་ཞིག་ད་ལྟ་བྱུང་མི་འདུག ཡང་ན་འདི་འདྲ་ཞིག་ནོར་འཁྲུལ་ཕྱིན་འདུག་ཅེས་དེ་འདྲ་གསུང་རྒྱུ་ཡོད་ན་ངེས་པར་དུ་གསལ་པོ་གསུང་རོགས་གནང༌། བཀའ་འདྲི་གནང་རྒྱུ་དེ་དག་ངས་ཤེས་པ་ཞིག་ཡིན་ན་གང་ཐུབ་ཀྱིས་གསལ་པོ་གསལ་བཤད་ཞུ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡིན། ངས་མ་ཤེས་པ་ཞིག་ཡིན་ན་འདིར་ངའི་རོགས་པ་སྤྱི་འཐུས་གཉིས་ཡོད་པ་དེ་དག་གིས་ཀྱང་རོགས་པ་བྱེད་མདོག་ཁ་པོ་རེད། ཡང་ད་རིང་ལན་བརྒྱབ་མ་ཐུབ་ན་བསྐྱར་དུ་བསམ་བློ་བཏང་ནས་སང་གནངས་ལན་འདེབས་ཞུ་རྒྱུའི་གོ་སྐབས་ཡོང་གི་རེད་སྙམ། དེ་ནས་ངས་བཀའ་མོལ་ཞུ་རྒྱུའི་མཚམས་འདིར་བཞག་ནས་ཁྱེད་ཚོས་བཀའ་འདྲི་དང་དགོངས་འཆར་གནང་རོགས། ཐུགས་རྗེ་ཆེ།

དྲི་བ་དྲིས་ལན།

དྲི་བ། འདས་པའི་ལོ་༣༥ ནང་རྗེས་ལུས་དང་འཐུས་ཤོར་ཧ་ཅང་ཕྱིན་ཡོད་རེད། ད་ལྟའང་རྗེས་ལུས་ཐེབས་པ་དང་འཐུས་ཤོར་ཕྱིན་པ་དེའི་གནད་འགག་གང་ལ་ཐུག་པ་དེ་མ་བཙལ་བའི་རྒྱུ་མཚན་གང་ཡིན་ནམ།

ལན། ལས་དོན་གཅིག་གམ་ཆ་ཚང་གང་གི་ཐོག་ཏུ་ཡིན་ནའང་དེ་ནི་ངོས་འཛིན་རྒྱུ་ཧ་ཅང་ཁག་པོ་རེད། གཞིས་ཆགས་ཁག་གི་འཛུགས་སྐྲུན་ཐོག་ལ་བསམ་བློ་བཏང་བ་ཡིན་ནའང༌། དཀའ་ངལ་མང་པོ་ཞིག་ང་ཚོས་མཐོང་གི་ཡོད་རེད་དེ། དཀའ་ངལ་དེ་དག་བསལ་མ་ཐུབ་པའི་གནས་སྟངས་གང་འདྲ་ཞིག་ལ་ཐུག་གི་ཡོད་པ་དེ་གསལ་པོ་བཤད་ཐུབ་ཀྱི་ཡོད་མ་རེད། སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་ལ་ཆ་བཞག་པ་ཡིན་ནའང༌། གནས་ཚད་ག་དུས་ཡིན་ཡང་བློ་ཁ་ཁེངས་པ་ཞིག་ཡོང་གི་ཡོད་མ་རེད། དེ་མི་ཡོང་བའི་རྒྱུ་མཚན་འདི་འདྲ་ཞིག་ལ་ཐུག་འདུག སྐྱོན་འདི་བསལ་ན་འདི་ཡོང་གི་རེད་ཅེས་ལམ་སྟོན་བྱེད་ཐུབ་ཀྱི་ཡོད་མ་རེད། ལོ་༣༥ རིང་འཐུས་ཤོར་ཕྱིན་པ་དེ་གནད་འགག་གང་འདྲ་ཞིག་ལ་ཐུག་པ་དང༌། དེ་མ་བཙལ་བའི་རྒྱུ་མཚན་གང་རེད་ཅེས་གསུངས་པའི་ལན་དེ་རྡོག་རྡོག་ཅིག་ངས་ད་ལྟའང་ཞུ་རྒྱུ་གང་ཡང་མི་འདུག མ་བཙལ་བ་མིན་ཡང་བཙལ་ནས་མ་རྙེད་པ་ཞིག་རེད། ཡང་ཡང་བཀའ་མོལ་ཡོང་གི་ཡོད་ཀྱང་ལག་ལེན་ལ་འཁེལ་གྱི་ཡོད་མ་རེད། འོན་ཀྱང་ང་ཚོས་ཕྱོགས་གཉིས་ཀ་ནས་གཟིགས་དགོས་པ་ཞིག་རེད་བསམ་གྱི་འདུག ལོ་༣༥ རིང་ལ་གྲུབ་འབྲས་ཐོན་རིགས་ལ་ཆ་བཞག་ན། དེང་སང་རྒྱལ་སྤྱིའི་ནང་མི་ཚོས་གང་བཤད་ཀྱི་ཡོད་ཅེ་ན། འཛམ་གླིང་ནང་སྐྱབས་བཅོལ་བ་ཁག་མི་འདྲ་བ་སུམ་སྟོང་ཡས་མས་ཤིག་ཡོད་པ་འཛམ་གླིང་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ལས་དོན་བྱེད་མཁན་གྱིས་བཤད་ཀྱི་ཡོད་རེད། ཁོ་ཚོས་སྐྱབས་བཅོལ་དེ་དག་ནང་གྲ་སྒྲིག་ཤོས་དང་ཚགས་ཚུད་ཤོས་བོད་པ་སྐྱབས་བཅོལ་བ་རྣམས་བརྩི་གི་ཡོད་རེད། དེ་གང་འདྲ་བརྩི་གི་ཡོད་རེད་ཅེ་ན། སྐྱབས་བཅོལ་ལ་ཡོང་སྐབས་ཀྱི་གནས་སྟངས་དང༌། སྐྱབས་བཅོལ་ཡོང་སའི་ས་གནས་དང་ང་ཚོའི་དབར་གྱི་ཤེས་རིག་དང་སྐད་ཡིག་མི་འདྲ་བའི་གནས་སྟངས། ཕྱི་ནས་དཔལ་འབྱོར་གྱི་རོགས་རམ་དང་དེ་ལ་བརྟེན་པའི་ང་ཚོའི་གྲུབ་འབྲས་གང་ཐོན་དེ་དག་བསྡོམས་ནས་བལྟས་སྐབས་བོད་མི་དེ་དག་དྲག་པ་ཞིག་ཆགས་བསྡད་ཡོད་ཀྱི་རེད། རྒྱ་གར་ནང་དུའང་ཕྱི་ལོ་༡༩༤༧ ལ་ཡོང་བའི་སྐྱབས་བཅོལ་བ་ཁ་ཤས་ད་དུང་ཆ་ཚང་བ་ཞིག་གཞིས་མ་ཆགས་པ་དེ་འདྲ་ཕྲན་བུ་ཡོད་རེད། དེ་བཞིན་ལངྐཱ་དང་བངྒལཱདེཤ་ནས་ཡོང་བ་དེ་དག་གི་ནང་དུའང་རྙོག་ཁྲ་ཧ་ཅང་མང་པོ་ཡོད་རེད། དེ་དག་ལ་ལྟ་དུས་བོད་མི་དེ་དག་ཏོག་ཙམ་དྲག་པ་བྱུང་ཡོད་རེད། ཡིན་ནའང་ང་ཚོ་ལ་ག་ཚོད་ཡོང་ཐུབ་ཀྱི་ཡོད་པ་དང༌། ཡང་ཆོག་པ་དེ་དག་ཆ་ཚང་བྱུང་ཡོད་དམ་ཞེ་ན། ད་ལྟ་ཁྱེད་རང་གིས་གསུངས་པ་བཞིན་བྱུང་ཡོད་མ་རེད། འོན་ཀྱང་ང་རང་གིས་བར་ལམ་གནས་ཚུལ་མང་པོ་ཞིག་ལ་བལྟས་སྐབས་ང་ཚོའི་གནད་འགག་གཙོ་བོ་ཞིག་ལས་ཀ་བྱེད་མཁན་མིའི་མཐུན་རྐྱེན་གྱིས་མ་འདང་བར་བརྟེན། ལས་ཀ་བྱ་རྒྱུ་ཡོད་པའི་གཞི་རྩ་ཆ་ཚང་བེད་སྤྱོད་བྱེད་མ་ཐུབ་པའི་གནས་སྟངས་དེར་ཐུག་གི་འདུག་སྙམ། སྤྱི་པའི་ཐོག་ལས་ཀ་བྱེད་མཁན་གྱི་མིའི་མཐུན་རྐྱེན་དེ་དཀོན་ཞིང༌། མི་འཇོན་པོ་ཕལ་ཆེ་བ་སྒེར་གྱི་ལས་ཀ་བྱེད་རྒྱུའི་འདོད་པ་ཆེ་བ་ཡོང་གི་འདུག ཐོག་མར་སྤྱི་པའི་ལས་ཀར་སེམས་ཤུགས་ཡོད་མཁན་དེ་དག་ཀྱང་སྐྱོན་བརྗོད་བྱེད་མཁན་དང་གྲ་མ་འགྲིགས་པ་ཁ་ཤས་བྱུང་བ་ཡིན་ན་ལམ་སེང་སེམས་ཤུགས་ཆག་སྟེ་སྤྱི་པའི་ལས་ཀ་དོར་ནས་སྒེར་གྱི་ལས་ཀ་ལ་འགྲོ་རྒྱུ་དེ་དག་ཚང་མ་ག་རེ་རེད་ཅེ་ན། མང་གཙོའི་ལམ་སྲོལ་ལ་ཡག་པོ་ཞིག་མ་གོམས་པ་དེས་མིས་སྐྱོན་བརྗོད་བྱེད་དུས་དེ་ལ་བཟོད་བསྲན་བྱེད་ཐུབ་ཀྱི་ཡོད་མ་རེད། གཞུང་གི་ལས་ཀ་བྱེད་དུས་ཚགས་མ་ཚུད་པ་དང༌། དེ་ནས་ཐོན་ཏེ་སོ་སོ་སྒེར་གྱི་དཔལ་འབྱོར་འདུ་འགོད་བྱེད་དུས་ཚོང་པ་ཆེན་པོ་ཆགས་འགྲོ་མཁན་དེ་འདྲའང་བོད་པའི་སྤྱི་ཚོགས་ནང་ཡོད་རེད། དེ་འདྲ་ཡིན་དུས་མང་གཙོའི་ལམ་སྲོལ་ཐོག་བྱང་པོ་ཡག་པོ་ཞིག་དང༌། ལྷག་པར་གཞིས་ཆགས་སོ་སོའི་མང་ཚོགས་ཀྱིས་འགན་ཡག་པོ་ཞིག་བླངས་ཏེ་ས་གནས་འཐུས་མིའི་ཚོགས་འདུ་དང་ས་གནས་འགོ་འཛིན་རྣམས་བཏང་འཛིན་ཡག་པོ་ཞིག་བྱས་ཏེ་ལས་དོན་ཚགས་སུ་ཚུད་པ་ཞིག་བྱེད་ཐུབ་ན་དེ་ཡག་ཤོས་ཆགས་ཀྱི་རེད་སྙམ། དེ་མ་བྱུང་བ་ཡིན་ན་ག་དུས་ཡིན་ཡང་གང་ཟག་ཁ་ཤས་ཤིག་ལ་རེ་བ་བྱས་ཏེ་བློས་བཀལ་ན་མི་བཅུ་ཐམ་པའི་ནང་གཉིས་གསུམ་ཞིག་ཧ་ཅང་ཡག་པོ་ཡོང་སྲིད་ཀྱི་རེད་དེ། བདུན་བརྒྱད་ཅིག་རྦད་དེ་ཚགས་མ་ཚུད་པར་ལུས་འགྲོ་བ་ཆགས་ཀྱི་ཡོད་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད།

དྲི་བ། ཆོལ་གསུམ་ཆིག་བསྒྲིལ་དེ་བོད་གཞུང་གིས་སྲིད་བྱུས་ལ་ངོས་འཛིན་གྱི་ཡོད་དམ། ཡུན་རིང་པོའི་བར་བོད་རང་བཙན་གྱི་རྩོད་ལེན་དེ་བྱེད་དགོས་བྱུང་ན་གྲ་སྒྲིག་ཡོད་དམ།

ལན། ད་ལྟ་ཁྱེད་རང་གིས་བཀའ་གནང་བ་དེ་ཧ་ཅང་བདེན་པ་རེད། རྒྱ་གར་ནང་འབྱོར་བ་ནས་བཟུང་སྟེ། ྋསྐྱབས་མགོན་རིན་པོ་ཆེས་ད་ཕན་བོད་རང་དབང་བསྐྱར་གསོའི་ལས་རིམ་ནང་གལ་ཆེ་ཤོས་ག་རེ་བརྩི་གནང་གི་ཡོད་ཅེ་ན། ཆོལ་ཁ་གསུམ་པོ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད། ཆོལ་གསུམ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དེ་རང་བཙན་གཙང་མ་ལས་ཀྱང་གལ་ཆེ་བ་ཞིག་ལ་བརྩི་གནང་གི་ཡོད། བོད་དེ་དབྱེ་བ་ཕྱེ་ན་འགྲིགས་ཀྱི་མི་འདུག་ཟེར་རྒྱུ་དེ་ད་ལྟ་ཕན་ཆད་བོད་གཞུང་གི་ཆབ་སྲིད་འཛིན་སྟངས་ཀྱི་གནད་འགག་གཙོ་བོ་ཞིག་རེད། དེར་བརྟེན་ང་ཚོའི་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་ཡིག་ཆ་མང་པོའི་ནང་ས་ཁྲ་རིམ་པོ་མང་པོ་ཞིག་བཟོས་དང་བཟོ་བཞིན་པ་དེ་དག་ནང་ཆོལ་གསུམ་ས་མཚམས་མ་ནོར་བ་དང༌། ལྷག་པར་དུ་ཆོལ་ཁ་གསུམ་གྱི་མཐའ་མཚམས་ཀྱི་རྒྱ་མིའི་ས་མཚམས་གང་ནས་ཟིན་དགོས་པ་དེ་དག་ཧ་ཅང་ཞིབ་ཚགས་པོ་བྲིས་ཡོད་རེད། ང་ཚོ་བོད་པས་གནའ་རབས་ལ་བྲིས་པའི་ས་ཁྲ་དེ་འདྲ་གང་ཡང་མེད་ཀྱང༌། རྒྱ་མི་དང༌། དབྱིན་ཇི། སྐབས་རེས་ཡེ་ཤུའི་ཆོས་ཀྱི་ཁྱབ་སྤེལ་བྱེད་མཁན་ཕྱི་རྒྱལ་བ་དེ་འདྲས་བྲིས་པའི་གནའ་བོའི་ས་ཁྲའི་རི་མོ་གང་ཡོད་པ་དེ་དག་དང༌། དེ་མིན་ཉམས་ཞིབ་བྱེད་འོས་པའི་གནས་ཚུལ་མང་པོའི་ཐོག་ཉམས་ཞིབ་བྱས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་མཚམས་ཀྱི་གནས་སྟངས་དེ་དག་གང་ལ་གང་འཚམས་གསལ་པོ་ཆགས་བསྡད་ཡོད་རེད། སི་ཏྲས་སྦག་གི་འཆར་གཞི་དེ་ང་ཚོའི་ངོས་ནས་གུ་ཡངས་དང་གུ་བཤངས་ཆེ་ཤོས་བཏང་བའི་འཆར་གཞི་ཞིག་ལ་བརྩི་གི་ཡོད་རེད། དེའི་ནང་དང་པོ་དེ་ལ་ཆོལ་གསུམ་ཆིག་བསྒྲིལ་གྱི་གོང་བུ་གཅིག་ཏུ་བསྒྲིལ་བ་ཞིག་ངེས་པར་དུ་དགོས་ཀྱི་འདུག་ཅེས་བཀའ་གནང་ཡོད་རེད། དཔེར་ན། ཨ་རིའི་གྲོས་ཚོགས་ནང་བོད་དེ་རྒྱ་མིས་ཁྲིམས་མཐུན་མ་ཡིན་པའི་བཙན་བཟུང་བྱས་པའི་ས་གནས་ཤིག་ཡིན་པ་དྲིལ་བསྒྲགས་བྱེད་སྐབས། ད་ལྟ་རྒྱ་མིས་དུམ་བུ་དྲུག་ཏུ་བཏང་བའི་ཆོལ་གསུམ་ཡོངས་སུ་རྫོགས་པ་དེ་རེ་རེ་བཞིན་མིང་འཁོད་བྱས་ཏེ། དེ་རྣམས་རྒྱ་མིས་བཙན་བཟུང་བྱས་པའི་ས་ཁུལ་རེད་ཅེས་གསལ་པོ་བཀོད་ཡོད་རེད། རྒྱ་མིའི་ངོས་ནས་ག་དུས་ཡིན་ཡང་ཆོལ་ཁ་གསུམ་པོ་ཆབ་སྲིད་གོང་བུ་གཅིག་བཟོ་རྒྱུ་དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ཁག་པོ་རེད་ལ། འདས་པའི་ལོ་རྒྱུས་ནང་དུའང་བྱུང་ཡོད་མ་རེད་ཅེས་ཤུགས་ཆེན་པོས་བཤད་ཀྱི་ཡོད་རེད། དེ་ལ་ག་དུས་ཡིན་ཡང་ང་ཚོས་གདོང་ལེན་བྱས་ཏེ། དེ་མ་བྱུང་ན་འགྲིགས་ཀྱི་ཡོད་མ་རེད་ཅེས་བཤད་ཀྱི་ཡོད་པ་དེ་ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་འཛིན་སྟངས་བརྟན་པོ་ཞིག་རེད། དེའི་ཐོག་ཕལ་ཆེར་ཐུགས་དྭོགས་གནང་དགོས་པའི་རྒྱུ་མཚན་ཡོད་མ་རེད་བསམ་གྱི་འདུག

ཁྱེད་རང་གིས་གསུངས་པ་གཉིས་པ་དེའང་ཧ་ཅང་བདེན་པ་རེད། ང་ཚོ་རྒྱུན་རིང་པོའི་བར་རང་དབང་རྩོད་ལེན་བྱེད་པའི་དུས་ཚོད་ནང་ལུས་པ་ཡིན་ནའང༌། ང་ཚོ་དེའི་དོན་དུ་གྲ་སྒྲིག་བྱེད་དགོས་འདུག་ཅེས་ག་དུས་ཡིན་ཡང་ཞུ་མུས་ཡིན། དེ་དང་ཆབས་ཅིག་རང་བཙན་སང་གནངས་རག་པ་ཡིན་ནའང་དེ་འཛིན་སྐྱོང་བྱ་རྒྱུའི་གྲ་སྒྲིག་ཀྱང་བྱེད་དགོས་ཀྱི་ཡོད་རེད། འོན་ཀྱང་ཞེད་སྣང་ཡོང་རྒྱུ་ཞིག་ལ། ལོ་ཁ་ཤས་ནང་བོད་རང་བཙན་བྱུང་བ་ཡིན་ན་ང་ཚོ་འདིར་སྐྱབས་བཅོལ་བའི་སྒྲིག་འཛུགས་དེ་ཡག་པོ་འཛིན་སྐྱོང་བྱེད་མ་ཐུབ་པའི་མི་དེ་ཚོས་རྒྱལ་ཁབ་ཀྱི་འཛིན་སྐྱོང་བྱེད་ཐུབ་བམ་སྙམ་ནས་དྭོགས་པ་ཟ་གི་ཡོད་རེད། རང་བཙན་མགྱོགས་པོ་ཞིག་བྱུང་བ་ཡིན་ནའང་ང་ཚོས་འཛིན་སྐྱོང་བྱེད་རྒྱུའི་གྲ་སྒྲིག་གནང་དགོས་འདུག་ལ། ཡུན་རིང་པོ་ཞིག་ལུས་པ་ཡིན་ནའང་ང་ཚོའི་རྩོད་ལེན་དེ་མ་བརླག་པ་ཞིག་གི་གྲ་སྒྲིག་བྱེད་དགོས་པ་དེ་གཉིས་ཀ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དེ་སྤྱི་འཐུས་ལྷན་ཚོགས་དང༌། བོད་གཞུང་ཚང་མས་དེ་ག་རང་ངོས་འཛིན་ཞུ་གི་ཡོད་རེད།

དྲི་བ། ད་བར་སྤྱི་འཐུས་འོས་འདེམས་བྱེད་སྟངས་དེ་ཡག་པོ་ཞིག་བྱུང་མེད་པ་དེ་དྲག་ཏུ་གཏོང་བ་ལ་ཐབས་ཤེས་གང་ཡོད་དམ། སྤྱི་འཐུས་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ཐོག་སྤྱི་འཐུས་ལྷན་ཁང་ནས་དུས་དེབ་ཅིག་བཏོན་ཐུབ་ན་ལེགས་པ་མེད་འགྲོ་སྙམ། དེ་བཞིན་སློབ་ཡོན་སྤྲོད་ཕྱོགས་ཀྱི་ལམ་སྲོལ་བརྗེ་དགོས་པར་མཐོང་གི་འདུག

ལན། ད་ལྟ་ཁྱེད་རང་གིས་གསུངས་པ་དེ་ཧ་ཅང་བདེན་པ་རེད། སྤྱི་འཐུས་འོས་འདེམས་བྱེད་རྒྱུའི་གནས་སྟངས་དེ་ད་ལྟ་ཕན་ཆད་ལ་ཡང་དག་པ་དང་ཚགས་སུ་ཚུད་པ་ཞིག་རྩ་བ་ནས་བྱུང་མེད། མ་འོངས་པའང་དེ་མགྱོགས་པོ་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཆུང་ཆུང་ཡིན་པའི་ཞེད་སྣང་ཡོང་གི་འདུག ཞེད་སྣང་དེ་གང་འདྲ་ཡོང་གི་ཡོད་རེད་ཅེ་ན། མི་འགའ་ཤས་ཀྱི་ཤུགས་གནོན་ཐོག་ནས་སྤྱི་འཐུས་མང་པོ་སླེབས་ཐུབ་པ་དང༌། དངོས་གནས་འབད་རྩོལ་བྱེད་མཁན་བྱུང་ན་མི་ཚང་གཅིག་གིས་སྤྱི་འཐུས་༤༦ ཆ་ཚང་བྱེད་ཐུབ་པའི་དངོས་ཡོད་གནས་ཚུལ་གྱི་ཉེན་ཁ་ཞིག་ང་ཚོའི་མདུན་ལ་ཡོད་རེད། དེར་བརྟེན་ང་ཚོས་ག་དུས་ཡིན་ཡང་མང་ཚོགས་ངེས་པར་དུ་གཉིད་སད་དགོས་ཀྱི་འདུག སྲིད་དོན་ཐོག་ལ་དོ་སྣང་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་འདྲ་རེད། ང་ཚོའི་སྤྱི་འཐུས་འོས་འདེམས་བྱེད་སྟངས་དེ་རྒྱལ་ཁབ་གཞན་གྱི་ལམ་སྲོལ་དང་མི་འདྲ་བར་འོས་གཞི་དང་རྩ་བའི་འོས་འདེམས་གཉིས་ཀ་མི་མང་ཐོག་ནས་བྱེད་ཀྱི་ཡོད་རེད། འོས་གཞིའང་མི་མང་གིས་འོས་འདེམས་བྱེད་དགོས་པ་དང༌། མཐའ་མའི་འོས་འདེམས་ཀྱང་མི་མང་གིས་བྱེད་དགོས་པའི་འོས་འདེམས་རིམ་པ་གཉིས་བྱེད་དགོས་པའི་རྒྱུ་མཚན་དེ་གང་རེད་ཅེ་ན། འོས་གཞི་ཡག་པོ་སླེབས་པའི་དོན་དུ་རེད། སྡེ་ཚན་དང༌། ཚོགས་པ། གང་ཟག་རེ་གཉིས་ཀྱིས་འོས་གཞིར་བསླངས་པ་དེ་མ་ཡིན་པར་མི་མང་རང་གི་མང་མོས་ཐོག་ནས་འོས་གཞི་ཡར་སླེབས་ཐུབ་པའི་དམིགས་ཡུལ་བཞག་པ་རེད་དེ། དམིགས་ཡུལ་དེའང་དངོས་སུ་ལག་ལེན་བསྟར་སྐབས་ཡག་པོ་སྒྲུབ་ཐུབ་ཁག་པོ་ཞིག་ཆགས་ཡོད་རེད། དེར་བརྟེན་ན་གཞོན་ཚོས་ད་ལྟ་འདིར་དགོངས་འཆར་གནང་བ་བཞིན་དུས་རྒྱུན་དུ་མང་ཚོགས་ནང་སྤྱི་འཐུས་འོས་འདེམས་བྱེད་པའི་ལས་རིམ་དེ་གལ་ཆེན་པོ་ཡིན་པ་དང༌། དེའི་ནང་སོ་སོའི་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་པ། ལྷག་པར་ཆོལ་ཁ་ཆོས་ལུགས་སོ་སོའི་ནང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་འོས་པ་དེ་འདྲ་ད་ལྟ་ནས་བརྩད་གཅོད་བྱས་ཏེ་ངོ་ཤེས་རྒྱུས་ཡོད་ཆགས་པ་ཡིན་ན། ཐོག་མར་འོས་གཞི་འོས་བསྡུ་བྱེད་དུས་ནས་ཕྲན་བུ་དྲག་ཏུ་ཡོང་བའི་རེ་བ་ཡོད་རེད་སྙམ།

སྤྱི་འཐུས་ཚོས་ག་རེ་ལས་ཀ་བྱེད་ཀྱི་ཡོད་མེད་ཐོག་དུས་དེབ་དེ་འདྲ་བཏོན་པ་ཡིན་ན་ཡག་པོ་རེད་གསུངས་པ་དེ་ཕྱོགས་གཅིག་ནས་བདེན་པ་རེད་དེ། དེ་ཕན་ཐོགས་ཧ་ཅང་ཡོང་གི་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ང་ཚོས་དུས་དེབ་ཅིག་བཏོན་པ་ཡིན་ནའང༌། ད་ལྟ་ཡོད་པའི་སྤྱི་འཐུས་ཚོའི་གནས་སྟངས་དེ་མ་གཏོགས། མ་འོངས་པ་ཡོང་རྒྱུ་བསྡད་པའི་སྤྱི་འཐུས་རྣམས་ཀྱི་འོས་གཞིའི་སྐོར་ལ་ང་ཚོས་གང་ཡང་བཤད་ཐུབ་ཀྱི་མ་རེད། ད་ལྟ་ཡོད་པའི་སྤྱི་འཐུས་༤༦ དེ་མ་འོངས་པར་ཡང་བསྐྱར་ཡོང་བའི་རེ་བ་བརྒྱབ་པ་ཡིན་ན་ཕན་ཐོགས་རྒྱུ་གང་ཡང་མེད། ཕྱོགས་གཞན་པ་ཞིག་ལ། སྤྱི་འཐུས་སུས་གང་བྱེད་ཀྱི་ཡོད་རེད། སུས་ལེགས་པ་དང་སྡུག་པ་བྱེད་ཀྱི་ཡོད་རེད། དེ་དག་དབྱེ་བ་ཕྱེ་རྒྱུའི་ལས་རིམ་དེ་རང་དབང་ལྡན་པའི་གསར་ཤོག་གི་བརྒྱུད་རིམ་གཞན་པ་དེ་ཚོས་བྱེད་དགོས་ཀྱི་རེད་མ་གཏོགས། སྤྱི་འཐུས་ལྷན་ཚོགས་ནས་དེ་འདྲའི་དུས་དེབ་ཅིག་བཏོན་ཐུབ་ཀྱི་མ་རེད། ཐོག་མར་སྐབས་བཅིུག་པའི་སྤྱི་འཐུས་དམ་བཅའ་བཞག་པའི་ཉིན་མོ་དེར་སྐབས་བཅིུག་པའི་སྤྱི་འཐུས་ཀྱི་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་གྱི་གསུང་བཤད་ནང་ག་རེ་ཞུས་ཡོད་རེད་ཅེ་ན། མང་གཙོའི་རིང་ལུགས་ཡང་དག་པ་ཞིག་ཡོང་བའི་ཡན་ལག་གལ་ཆེ་ཤོས་ཤིག་རང་དབང་ལྡན་པའི་བརྒྱུད་ལམ་དེ་དག་རེད། བརྒྱུད་ལམ་ཁག་གི་ནང་ནས་ང་ཚོར་གསར་ཤོག་ཙམ་མ་གཏོགས། རླུང་འཕྲིན་དང་གཟུགས་མཐོང་རླུང་འཕྲིན་སོགས་གང་ཡང་ཡོད་མ་རེད། དེར་བརྟེན་གསར་ཤོག་ཁ་ཤས་ཀྱི་ཐོག་ང་ཚོའི་བརྒྱུད་ལམ་དེ་གནས་ཡོད། ཤེས་བྱ་སོགས་ནི་གཞུང་འབྲེལ་གྱི་གསར་ཤོག་རེད། རང་དབང་ལྡན་པའི་གསར་ཤོག་གང་ཡང་མ་རེད། རང་དབང་ལྡན་པའི་གསར་ཤོག་ནང་དེང་སང་དམངས་གཙོ་དང༌། གཞོན་ནུའི་རང་བཙན་ལ་སོགས་པའི་དུས་དེབ་ཁ་ཤས་དང༌། དིལླཱི་ནས་མཚམས་རེ་ཐོན་པའི་དྷ་ས་ལྟ་བུ་རྣམས་མ་གཏོགས། གཞུང་གི་འཛིན་སྐྱོང་དང་འབྲེལ་བ་མེད་པའི་རང་དབང་ལྡན་པའི་བརྒྱུད་ལམ་གྱི་གསར་ཤོག་དཀོན་པོ་ཞིག་འདུག དེར་བརྟེན་མ་འོངས་པར་མང་ཚོགས་ཀྱིས་དོ་སྣང་བྱས་ཏེ་དེ་འདྲའི་བརྒྱུད་ལམ་དེ་ག་ཚོད་ཇེ་མང་དང༌། ཁ་ཚ་བ་ཡོང་རྒྱུའི་འབད་རྩོལ་བྱེད་ན་མང་གཙོའི་རིང་ལུགས་ལ་ཧ་ཅང་ཕན་གྱི་རེད་བསམ་གྱི་འདུག སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་སྐབས་བཏོན་པའི་གསར་ཤོག་དེ་ཡིག་ཚོགས་མང་བས་དོན་དག་གསར་པ་ཧ་ཅང་མེད་པའི་བཟོ་འདྲ་ཞིག་ཡོད་རེད་དེ། གལ་སྲིད་ཐུགས་སྣང་གནང་མཁན་ཚོས་གཟིགས་པ་ཡིན་ན། ད་ལྟའི་སྤྱི་འཐུས་༤༦ གིས་གྲོས་ཚོགས་ནང་ག་རེ་བྱེད་པ་དང༌། བཤད་པ། བསམས་པ་དེ་དག་ཚང་མ་གསར་ཤོག་དེའི་ཐོག་ནས་མཁྱེན་ཐུབ་པ་ཞིག་ཡོད་རེད། ག་རེ་བཤད་པ་ཆ་ཚང་ཚིག་གཅིག་ཀྱང་མ་ལུས་པ་དེའི་ནང་བཀོད་ཡོད་རེད།བྱས་ཙང་ཐུགས་སྣང་གནང་མཁན་གྱིས་མུ་མཐུད་གཟིགས་པ་ཡིན་ན། སུས་དྲང་པོ་བྱེད་ཀྱི་འདུག སུས་མ་དྲང་བ་བྱེད་ཀྱི་འདུག དེ་ངེས་པར་དུ་གསར་ཤོག་དེའི་ཐོག་ནས་དབྱེ་བ་ཆོད་ཐུབ་པ་ཞིག་ཡོད་རེད།

དེ་མིན་སྤྱི་འཐུས་ཚོས་གང་བྱེད་ཀྱི་ཡོད་པའི་སྐོར་དུས་དེབ་ཅིག་སྤྱི་འཐུས་ལྷན་ཁང་ནས་བཏོན་དགོས་བྱུང་ན། དེའི་ནང་ང་ཚོས་ཧ་ཅང་བྱས་པ་ཡིན་ཞེས་བཤད་པ་མ་གཏོགས། ང་ཚོས་འཇོན་མ་སོང༌། ཁ་ཆག་སྣ་རལ་འདི་བྱུང་སོང་ཞེས་བཤད་ཀྱི་མ་རེད། ཕྱོགས་གཞན་ནས་རྒྱུན་ལས་དང་སྤྱི་འཐུས་ཀྱི་ལས་ཀ་བྱེད་སྟངས་དེ་མཉམ་འདུས་ཀྱི་ལས་འགན་རེད། སྤྱི་འཐུས་གཅིག་གིས་ལེགས་པ་དང་སྡུག་པ་གང་བྱས་ཀྱང་སྤྱི་འཐུས་ལྷན་ཚོགས་ཡོངས་ཀྱིས་དེའི་མིང་འཁྱེར་དགོས་རེད། མཉམ་འདུས་ལས་འགན་ཡིན་དུས་གང་ཟག་བྱེ་བྲག་པ་དམིགས་ཀྱིས་བཀར་ནས་སྡུག་པ་དང་ལེགས་པ་བྱུང་འདུག་ཅེས་བཤད་མི་ཐུབ་པ་ཆགས་ཡོད། སྤྱི་འཐུས་ཀྱི་ཕྱི་ལ་བཞུགས་མཁན་རང་དབང་ཅན་གྱི་མི་དེ་ཚོས་བརྟག་དཔྱད་བྱས་ཏེ་དབྱེ་བ་ཕྱེ་དགོས་པ་རེད་མ་གཏོགས། ང་ཚོས་ང་ཚོ་ཡག་པོ་ཡིན་ཞེས་བརྗོད་ནའང་རུང༌། སྡུག་ཅག་ཡིན་ཞེས་བརྗོད་ནའང་ཏན་ཏན་གང་ཡང་མེད།

སློབ་ཡོན་སྤྲོད་ཕྱོགས་ཀྱི་ལམ་སྲོལ་བརྗེ་དགོས་པའི་སྐོར་གསུངས་སོང་བས་དགོངས་འཆར་ཡག་པོ་འདུག སློབ་ཡོན་སྤྲོད་ཕྱོགས་ཀྱི་ལམ་སྲོལ་དེ་སློབ་ཚན་འཆར་གཞི་བརྗེ་བ་ནང་བཞིན་ལོ་གང་ལ་གང་འཚམས་རྗེས་ལག་ལེན་བསྟར་དགོས་པ་ཞིག་བཟོས་ན་སློབ་ཕྲུག་རྣམས་དམིགས་ཡུལ་མ་བརླག་པ་དང༌། བསམ་བློ་གཏོང་བདེ་བའི་ཁྱད་པར་ཞིག་ཡོང་སྲིད་པ་རེད། སྔོན་མ་སློབ་ཡོན་སྤྲོད་པའི་ལམ་སྲོལ་བརྗེ་དགོས་པ་དེ་གང་ལ་ཐུག་ཡོད་ཅེ་ན། བོད་སློབ་འཛིན་ཚོགས་ནང་སློབ་ཡོན་སྤྲོད་རྒྱུའི་དངུལ་འབབ་སྤོམས་ཚོད་དེ་ཐག་ཆོད་པ་ཞིག་མ་གཏོགས་མེད། བར་ལམ་རྒྱུགས་སྤྲོད་གཏོང་མཁན་མང་དུ་ཕྱིན་ནས་སློབ་ཡོན་ལེན་མཁན་མང་དུ་འགྲོ་སྐབས་ཕྲུ་གུ་ཚང་མར་ཁེབས་ཀྱི་ཡོད་མ་རེད། གང་ཁེབས་པ་ཞིག་བཟོ་དགོས་དུས་ཕྲུ་གུའི་གྲངས་ཉུང་དུ་གཏོང་དགོས་པ་ཆགས་པ་རེད། མ་འོངས་པར་སློབ་ཡོན་སྐོར་སྲིད་བྱུས་འགྱུར་བ་གཏོང་དགོས་བྱུང་ན་ཁྱེད་རང་གིས་དགོངས་འཆར་གནང་བ་དེ་བསམ་བློའི་དཔྱད་གཞིར་གཞག་དགོས་པ་གལ་ཆེན་པོ་རེད་ཅེས་འབྲེལ་ཡོད་ལས་ཁུངས་ལ་ལམ་སྟོན་བྱེད་ཀྱི་ཡིན།

དྲི་བ། ཐའི་ཝན་གྱི་ཕོགས་ཟ་མཁན་རྣམས་དེང་སང་སྐྱོན་མེད་པའི་བཟོ་འདྲ་ཞིག་ཆགས་ཀྱི་མེད་དམ། སྐབས་དང་པོ་གཟིགས་སྐོར་ཕེབས་མཁན་དེ་དག་ཚུར་ལོག་རྗེས་ྋསྐྱབས་མགོན་རིན་པོ་ཆེའི་འབུལ་ཚན་གྱི་གྲས་ལ་ཁོ་རང་ཚོས་མ་མཁྱེན་པ་དང་སྤྱི་འཐུས་ལྷན་ཚོགས་ལ་གསལ་བསྒྲགས་མ་ཞུས་པའི་ཅ་ལག་མང་པོ་ཞིག་ཐོན་པ་དེ་དངོས་ཡོད་གནས་ཚུལ་ཡིན་ནམ། ང་ཕོད་འཇིགས་མེད་ད་རེས་སྐུ་ཚབ་གཉིས་པའི་གྲས་ལ་བཏང་དགོས་དོན་གང་ཡིན་ནམ།

ལན། དེ་ནི་དངོས་ཡོད་གནས་ཚུལ་ཞིག་མ་རེད། ཐའི་ཝན་གྱི་ཕོགས་ཟ་མཁན་རྣམས་སྔོན་མའང་སྐྱོན་ཡོད་མཁན་ཞིག་དང༌། ད་ལྟའང་སྐྱོན་ཡོད་པ་ཞིག་རེད། དེའི་ཐོག་ཁྱེད་རང་ཚོས་ཐུགས་སྣང་མ་བྱུང་བ་མ་གཏོགས། ྋསྐྱབས་མགོན་རིན་པོ་ཆེའི་ཞལ་དྲོན་མོ་ནས་ཚར་གཉིས་གསུམ་ཙམ་བཀའ་གནང་ཡོད་རེད། དེ་དག་ཀྱང་གསར་ཤོག་ཁག་གི་ནང་ཐོན་ཡོད་མདོག་ཁ་པོ་རེད། ཐའི་ཝན་གྱི་བཀའ་མོལ་དེ་མཚམས་རེ་བོད་པའི་སྤྱི་ཚོགས་ནང་ཆེན་པོ་ཞིག་ཆགས་ཡོང་དུས་ཞིབ་ཚགས་པོ་མེད་པའི་གནས་སྟངས་ཤིག་ཡོང་གི་འདུག དེར་བརྟེན་དེ་དག་ཆ་ཚང་ཚོར་བའི་རྣམ་པ་ཆེན་པོ་ཡོད་པའི་གནས་ཚུལ་ཞིག་ཡིན་དུས་ཞིབ་ཚགས་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ཐའི་ཝན་མཉམ་དུ་ང་ཚོ་བོད་པས་འབྲེལ་བ་བྱེད་མ་ཐུབ་པའི་རྒྱུ་རྐྱེན་དང་པོ་དེ་གང་ལ་ཐུག་ཡོད་ཅེ་ན། ཕྱི་ལོ་༡༩༥༩ ལོར་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་ལ་འབྱོར་དུས་ཐའི་ཝན་ངོས་ནས་བོད་གཞུང་དང༌། ྋརྒྱལ་བ་རིན་པོ་ཆེ། བོད་མི་སྐྱབས་བཅོལ་བ་རྣམས་དང་འབྲེལ་བ་བྱེད་ཆེད་ལག་པ་བཏང་ཡོད་ཀྱང༌། དེ་དུས་གནས་ཚུལ་ག་རེ་ཆགས་ཀྱི་ཡོད་ཅེ་ན། ཐའི་ཝན་དང་བོད་པ་གཉིས་ཀ་མཉམ་རུབ་ཐོག་ནས་གུང་བྲན་ལ་ངོ་རྒོལ་བྱེད་དགོས་ཀྱི་ཡོད་པས། གུང་བྲན་མཐར་སྐྲོད་བཏང་ནས་ཐའི་ཝན་གྱིས་རྒྱ་ནག་སྐམ་ས་ཆེན་པོ་དེ་བསྐྱར་དུ་བཟུང་སྐབས་བོད་དེ་རང་བཞིན་གྱིས་སྐབས་དེར་རྒྱ་ཁོངས་སུ་བསྡད་རྒྱུ་ཡིན་པ་གཞིར་བཞག་གི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་ལ་དྲིལ་བསྒྲགས་བྱེད་རྒྱུའི་དོན་དུ་བོད་མི་སྐྱབས་བཅོལ་བ་དང་སྐྱབས་བཅོལ་གཞུང་དང་འབྲེལ་བ་བྱེད་རྒྱུའི་གནས་ཚུལ་དེ་དག་བྱུང་བ་རེད། སྐབས་དེ་དུས་ང་ཚོས་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་བ་དམ་ཟབ་ཅིག་གནང་རྒྱུའི་གོ་སྐབས་བཟུང་ཡོད་མ་རེད། གནང་ན་འགྲིགས་པ་ཞིག་ཏུ་གཟིགས་མེད།

སྐབས་དེ་དུས་ཐའི་ཝན་རྒྱ་མི་རང་ཆགས་ཡོད། གུང་བྲན་དེ་རྒྱ་མི་ངོ་མ་ཆགས་མེད། ཐའི་ཝན་རྒྱ་མིའི་སྐུ་ཚབ་བྱས་ཏེ་རྒྱལ་ཚོགས་ནང་བསྡད་ཡོད་རེད། དེ་དུས་གུང་བྲན་རྒྱལ་ཚོགས་ནང་སླེབས་མེད། དེ་ནས་རིམ་པས་འགྱུར་བ་ཕྱིན་ཏེ་གུང་བྲན་རྒྱལ་ཚོགས་ནང་སླེབས་སྐབས་ཐའི་ཝན་རྒྱལ་ཚོགས་ནང་མེད་པའི་རྒྱལ་ཁབ་བྱེ་བྲག་པ་ཞིག་ཆགས་པ་རེད། དེ་འདྲའི་དབང་གིས་ང་ཚོས་སྲིད་དོན་གྱི་འབྲེལ་བ་འགོ་བཙུག་དུས་དཀའ་རྙོག་དེ་འདྲ་ཞིག་བྱུང་བ་རེད། བོད་གཞུང་གིས་འབྲེལ་བ་བྱེད་སའི་སྲིད་གཞུང་ཞིག་ཡིན་ན། སྲིད་གཞུང་དེས་བོད་རང་བཙན་ཡིན་པ་ངོས་ལེན་བྱེད་མཁན་ཞིག་དགོས་ཀྱི་ཡོད་རེད་དམ་ཞེ་ན། དེ་དགོས་ཀྱི་ཡོད་མ་རེད། ད་ལྟ་ང་ཚོས་འབྲེལ་བ་བྱས་ཏེ་གྲོགས་པོར་བརྩི་བའི་རྒྱལ་ཁབ་མང་ཆེ་བའི་སྲིད་གཞུང་གིས་བོད་རང་བཙན་ཡིན་པ་ཁས་ལེན་བྱས་ཡོད་མ་རེད། ཨ་རི་གཞུང་གིས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་ཚོས་ཨ་མི་རི་ཀའི་གཞུང་དང་འབྲེལ་བ་བྱེད་པ་ལ་དཀའ་ངལ་གང་ཡང་ཡོང་གི་མེད། ཐའི་ཝན་གྱིས་བོད་རང་བཙན་མ་ཡིན་པ་ཁས་ལེན་བྱེད་སྟངས་དེ་དང༌། རྒྱལ་ཁབ་གཞན་གྱིས་ཁས་ལེན་བྱེད་སྟངས་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད་རེད། ཐའི་ཝན་གྱིས་བོད་རང་བཙན་མ་ཡིན་པར་ཁས་ལེན་བྱེད་སྐབས་ཐའི་ཝན་དེ་རྒྱ་གཞུང་ངོ་མ་ཡིན་པ་དང༌། བོད་དེ་ཁོ་རང་ཚོའི་ཁོངས་གཏོགས་ཡིན་པའི་གནས་ཚུལ་ཞིག་བཤད་དུས་དེར་ཁྱད་པར་ཞིག་ཡོང་གི་ཡོད་རེད། དེ་ལས་ཕར་བརྒལ་ཏེ་བཙན་བྱོལ་གཞུང་དང་ཐའི་ཝན་གཞུང་བར་ལ་འབྲེལ་བ་ཡག་པོ་ཞིག་བྱེད་ས་མ་རག་པ་དང༌། བཙན་བྱོལ་བོད་གཞུང་གིས་ཐའི་ཝན་གྱི་འདོད་དོན་ལྟར་གྱི་ལམ་སྟོན་འོག་ལ་མ་ཕེབས་པ་ཡིན་སྟབས། ཁོ་ཚོས་ཐབས་ལམ་གཞན་དག་ཅིག་བཙལ་ཏེ། བོད་པའི་སྤྱི་ཚོགས་ནང་ཐད་ཀར་འབྲེལ་བ་བྱས་པ་རེད།

སྤྱིར་བོད་མི་སྐྱབས་བཅོལ་བ་ལ་རོགས་རམ་བྱེད་མཁན་དང་འབྲེལ་བ་བྱེད་མཁན་རྒྱལ་ཁབ་བརྒྱ་ཕྲག་མང་པོ་ཡོད་རེད། དེ་ཚང་མས་འབྲེལ་བ་གང་འདྲ་ཞིག་བྱས་ཀྱང་བོད་གཞུང་བརྒྱུད་ནས་བྱས་ཡོད། ཐེ་ཝན་གྱིས་དེ་འདྲའི་བརྒྱུད་ལམ་གང་ཡང་མ་བཟོས་པར་ག་དུས་ཡིན་ཡང་བོད་མི་བྱེ་བྲག་པ་རེ་ཟུང་ཞིག་དང་འབྲེལ་བ་བྱས་པ་མ་ཟད། ཐའི་ཝན་གྱི་མི་དེ་འདྲ་ལ་ྋསྐྱབས་མགོན་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུ་ཞིག་རག་པ་ཡིན་ཡང༌། དེ་ཚོ་ཡན་ཆད་ཀྱང་དཔར་བརྒྱབས་ནས་བེད་སྤྱོད་ལོག་པ་གཏོང་རྒྱུའི་འབད་རྩོལ་བྱེད་པའི་ཐབས་ཤེས་མང་པོ་ཞིག་བྱས་སྟབས། ཐའི་ཝན་གཞུང་དང་བཙན་བྱོལ་བོད་གཞུང་དབར་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ནས་བར་ལམ་ཞིག་ལ་བོད་གཞུང་གི་སྐུ་ཚབ་གཅིག་གསང་བའི་ཐོག་ནས་ཐའི་ཝན་ལ་ཕེབས་ནས་འགྲིགས་ཆགས་གནང་རྒྱུའི་འབད་རྩོལ་གནང་སྐབས། ཐའི་ཝན་གཞུང་གིས་སྐབས་དེ་དུས་གང་ཁས་ལེན་བྱས་པ་དེ་དག་སྐུ་ཚབ་དེ་ལོག་ཚར་དུས་སྣ་ཁ་གཅིག་ཀྱང་ལག་ལེན་མ་བསྟར་བར་མགོ་སྐོར་འདྲ་པོ་བཏང་བ་དེ་འདྲ་བྱུང་བ་རེད། གནས་ཚུལ་དེ་དག་གི་བྱུང་རིམ་རིམ་པས་བརྒྱུད་ཡོང་དུས་མཐའ་མའི་འདུས་དེར་བཙན་བྱོལ་བོད་གཞུང་གིས་སྲིད་བྱུས་གང་བཟུང་བ་རེད་ཅེ་ན། གནས་སྐབས་ཤིག་རིང་ཐའི་ཝན་དང་མཉམ་དུ་སྲིད་དོན་ལྟ་ཞོག ཆོས་དང་རིག་གཞུང་གང་གི་ཐོག་ནས་འབྲེལ་བ་མི་བྱེད་པའི་སྲིད་བྱུས་ཤིག་བཟུང་བ་རེད། ད་ལྟའང་སྲིད་བྱུས་དེ་འགྱུར་བ་མེད་པར་རང་འཇགས་གནས་ཡོད། དེར་བརྟེན་བོད་མི་སྐྱབས་བཅོལ་བ་སུ་ཡིན་རུང་དངོས་ཤུགས་བརྒྱུད་གསུམ་གང་གི་ཐོག་ནས་ཐའི་ཝན་གྱི་ཕོགས་བཟས་པ་དང༌། འབྲེལ་བ་བྱེད་པ་ཡིན་ན་བོད་གཞུང་གིས་གཏན་འབེབས་བྱས་པའི་སྲིད་བྱུས་དང་འགལ་གྱི་ཡོད་རེད། དེར་བརྟེན་བོད་གཞུང་ལ་བརྩི་མེད་བྱས་པ་དང༌། བོད་གཞུང་གིས་ལམ་ཕྱོགས་བསྟན་པ་དེའི་ཐོག་ཏུ་མ་འགྲོ་བ་དེ་གསལ་པོ་ཆགས་པ་རེད། དེ་འདྲ་ཡིན་དུས་སྐྱོན་ཡོད་ཡོད་པ་ཞིག་རེད་མ་གཏོགས། སྐྱོན་མེད་པ་ཆགས་ཐབས་མེད།

དེ་ཚོའི་ནང་དངོས་གནས་ཁ་ཤས་དཔལ་འབྱོར་གྱི་ཐོག་ནས་འ་ཆད་འུ་ཐུག་སྟེ་ཐབས་ལམ་ཞིག་འདུག་བསམས་ཏེ་ཐའི་ཝན་གྱི་དཔལ་འབྱོར་བཟས་པ་མ་གཏོགས། ཆབ་སྲིད་ཀྱི་ཐོག་ནས་བོད་བསྟན་པ་སྤྱི་ལ་གནོད་པའི་ལས་དོན་དང་སྐད་ཆ་གང་ཡང་མ་བཤད་པ་དེ་འདྲའང་མང་པོ་ཡོད་ཚོད་འདུག དེ་འདྲ་མིན་པར་ཁ་ཤས་ཆེད་དུ་མངགས་ནས་བོད་གཞུང་གི་སྲིད་བྱུས་དང་རྒྱབ་འགལ་བྱེད་རྒྱུའི་འདོད་པ་བྱས་ཏེ་བསྟན་པ་ཆབ་སྲིད་ལ་གནོད་པའི་བཀའ་མོལ་དང་ཕྱག་ལས་གནང་མཁན་དེ་འདྲ་མང་པོ་ཞིག་བྱུང་ཡོད། དེ་དག་བོད་གཞུང་གིས་ག་རེ་བྱས་ནས་བཀག་གི་ཡོད་མ་རེད་ཅེ་ན། བཀག་ཐུབ་ཀྱི་ཡོད་མ་རེད། ང་ཚོ་ལུང་པ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད་དམ། ང་ཚོར་ཁྲིམས་ཀྱི་ཐོག་ནས་བྱ་རྒྱུ་གང་ཡང་མེད། དེ་བཞིན་ལག་འཁྱེར་སོགས་ཀྱི་ཐོག་ནས་བཀག་འགོག་བྱ་རྒྱུའང་གང་ཡང་མེད། དེར་བརྟེན་བཀག་མི་ཐུབ་པ་རེད། ཡིན་ནའང་དེའི་ཐོག་ང་ཚོའི་བཟང་སྤྱོད་ཀྱི་ནུས་པ་ཞིག་གང་ཡོད་ཅེ་ན། མང་ཚོགས་ཀྱིས་དེ་དག་ངོ་ཤེས་པ་བྱས་ཏེ། ལས་དོན་དེ་འདྲ་བྱེད་མཁན་རྣམས་གཞུང་ལ་རྒྱབ་འགལ་བྱེད་མཁན་དང༌། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་ངོས་ལེན་མི་བྱེད་མཁན་ཞིག་ལ་མང་ཚོགས་ཀྱིས་ངོས་ལེན་བྱས་པ་ཡིན་ན། ང་ཚོའི་བཟང་སྤྱོད་ཀྱི་ནུས་པ་དེ་མ་གཏོགས་གང་ཡང་མེད།བྱས་ཙང་བཟང་སྤྱོད་ཀྱི་ནུས་པ་དེའི་ཐོག་ནས་སྐད་ཆ་བཤད་སྐབས། ཐའི་ཝན་གྱི་ཕོགས་ཟ་མཁན་གང་འདྲ་ཞིག་ཡིན་རུང༌། ད་ལྟའི་གནས་སྐབས་འདིར་སྐྱོན་མེད་པ་དང་ཁེ་བཟང་ཡིན་པའི་བཟོ་འདྲ་ཞིག་གསུང་རྒྱུ་དེ་བོད་གཞུང་གི་ལྟ་སྟངས་ཐོག་ནས་སྐྱོན་མེད་པ་དང་ཁེ་བཟང་ཡིན་པ་ཞིག་རྩ་བ་ནས་ཆགས་མི་ཐུབ། དཔེར་ན། མ་འོངས་པ་ཐའི་ཝན་དང་བཙན་བྱོལ་བོད་གཞུང་དབར་འབྲེལ་བ་ཡག་པོ་ཞིག་ཆགས་ནས་གཞུང་འབྲེལ་ཐོག་ནས་ཐའི་ཝན་གྱི་རོགས་རམ་ལེན་ཆོག་པའི་ཉིན་མོ་ཞིག་ཤར་བ་ཡིན་ནའང༌། དེའི་དབང་གིས་སྔ་མོ་བླངས་ཚར་བའི་ཐའི་ཝན་གྱི་རོགས་རམ་དེ་སྐྱོན་མེད་པ་ཞིག་ཆགས་སམ་ཞེ་ན། དེ་ནམ་ཡང་ཆགས་མི་ཐུབ། ལེན་མ་ཆོག་པའི་སྐབས་བླངས་པ་དེ་རྗེས་སུ་ལེན་ཆོག་པའི་སྐབས་ཤིག་བྱུང་བ་ཡིན་ནའང་དེ་ཁྲིམས་འགལ་རང་གནས་ཀྱི་རེད་མ་གཏོགས། ཁྲིམས་མཐུན་ཆགས་འགྲོ་རྒྱུ་གང་ཡང་མེད།

ལོ་སྔོན་མ་བླངས་པ་དེ་ཁྲིམས་འགལ་རེད་ཟེར་གྱི་འདུག ད་ལོ་ཁྱེད་རང་ཚོ་ལེན་གྱི་འདུག དེས་ན་ངས་ལོ་སྔོན་མ་བླངས་པ་དེ་ཁྲིམས་མཐུན་ཆགས་པ་རེད་གསུངས་པ་ཡིན་ན། ལོ་སྔོན་མ་ལེན་མི་ཆོག་པའི་ཁྲིམས་དེ་བསྡད་ཡོད་རེད། ད་ལོ་འབྲེལ་ལམ་ལ་འགྱུར་བ་ཕྱིན་ནས་ལེན་ཆོག་པའི་ཁྲིམས་གསར་པ་ཞིག་ཆགས་པ་རེད། དེར་བརྟེན་ད་ལོ་ཁྲིམས་མཐུན་ཆགས་ཀྱི་ཡོད་རེད། ལོ་སྔོན་མ་ཁྲིམས་འགལ་ཆགས་ཀྱི་ཡོད་རེད། དེར་བརྟེན་བོད་གཞུང་གིས་ཐའི་ཝན་དང་འབྲེལ་བ་བྱས་པ་དང༌། བོད་གཞུང་ལ་ཐའི་ཝན་གྱིས་ཕྱག་རྟགས་ཕུལ་བ་དེ་འདྲ་ཕར་སློག་མ་གནང་བ་ལ་བརྟེན་ནས་སྔོན་མ་བླངས་པ་དེ་དག་ཁེ་བཟང་ལ་འགྲོ་རྒྱུ་དང༌། མ་འོངས་པར་སུས་ལེན་ནའང་འགྲིགས་པའི་རྒྱུ་མཚན་བཀོད་རྒྱུ་དེ་རྒྱུ་མཚན་ཡང་དག་པ་ལ་རྩ་བ་ནས་འགྲོ་གི་མེད། བོད་གཞུང་གིས་ཐའི་ཝན་དང་འབྲེལ་ལམ་གནང་དགོས་པའི་རྒྱུ་མཚན་དེ་གང་འདྲ་ཆགས་པ་རེད་ཅེ་ན། དང་པོ་དེ་བོད་པའི་སྤྱི་ཚོགས་ནང་ཐའི་ཝན་གྱིས་ལྐོག་བྱུས་ཀྱིས་ལག་པ་གཏོང་བ་དེ་ཐའི་ཝན་དང་འབྲེལ་བ་བྱས་ན་མ་གཏོགས། ང་ཚོར་བྱ་རྒྱུ་ཐབས་ཤེས་གཞན་དག་རྩ་བ་ནས་མེད། གཞུང་དང་གཞུང་དབར་འབྲེལ་བ་བྱུང་ན་ཁུག་ཁུག་ཀྱོག་ཀྱོག་ལ་བྱ་རྒྱུའི་ལས་དོན་དེ་དག་འགག་ཐུབ་པ་ཡོང་གི་རེད་བསམས་པའི་དམིགས་ཡུལ་གཙོ་བོ་གཅིག་དེ་རེད། དམིགས་ཡུལ་གཞན་པ་ནི་ང་ཚོའི་འཐབ་རྩོད་དེ་རྒྱའི་མི་རིགས་ལ་མ་ཡིན་པར་ད་ལྟ་དབང་སྒྱུར་བྱེད་པའི་གནས་སྟངས་འདི་ལ་བྱེད་པ་མ་གཏོགས། རྒྱའི་མི་རིགས་དང་ང་ཚོ་མཐུན་འབྲེལ་མེད་པའི་གནས་ཚུལ་མེད་པ་དེ་འཛམ་གླིང་ནང་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཞིག་ཡིན་པས། ཐའི་ཝན་དང་འབྲེལ་བ་བྱུང་ན་རྒྱའི་མི་རིགས་མང་པོ་ཞིག་བོད་པའི་དོན་དུ་ཤ་ཚ་དང་བོད་པའི་གནད་དོན་ཤེས་པ་བྱུང་བ་ཡིན་ན་ཆབ་སྲིད་ཀྱི་ཐོག་ནས་ཁེ་བཟང་ཞིག་འདུག་དྲན་གྱི་ཡོད་རེད། ལྷག་པར་དུ་གུང་བྲན་དང་ཐའི་ཝན་གཉིས་པོ་དེ་སྲིད་དོན་དང་དཔལ་འབྱོར་གཉིས་ཀའི་ཐོག་བསྐྱར་དུ་འབྲེལ་བ་བྱ་རྒྱུའི་འགོ་འཛུགས་ཤིག་བྱེད་ཡོང་དུས་ང་ཚོས་ཐའི་ཝན་དང་འབྲེལ་བ་ཞིག་བྱེད་ཐུབ་ན་སྲིད་དོན་ཐོག་ནས་རྒྱ་མི་དམར་པོར་བརྡ་འདྲ་པོ་ཞིག་གཏོང་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།

དེ་ཙམ་དུ་མ་ཟད་ཐའི་ཝན་དང་རྒྱ་མི་གཅིག་ཟེར་བའི་ལྟ་བ་དེ་བཞག་ནས་རྒྱ་ནག་གཉིས་ཀྱི་ལྟ་བ་འཁྱེར་ནས་སྐམ་ས་ཆེན་པོའི་ཐོག་རྩོད་ལེན་བྱ་རྒྱུའི་གནས་ཚུལ་དེ་གློད་བཏང་སྟེ། འཛམ་གླིང་རྒྱལ་ཚོགས་ནང་ཡང་བསྐྱར་འཛུལ་རྒྱུ་དང༌། རྒྱ་ནག་གཉིས་པ་ཞིག་བྱ་རྒྱུའི་ལམ་ཕྱོགས་ཐོག་འགལ་ཟླ་ཚོགས་པ་དེ་དག་ད་ལྟ་འགྲོ་བཞིན་པ་ཞིག་རེད། དེ་འདྲའི་གནས་སྐབས་ཤིག་བྱུང་ན་ད་ལྟ་ནས་ང་ཚོས་ཐའི་ཝན་དང་འབྲེལ་བ་ཞིག་གཏོད་ཐུབ་ན་དེའི་སྐབས་ལ་གཞི་ནས་འབྲེལ་བ་གསར་པ་བཟོ་མི་དགོས་པར་ང་ཚོས་ཁེ་ཕན་ལེན་ཐུབ་པ་ཞིག་ཡོང་གི་ཡོད་པས་གནས་ཚུལ་དེའི་ཐོག་ནས་དགོངས་པ་ཞིག་བཞེས་ཏེ་ཟླ་རྙིང་ཌོག་ཊར་ཆའོ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ལ་བཅར་བ་ནས་བཟུང་སྟེ་བསྐྱར་དུ་འབྲེལ་ལམ་གསར་པ་ཞིག་བྱ་རྒྱུའི་འབད་རྩོལ་ཞིག་བྱས་པ་རེད། དེ་སྐབས་བྱེད་སྟངས་དེ་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ལམ་སྟོན་གསལ་པོ་ག་རེ་གནང་ཡོད་ཅེ་ན། ཐའི་ཝན་གྱིས་ད་ལྟ་ཕན་ཆད་ལ་བོད་པའི་སྤྱི་ཚོགས་ནང་རྙོག་ཁྲ་བཟོས་པའི་ལས་དོན་མཐའ་དག་མཚམས་འཇོག་དང༌། རྙོག་ཁྲ་སངས་རྒྱུའི་གནས་ཚུལ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་པ་ཁེངས་ངེས་ཤེས་པ་ཞིག་མ་བྱུང་བར་ྋསྐྱབས་མགོན་རིན་པོ་ཆེ་ཐའི་ཝན་དུ་ཆིབས་སྒྱུར་གནང་རྒྱུ་དང༌། ཐའི་ཝན་ལ་བོད་པའི་གཞུང་ཚབ་འཛུགས་རྒྱུ། ཐའི་ཝན་གཞུང་གི་ས་ནས་དངུལ་དང་དངོས་པོའི་རོགས་རམ་ལེན་རྒྱུ་སོགས་རྩ་བ་ནས་གནང་མི་ཆོག་ཅེས་ལམ་སྟོན་ཐག་ཆོད་གཙང་མ་བྱས་ཏེ་ང་ཚོའི་སྐུ་ཚབ་དང་པོ་ཕེབས་སྐབས་ལམ་སྟོན་གནང་ཡོད་རེད།

ལམ་སྟོན་དེའི་འོག་སྐུ་ཚབ་རྣམས་ཕེབས་ཏེ་འགོ་འཛུགས་ཀྱི་བཀའ་མོལ་གནང་ནས་ད་ལྟ་གསལ་པོ་གང་ཡང་བྱུང་ཡོད་མ་རེད་དེ། མུ་མཐུད་ནས་བཀའ་མོལ་གནང་རྒྱུ་ཡིན་ཞེས་ད་ལྟ་ག་རེ་ཡོང་གྲབས་ཡོད་མེད་ང་ཚོས་བཤད་མི་ཐུབ། སྐུ་ཚབ་ཐེངས་གཉིས་པ་དེ་ད་ལྟ་རྒྱ་གར་ལ་ཕེབས་གྲུབ་ཡོད་ཀྱི་རེད། དེའི་ཐོག་གནས་ཚུལ་གང་བྱུང་ཡོད་མེད་ད་ལྟ་ང་ལ་ཞུ་རྒྱུ་མེད། ངས་ཧ་ཅང་གསལ་པོ་ཞུ་དགོས་རྒྱུ་ཞིག་ལ། ད་ལྟ་གཞུང་གིས་འབྲེལ་ལམ་འགོ་འཛུགས་པ་དེ་གང་འདྲ་ཞིག་འགྲོ་གྲབས་ཡོད་མེད་ཤེས་ཀྱི་ཡོད་མ་རེད། གལ་སྲིད་འབྲེལ་ལམ་ཡག་པོ་ཞིག་བྱུང་ཡང་དེ་སྔ་ཕན་ཆད་ཐའི་ཝན་ལ་འབྲེལ་བ་བྱས་པ་དང༌། ཕོགས་བླངས་དང་ལེན་བཞིན་པ་དེ་དག་ཆ་ཚང་སྐྱོན་མེད་པ་དང་ཁེ་བཟང་ཞིག་ལ་འགྲོ་གི་མ་རེད། དེ་སྐྱོན་ཡོད་པ་རང་ལ་ངོས་འཛིན་བྱེད་དགོས་ཀྱི་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན།

དྲི་བ་གཉིས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རང་རེད། ྋསྐྱབས་མགོན་རིན་པོ་ཆེ་ལ་ལུང་པའི་འཐོན་ཁུངས་ཀྱི་ཆིབས་འགྲོ་ཞིག་དང༌། ཀམ་པིའུ་ཀྲར་གཅིག སྐུ་ཚབ་ཕེབས་མཁན་རྣམས་ཧོང་ཀོང་ནས་ཐེངས་གཉིས་འགྲོ་དགོས་བྱུང་བས་ལམ་གྲོན་འཕར་མ་ཕྱིན་པ་དེའི་གུན་གསབ་ཀྱི་ཚུལ་དུ་ཨ་སྒོར་༥༠༠༠ ཐམ་པ་བཅས་ཕུལ་སོང་ཞེས་གྲོས་ཚོགས་ནང་གསལ་པོ་ཞུས་ཡོད། རྗེས་ལ་དངོས་སུ་ཅ་ལག་དིལླཱིར་འབྱོར་སྐབས་ཀམ་པིའུ་ཀྲར་མཉམ་དུ་ཅ་ལག་གཞན་མང་པོ་ཞིག་ཀྱང་ཐོན་པ་དེ་དག་སྐོར་སྐུ་ཚབ་ཕེབས་མཁན་གཉིས་ཀ་ལ་གང་ཡང་གསུང་རྒྱུ་མེད། སྐུ་སྒེར་ཡིག་ཚང་ལའང་གསུང་རྒྱུ་མེད། དེས་ན་སྐུ་སྒེར་ཡིག་ཚང་ནས་དིལླཱི་དོན་གཅོད་ལ་ྋསྐྱབས་མགོན་རིན་པོ་ཆེ་ལ་ཕུལ་བའི་ཀམ་པིའུ་ཀྲར་དེ་ཁྲིམས་མཐུན་གྱིས་ཚུར་བླང་དགོས་པ་ཞིག་རེད།

དེ་མིན་ཅ་ལག་ལྷག་མ་རྣམས་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པ་གང་གནང་དགོས་ནའང་གནང་རོགས་ཞེས་བཀའ་ཁྱབ་གནང་ཡོད་རེད། རྒྱ་གར་གཞུང་གིས་ཁྲིམས་ཐོག་དེ་གཞུང་བཞེས་གཏོང་དགོས་ན་གཞུང་བཞེས་གཏོང་རྒྱུ་རེད། ཡང་ན་སྐུར་མཁན་དེ་ལ་ཕར་ཕྱིར་སློག་གནང་དགོས་ན་ཕྱིར་སློག་གནང་རྒྱུ་རེད། གང་ལྟར་དེ་ག་རེ་གནང་དགོས་ཀྱི་ཡོད་རུང༌། རྒྱ་གར་གཞུང་གིས་ཁྲིམས་མཐུན་ཐོག་ནས་ཕྱག་ལས་གནང་རོགས་གནང༌། དེ་ང་ཚོའི་མ་རེད་ཅེས་གསལ་པོ་བཟོས་གནང་ཡོད་རེད། དེའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེ་མཚན་ཤས་བཟོ་རྒྱུ་དེ་འདྲ་གང་ཡང་བྱུང་མེད།

ཡིན་ནའང་ཐའི་ཝན་གྱི་བྱེད་སྟངས་དེ་ཧ་ཅང་ཐབས་སྐྱོ་པོ་རེད། སུ་གང་གིས་ཧ་མི་གོ་བར་ྋསྐྱབས་མགོན་རིན་པོ་ཆེ་ལ་འབུལ་རྒྱུའི་ཅ་ལག་མཉམ་དུ་བཏང་ཡོང་བ་དེ་ཆེད་མངགས་སྐུ་ཚབ་ཚོ་ནག་པོ་བཟོ་རྒྱུའི་དམིགས་ཡུལ་ཡིན་ནམ། ཡང་ན་ྋསྐྱབས་མགོན་རིན་པོ་ཆེ་མཚན་ཤས་བཟོ་རྒྱུའི་དམིགས་ཡུལ་ཡིན་དེ་ད་ལྟ་ང་ཚོས་ཤེས་ཐུབ་ཡོད་མ་རེད། སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་ཐོག་ལ་ལམ་སྟོན་གང་གནང་ཡོད་རེད་ཅེ་ན། བཀའ་ཤག་གིས་ངེས་པར་དུ་བརྩད་གཅོད་གནང་སྟེ། སུས་བཏང་བ་རེད། ག་རེ་བྱས་ནས་བཏང་བ་རེད། གང་གི་དོན་དུ་བཏང་བ་རེད། དེ་དག་གསལ་པོ་བཟོ་དགོས་ཀྱི་ཡོད། གང་ལྟར་སུས་བཏང་བ་དང༌། ག་རེ་བྱས་ནས་བཏང་བ། དམིགས་ཡུལ་གང་འཁྱེར་ནས་བཏང་བ་དེ་དག་ཐའི་ཝན་ལ་བརྩད་གཅོད་གནང་སྟེ། གྲོས་ཚོགས་སྐབས་རྗེས་མར་ཞུ་རྒྱུ་ཡོད་པ་ཞིག་བྱེད་དགོས་པ་དེ་རེད། ད་རིང་སྐུ་ཚབ་སྐབས་གཉིས་པ་དེ་གར་ཕེབས་སྐབས་ངེས་པར་དུ་དེ་ཚོའི་ཐོག་ལ་བཀའ་མོལ་བྱུང་ཡོད་མདོག་ཁ་པོ་རེད། དེའི་སྐབས་ལ་ག་རེ་བྱུང་བ་དེ་གྲོས་ཚོགས་ཀྱི་གསར་ཤོག་ནང་འཐོན་རྒྱུ་ཡིན་དུས་ཁྱེད་རང་ཚོས་གཟིགས་ཐུབ་པ་ཞིག་ཡོང་གི་རེད། གལ་སྲིད་དེའི་ནང་ང་ཚོའི་མིས་ནོར་ཡོད་ན་མི་དེ་ངེས་པར་དུ་ར་འཕྲོད་དགོས་ཀྱི་ཡོད་རེད། གལ་སྲིད་དེ་སྐབས་ང་ཚོའི་མིས་མ་ནོར་བར་ཐའི་ཝན་གྱི་གསང་བའི་གྲོས་ཆོད་ཀྱི་ཐོག་ནས་བཏང་བ་ཡིན་ན་དེ་ཡང་ར་འཕྲོད་དགོས་ཀྱི་རེད། དེར་བརྟེན་ད་ལྟའི་གནས་སྟངས་དེ་འདྲ་ཞིག་ལ་བསྡད་ཡོད་རེད། དེ་རྗེས་མ་གསལ་པོ་ཡོང་རྒྱུའི་གནས་ཚུལ་ཞིག་རེད།

དྲི་བ་གསུམ་པ་ང་ཕོད་འཇིགས་མེད་ལགས་ཀྱི་སྐོར་དེ་རེད། ཁོང་ད་རེས་སྐུ་ཚབ་ནང་གཏང་རྒྱུ་དེ་མི་རེ་གཉིས་ཀྱིས་བཏང་བ་དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་བཀའ་ཤག་གི་ཐག་གཅོད་ཅིག་རེད། བཀའ་ཤག་གི་ལས་འགན་དེ་མཉམ་འདུས་ཀྱི་ལས་འགན་ཡིན་དུས་བཀའ་ཤག་ཡོངས་རྫོགས་འཛོམས་ནས་ཐག་གཅོད་བྱས་པ་ཞིག་རེད། ང་ཕོད་འཇིགས་མེད་ལགས་ལོ་མང་པོ་ཞིག་ནས་ཕ་ཡུལ་དང་ལས་དོན་མཐའ་དག་བཞག་སྟེ། ཕྱི་རྒྱལ་ལ་བཙན་བྱོལ་དུ་ཕེབས་པ་དང༌། དེ་རྗེས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བསམ་བློ་བཏང་སྟེ། ཁོ་རང་གི་དུས་ཚོད་མང་ཆེ་བ་དེ་ཨ་རི་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign for Tibet) ནང་ཕྱག་ལས་གནང་སྟེ་བཞུགས་ཀྱི་ཡོད་རེད། ཁོ་རང་གི་དམིགས་བསལ་གྱི་ལས་འགན་དེ་གང་རེད་ཅེ་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་ནས་སྐད་ཡིག་འདྲ་མིན་ཐོག་དུས་དེབ་ཁ་ཤས་བཏོན་གྱི་ཡོད་རེད། དེའི་ནང་རྒྱ་ཡིག་ཐོག་བཏོན་པའི་དུས་དེབ་དེའི་རྩོམ་སྒྲིག་པའི་ལས་འགན་གནང་སྟེ་ལོ་མང་པོ་ཞིག་ཕྱིན་པ་རེད། དེའི་རྗེས་ལ་རྒྱ་མིའི་ཚོགས་འདུ་ཞིག་གི་ཆེད་དུ་ྋསྐྱབས་མགོན་རིན་པོ་ཆེ་སྦར་ལིན་(Berlin) དུ་ཕེབས་སྐབས་རྒྱ་སྐད་ཐོག་གསུང་སྒྱུར་གནང་བ་དེ་འདྲ་བྱུང་འདུག

ཁོ་རང་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་མཁྱེན་གྱི་ཡོད་པ་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་ཕྱག་ལས་གནང་གི་ཡོད་པ་དེ་འདྲའི་རྒྱུ་མཚན་དབང་གིས་བཀའ་ཤག་ནས་འཇིགས་མེད་ལགས་སྐུ་ཚབ་ནང་བསྐོ་གཞག་གནང་བ་ཡིན་ཞེས་གྲོས་ཚོགས་སུ་དེ་འདྲ་སྙན་གསན་གནང་སོང༌།བྱས་ཙང་དེ་བཀའ་ཤག་རང་གི་གཞུང་འབྲེལ་གྱི་ཐག་གཅོད་ཅིག་རེད་མ་གཏོགས། གང་ཟག་རེ་གཉིས་ཀྱིས་ཐག་གཅོད་བྱས་ཏེ་བཏང་བའི་གནས་སྟངས་གང་ཡང་མ་རེད། འཇིགས་མེད་ལགས་སྐུ་ཚབ་ནང་བཏང་བ་དེ་ནོར་འཁྲུལ་ཕྱིན་པ་རེད་དམ། ཏག་ཏག་ཅིག་བསྡད་ཡོད་རེད། དེ་མང་ཚོགས་ཀྱིས་ཐག་གཅད་རྒྱུ་རེད་མ་གཏོགས། ངས་དེ་ནོར་འཁྲུལ་ཡོད་མ་རེད་ཅེས་གསལ་བཤད་བྱེད་རྒྱུ་གང་ཡང་ཡོད་མ་རེད། འོན་ཀྱང་འཇིགས་མེད་ལགས་ཀྱི་གནས་སྟངས་ག་རེ་རེད། ཁོ་རང་ད་ལྟ་ག་རེ་གནང་གི་ཡོད་རེད། བོད་གཞུང་གིས་དེ་ག་རེ་བྱས་ནས་བསྐོ་གཞག་གནང་བ་རེད། བསྐོ་གཞག་གནང་སྟངས་གང་འདྲ་ཡིན་པ་དེ་དག་གི་ཡོང་སྟངས་ཡོང་ལུགས་དེ་ངས་གསལ་བཤད་ཞུས་པ་རེད། གལ་སྲིད་བསྐོ་གཞག་བྱས་པ་དེ་ནོར་ཡོད་ན། དེ་ནོར་འདུག་ཅེས་གསུང་རྒྱུའི་དབང་ཆ་ཆ་ཚང་མི་མང་ལ་ཡོད་རེད། དེ་ནོར་འདུག དེ་འདྲ་གནང་ཆོག་གི་མ་རེད་ཅེས་མི་མང་པོ་ཞིག་གིས་གསུངས་པ་ཡིན་ན། ངེས་པར་དུ་གཞུང་གིས་དེ་ལ་བརྩི་སྲུང་བྱེད་དགོས་ཀྱི་རེད། འོན་ཀྱང་དེ་ནོར་མི་འདུག འགྲིགས་འདུག་གསུངས་པ་ཡིན་ན། དེ་གས་འགྲིགས་པ་རེད། དེས་ན་སྤྱི་འཐུས་ངོས་ནས་དེ་འགྲིགས་འདུག་དང་མི་འདུག་ཐག་གཅོད་བྱས་ཏེ་གསལ་བཤད་ཞུ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད།

དྲི་བ། འཆར་འགོད་ཀྱི་བུ་ལོན་གཏོང་སྟངས་དེ་མཉམ་འབྲེལ་གྱིས་ལེན་དུས་ཁག་པོ་དང༌། སྒེར་པ་ཨ་ཤོམ་འཚོང་མཁན་དེ་ཚོས་ལེན་དུས་ལས་སླ་པོ་ཡོད་པ་དེ་གང་འདྲ་ཡིན་ནམ།

ལན། འཆར་འགོད་ཀྱི་བུ་ལོན་གཏོང་སྟངས་སྐོར་ལ་ཁྱེད་རང་ཚོའི་ཐུགས་བློ་ཁེངས་པ་ཞིག་གི་གསལ་བཤད་ད་ལྟ་ཞུ་ཆོག་ཆོག་ཅིག་མེད། གང་ཡིན་ཟེར་ན། འཆར་འགོད་ཀྱི་བུ་ལོན་གཏོང་སྟངས་ཀྱི་སྒྲིག་གཞི་དེ་གང་འདྲ་ཡིན་མིན་དང༌། དེ་འགྲིགས་དང་མི་འགྲིགས་ཀྱི་སྐོར་སྤྱི་འཐུས་ལྷན་ཁང་ལ་བསྐྱར་ཞིབ་གནང་རྒྱུའི་གོ་སྐབས་བྱུང་ཡོད་མ་རེད། འཆར་འགོད་ཀྱི་ལས་དོན་ཐོག་ལ་ཞིབ་ཚགས་པོ་ཞིག་ད་ལྟ་བལྟ་རྒྱུ་བྱུང་མ་སོང༌། ཉེ་ཆར་སྤྱི་འཐུས་རྣམས་ཕྱོགས་མཐའ་སོ་སོར་ཕེབས་སྐབས་བོད་མི་སུད་ཀྲ་འཚོང་མཁན་རྣམས་ལ་བུ་ལོན་མ་བྱུང་བ་དང༌། མ་བྱུང་བའི་ཐོག་ལ་ཁོ་རང་གིས་བཀའ་མོལ་སྡུག་ཅག་དེ་འདྲ་གནང་འདུག་ཅེས་གནས་ཚུལ་ཞིག་བྱུང་བ་ཡིན་སྟབས། དེ་གྲོས་ཚོགས་ཐོག་ལ་བགྲོ་གླེང་མཐར་ཕྱིན་པ་ཞིག་བྱུང་བ་རེད། བཀའ་ཤག་ངོས་ནས་རྩ་བའི་སུད་ཀྲ་འཚོང་མཁན་ལ་བུ་ལོན་བཏང་མ་ཐུབ་པའི་རྒྱུ་མཚན་ནི་འཆར་འགོད་ཀྱི་བུ་ལོན་གཏོང་རྒྱུའི་དངུལ་དེ་ཨ་མི་རི་ཀའི་གང་ཟག་སྒེར་པ་ཞིག་གི་དངུལ་འབོར་ཡིན་ཙང༌། དེ་བུ་ལོན་གཏོང་སྟངས་ཀྱི་སྒྲིག་གཞི་མང་པོ་ཞིག་ཁོང་རང་གི་ཞུས་བབ་ལ་བལྟས་ཏེ་བཟོ་དགོས་པ་ཞིག་ཆགས་ཡོད་རེད། འཆར་འགོད་ལས་ཁུངས་ཀྱིས་ཐད་ཀར་ཐག་བཅད་དེ་བཟོ་རྒྱུ་ཞིག་ཆགས་མེད། དེ་འདྲ་ཡིན་ཙང་སུད་ཀྲ་འཚོང་མཁན་ལ་བུ་ལོན་གཏོང་ཐུབ་ཀྱི་མི་འདུག་ཅེས་གསལ་བཤད་དེ་འདྲ་གནང་སོང༌།

ད་ལྟ་མཉམ་འབྲེལ་གྱིས་བུ་ལོན་ལེན་དུས་དཀའ་ལས་ཁག་པོ་ཡོད་པ་དང༌། སྒེར་པ་ཨ་ཤོམ་འཚོང་རྒྱག་མཁན་ཚོས་བུ་ལོན་ལེན་དུས་མི་འགྲོ་མི་དགོས་པ་ལས་སླ་པོ་ཡོད་པ་སོགས་ཀྱི་གནས་ཚུལ་ངས་ཤེས་པ་ད་རིང་དང་པོ་རེད། ཡར་ཕྱིན་ནས་བརྩད་གཅོད་བྱེད་ཀྱི་ཡིན། རྩ་བའི་སྒྲིག་གཞིའི་གནས་སྟངས་གང་འདྲ་ཡིན་པ་དེའང་བརྩད་གཅོད་བྱེད་ཀྱི་ཡིན། དངོས་ཡོད་ཀྱི་གནས་ཚུལ་ལ་དེ་འདྲ་བྱུང་ཡོད་པ་ཡིན་ན་ངེས་པར་དུ་ང་ཚོས་ནོར་བསྲང་བྱེད་དགོས་ཀྱི་རེད། གཅིག་བྱས་ན་འཆར་འགོད་ལའང་དེ་མིན་པའི་གསལ་བཤད་ཅིག་ཞུ་རྒྱུ་ཡོད་མདོག་ཁ་པོ་རེད། དེ་འདྲའི་གསལ་བཤད་ཡོད་པ་ཡིན་ན་རྗེས་མ་ཡིག་ཐོག་ལ་གནས་ཚུལ་དེ་འདྲ་ཆགས་འདུག་ཅེས་ཞུ་རྒྱུ་ཡིན། དེ་གནས་སྟངས་གང་འདྲ་ཞིག་གི་ཐོག་ནས་ཆགས་པ་དེ་ངས་ད་ལྟ་གསལ་བཤད་ཞུ་ཐུབ་ཀྱི་མི་འདུག ཡིན་ནའང་འཆར་འགོད་ལ་བུ་ལོན་གཏོང་སྟངས་ཀྱི་སྒྲིག་གཞི་ཕྲ་ཞིང་ཕྲ་བ་ཞིག་ཡོད་པ་དེ་ཁ་སང་བཀའ་ཤག་གིས་ཡིག་ཐོག་ཏུ་སྙན་གསན་གནང་བ་དེ་འདྲ་བྱུང་སོང༌།

དྲི་བ། ཕྱི་རྒྱལ་གྱི་ལག་འཁྱེར་གྱི་ཡོད་པ་རྣམས་བོད་ཀྱི་ཡུལ་མིའི་རང་བཞིན་དེ་ཡོད་དམ།

ལན། དྲི་བ་ལྔ་པ་དེ་རྒྱ་གར་གྱི་ལག་འཁྱེར་ཞུ་སྟངས་སྐོར་དེ་རེད། རྒྱ་གར་ཙམ་མ་ཟད། རྒྱལ་ཁབ་མང་པོའི་ལག་འཁྱེར་བཟོས་ཏེ་ཡུལ་མི་བྱས་ནས་བསྡད་པའི་གནས་སྟངས་དེ་དྲི་བ་དཀའ་ལས་ཁག་པོ་ཞིག་རེད། འདས་པའི་ལོ་སོ་གྲངས་ཤིག་གི་རིང་ལ་གནས་ཚུལ་དེ་ཧ་ཅང་མང་པོ་བྱུང་བ་རེད། དེའང་དངོས་ཡོད་ཀྱི་གནས་ཚུལ་བྱས་པ་ཡིན་ན་བསྟན་པ་མགོ་ནས་བཤིག་པ་ཟེར་བ་དེ་ངེས་པར་དུ་བྱུང་ཡོད་རེད། མི་དྲག་པ་དང་ཤེས་ཡོན་དྲག་གྲས་རྣམས་སྔོན་དང་པོར་ཕྱི་རྒྱལ་གྱི་ལག་འཁྱེར་བཞེས་རྒྱུ་དེ་བྱུང་བ་རེད། སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱིས་བཅའ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་ལ་དེ་ཚོ་གང་འདྲ་བྱེད་དགོས་མིན་ཐད་བགྲོ་གླེང་བྱུང་བ་རེད། ཕྱི་རྒྱལ་གྱི་ལག་འཁྱེར་ལེན་མཁན་གྱི་མི་ཚང་མ་ཁྲིམས་ཐོག་ནས་རྒྱལ་ཁབ་གཞན་གྱི་ཡུལ་མི་བྱས་པ་ཡིན་ཙང༌། བོད་ཀྱི་ཡུལ་མིའི་རང་བཞིན་ནས་འབུད་འགྲོ་གི་རེད།

དེས་ན་ཁོ་བོད་པ་མ་ཡིན་པ་ཆགས་འགྲོ་གི་རེད། དེ་འདྲའི་མི་ཞིག་བཀའ་བློན་དང་སྤྱི་འཐུས་ནང་ལ་སླེབས་ཆོག་གི་མ་རེད། དེ་འདྲའི་མི་ཞིག་གིས་བོད་ཀྱི་ཡུལ་མི་ཡིན་པའི་ལས་དོན་དེ་དག་བྱེད་ཆོག་གི་མ་རེད་ཅེས་མཐའ་གཅིག་ཏུ་བཤད་པ་ཡིན་ན། ང་ཚོས་བཤད་ཐུབ་ཀྱི་རེད་དམ། བཤད་ན་འགྲིགས་ཀྱི་ཡོད་དམ། བཤད་དགོས་པ་ཞིག་ཆགས་ཀྱི་ཡོད་དམ། དེ་བཤད་ཐུབ་ཀྱི་མེད་ན་བོད་ཀྱི་ཡུལ་མིའི་ས་མཚམས་འཛིན་སྟངས་དེ་གང་ནས་གཟུང་དགོས་སམ། དེ་ཚོའི་སྐོར་ལ་བཅའ་ཁྲིམས་ཟིན་བྲིས་མ་བརྒྱབ་སྔོན་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་ང་ཚོས་བགྲོ་གླེང་བྱས་པ་རེད། སྤྱི་འཐུས་སྐབས་དགུ་པ་དང་བཅུ་པའི་སྐབས་ནས་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་དེའི་བཀའ་མོལ་གནང་རྒྱུའི་གླེང་གཞི་ཞིག་བྱུང་འདུག ཡིན་ནའང་ང་ཚོ་སྐབས་བཅིུག་པས་བགྲོ་གླེང་བྱེད་དུས་སྐབས་སྔོན་མར་བྱུང་བའི་སྙན་ཞུ་དེ་འདྲ་གང་ཡང་མེད་དུས་ང་ཚོས་གཞི་ནས་གསར་པ་ཞིག་གི་ཐོག་ནས་བགྲོ་གླེང་བྱས་པ་རེད། དེ་དུས་ང་ཚོའི་ཐག་གཅོད་བྱེད་སྟངས་དེ་ཕྱི་རྒྱལ་གྱི་ཡུལ་མི་བྱས་པའི་བོད་མི་ཡོངས་སུ་རྫོགས་པ་དེ་བོད་ཀྱི་ཡུལ་མིའི་རང་བཞིན་ནང་བསྡད་ཆོག་གི་མ་རེད། དེ་བོད་མི་མ་ཡིན་པ་ཆགས་འགྲོ་གི་རེད།

དེ་བོད་ཀྱི་བཀའ་བློན་དང༌། དེ་བཞིན་སྤྱི་འཐུས་སོགས་བྱེད་པའི་འོས་ཆོས་ནས་འབུད་འགྲོ་གི་རེད་ཅེས་པའི་ཐག་གཅོད་ཅིག་བྱེད་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་རྙོག་ཁྲ་ཆེན་པོ་ཞིག་ཡོང་རྒྱུའི་གཞི་རྩ་འདུག་ལ། ང་ཚོའི་མི་མང་པོ་ཞིག་དཀོན་མཆོག་གོང་ཕུད་ལྟར་ཡར་འབུད་འགྲོ་རྒྱུ་ཞིག་ཆགས་ས་རེད། བླ་ཆེན་ཆེ་གྲས་དང༌། མི་ཆེན་ཆེ་གྲས། འབྱོན་ཐང་ཡོད་གྲས་ཚང་མ་ཕུད་ནས་ང་དང་ང་འདྲ་བ་ཁ་ཤས་ཤིག་ཨུ་ཚུགས་བྱས་ཏེ་རྒྱ་གར་གྱི་ལག་འཁྱེར་འཁྱེར་མཁན་དེ་དག་ལྷག་རྒྱུ་རེད་མ་གཏོགས། བཀའ་བློན་གྱི་གྲངས་ལོང་བ་མི་འདུག སྤྱི་འཐུས་ཀྱི་གྲངས་ལོང་བ་མི་འདུག རླབས་ཆེན་གྱི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་འགག་ཡོང་གི་ཡོད་རེད། འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ནོར་ཡོད་ན་ནོར་ཡོད་རེད། ནོར་མེད་ན་ནོར་མེད་པ་རེད།

དངོས་ཡོད་གནས་ཚུལ་དེ་ག་རང་རེད། དེར་བརྟེན་ང་ཚོའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་ག་རེ་བཤད་ཡོད་རེད་ཅེ་ན། བཙན་བྱོལ་བོད་མི་སུ་ཞིག་འཕྲལ་སེལ་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མི་བྱེད་ཐབས་མེད་བྱུང་རིགས་ཞེས་ཡུལ་མི་མི་བྱེད་ཐབས་མེད་བྱུང་རིགས་ཞེས་པའི་ཚིག་དེ་འདྲ་ཆགས་པོ་ཞིག་རེད། ཁ་ཤས་ཀྱིས་སྤྲོ་པོས་སམ་རྒྱས་སྤྲོས་ཐོག་ནས་བཞེས་ཡོད་ཀྱི་རེད། དོན་ཚན་བཅུ་གསུམ་ནང་བོད་ཀྱི་ཡུལ་མིའི་ལས་འགན་དེ་དག་ཆ་ཚང་བསྒྲུབས་པ་ཡིན་ན་བོད་ཀྱི་ཡུལ་མིའི་རང་བཞིན་དེ་འདོར་དགོས་ཀྱི་མ་རེད་ཅེས་བྲིས་ཡོད་རེད། བོད་ཀྱི་ཡུལ་མིའི་ལས་འགན་ནང་དཔྱ་ཁྲལ་འབུལ་དགོས་པ་སོགས་དོན་ཚན་མང་པོ་ཞིག་ཡོད་རེད། དོན་ཚན་དེ་དག་ཆ་ཚང་ལག་ལེན་བྱེད་མཁན་གྱི་མི་ཞིག་ཡིན་ན་ཁོ་རྒྱལ་ཁབ་གཞན་གྱི་ཡུལ་མི་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཡུལ་མིའི་རང་བཞིན་དེའང་མ་བརླག་པར་ཉར་ཆོག་གི་རེད།

ཁོ་བཀའ་བློན་དང་སྤྱི་འཐུས་བྱེད་ཆོག་གི་རེད། དེ་བཞིན་བོད་མིའི་ཐོབ་ཐང་གང་ཡོད་དེ་དག་ལེན་ཆོག་གི་རེད་ཅེས་ཐོབ་ཐང་དེ་སྤྲོད་ཀྱི་ཡོད་རེད། དེ་བྱེད་དུས་ང་ཚོས་མང་པོ་ཞིག་ཕར་འབུད་མ་འགྲོ་བའི་དོན་དུ་གཟུང་རྒྱུའི་སྐུད་པ་འདྲ་པོ་ཞིག་བཏགས་པ་རེད། དེ་རྒྱལ་སྤྱིའི་ནང་ཆ་ཚང་ཁྲིམས་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་རེད་དམ་ཞེ་ན། ཆ་སྙོམ་གྱི་ཁྲིམས་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་མ་རེད། རྒྱལ་ཁབ་མང་པོའི་ནང་ཡུལ་མིའི་རང་བཞིན་གཉིས་ཉར་མི་ཆོག་པའི་ཁྲིམས་ཡོད་རེད། དེ་ཡོད་དུས་ང་ཚོས་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་པ་ཡིན་ཞེས་པ་དེ་བཤད་པ་ཙམ་རེད་མ་གཏོགས། སྤྱིར་བཏང་ཞིག་གི་ནང་ཕྱིན་པ་ཡིན་ན་ཁོ་བོད་ཀྱི་ཡུལ་མི་མིན། རྒྱལ་ཁབ་མང་པོའི་ཁྲིམས་ཀྱི་ནང་ཡུལ་མིའི་རང་བཞིན་གཉིས་ཉར་ཆོག་པའི་ཁྲིམས་ཡོད་རེད། དེ་འདྲའི་ནང་ཡུལ་མི་བྱས་པ་དེ་དག་ང་ཚོའི་ཡུལ་མིའི་རང་བཞིན་དེའང་མ་བརླག་པ་དང༌། ཕ་གིའི་ཡུལ་མི་དེའང་བྱེད་ཆོག་པའི་རྒྱལ་ཁབ་དེ་དག་གི་ཁྲིམས་ནང་འགྲིགས་པའི་བཟོ་འདྲ་ཞིག་ཡོད་རེད། ཡིན་ནའང་ང་ཚོའི་འདི་ད་ལྟ་གནས་སྐབས་ཤིག་གི་ཆེད་དུ་རེད།

རྗེས་མ་བོད་རང་དབང་བསྐྱར་གསོ་བྱུང་བ་ཡིན་ན་རིམ་པས་ཞུ་དག་གཏོང་ཆོག་གི་རེད། མ་འོངས་པར་ང་ཚོའི་བོད་པའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་དག་གི་ཡུལ་མི་བྱེད་མཁན་དང༌། ལག་འཁྱེར་ལེན་མཁན་བྱུང་བ་ཡིན་ན་བོད་གཞུང་གི་ངོས་ནས་སྤོབས་པ་ཆེན་པོས་སུ་གང་གིས་ཀྱང་ལེན་ཆོག་གི་མ་རེད་ཅེས་བཤད་ཆོག་པའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་ཡོད་མ་རེད། དེ་མ་ལེན་ན་ཡག་པོ་ཡོད་རེད་ཟེར་རྒྱུ་ཙམ་རེད། གང་ཟག་བྱེ་བྲག་པ་སོ་སོའི་ངོས་ནས་རང་གི་མི་རིགས་ལ་ཤ་ཞེན་དང༌། རང་གི་ཡུལ་མི་དེ་རྩ་ཆེན་པོར་བརྩིས་ཏེ་ཉར་དགོས་ཀྱི་ཡོད་རེད། རྒྱལ་ཁབ་མང་པོའི་ནང་ཁོ་ཚོའི་ཡུལ་མི་ལེན་སྐབས་སོ་སོའི་རྒྱལ་ཁབ་ལ་ཡིད་ཆེས་དེ་གློད་བཏང་བ་ཡིན་ཞེས་ཁྲིམས་ཁང་ནང་བཤད་དགོས་ཀྱི་ཡོད་རེད།

དེ་འདྲའི་གང་ཟག་བྱེ་བྲག་པ་ཞིག་གིས་བཤད་ནུས་ན་ང་ཚོས་ཁོ་ལ་མ་ལེན་ཞེས་བཤད་པའི་ཕན་ཐོགས་གང་ཡང་མེད། ངས་ལོ་རྒྱུས་ཤིག་ཞུས་པ་ཡིན་ན། ངའི་ངོ་ཤེས་པ་ཕྱི་རྒྱལ་གྱི་རྨོ་རྒན་མོ་ལོ་༦༠།༧༠ སླེབས་པ་ཞིག་ཨ་ཌ་ཡར་(Adyar) ལ་ཡོད། ཕ་རན་སིའི་མི་རེད། མོ་མ་ཤི་བར་དུ་རྒྱ་གར་ལ་སྡོད་མཁན་ཞིག་རེད། འོན་ཀྱང་ཟླ་བ་དྲུག་རེ་ལ་ལག་འཁྱེར་དུས་འགྱངས་ཆེད་ས་ཡིག་བརྒྱབ་ཏུ་ཕ་རན་སི་ལ་འགྲོ་དགོས་ཀྱི་ཡོད་རེད།བྱས་ཙང་དེ་ཅ་ཟིང་པོ་ཞིག་འདུག ད་ང་ཕ་ཡུལ་ལ་ལོག་མཁན་ནི་མ་རེད། རྒྱ་གར་ལ་མི་ཚེ་སྐྱེལ་མཁན་རེད། དེས་ན་རྒྱ་གར་གྱི་ཡུལ་མི་བྱེད་ཀྱི་ཡིན་ཞེས་ཟླ་བ་མང་པོ་ཞིག་རིང་སྙན་ཞུ་བཏང༌། ཤོག་བུ་དེ་དག་བཟོས་པ་ཆ་ཚང་བྱས་ནས་མཐའ་མའི་ཉིན་ཁྲིམས་ཁང་(House Commission) མདུན་ངས་སོ་སོའི་རྒྱལ་ཁབ་ལ་ཡིད་ཆེས་དེ་གློད་གཏང་གི་ཡིན། རྒྱ་གར་གྱི་རྒྱལ་ཁབ་ལ་ཡིད་ཆེས་བྱེད་རྒྱུ་ཡིན་ཞེས་པའི་དམ་བཅའ་དེ་བྱེད་དུ་འགྲོ་དུས་དམ་བཅའ་དེ་བྱས་ཐུབ་མ་སོང༌།

ང་ལོ་འདི་ཙམ་ལ་སླེབས་ནས་རང་གི་རྒྱལ་ཁབ་ལ་ཡིད་ཆེས་གང་འདྲ་བྱས་ནས་གློད་གཏང་ཐུབ་ཀྱི་རེད། ང་ཟླ་བ་དྲུག་རེ་ལ་ས་ཡིག་བརྒྱབ་རྒྱུ་དེ་ངོས་ལེན་བྱེད་ཀྱི་ཡིན་ཞེས་རྒྱ་གར་གྱི་ལག་འཁྱེར་ལས་ཁུངས་ནས་ལོག་ཡོང་བ་རེད། དེ་འདྲའི་རྒྱལ་ཞེན་ཞིག་ཡོད་པ་ཡིན་ན་སུ་གང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་ལེན་གྱི་མ་རེད། རང་གི་རྒྱལ་ཁབ་ལ་ཡིད་ཆེས་དེ་ཁེ་ཕན་ཆུང་ཆུང་ཞིག་གི་དོན་དུ་གློད་གཏོང་ཐུབ་མཁན་ཞིག་ཡོད་ན། དེ་ལ་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་ལེན་ཞེས་བཤད་པ་ཡིན་ནའང༌། ཁོ་བསླབ་བྱ་བརྒྱབ་ཡུལ་གྱི་སྣོད་མིན་པར་བརྟེན། སྤམ་པོ་སྤམ་པོ་ལ་གཞག་རྒྱུ་རེད།

དྲི་བ། གཞིས་ཆགས་ཁག་གི་ནང་ས་ཞིང་གི་བདག་དབང་བྱེད་སྟངས་སྐོར་གྱི་ཁྲིམས་མཐུན་གྱི་ལས་དོན་བྱེད་ཕྱོགས་གང་འདྲ་ཞིག་དགོས་སམ།

ལན། དཀའ་རྙོག་དེ་ལྷོ་ཕྱོགས་གཞིས་ཆགས་ཙམ་མིན་པར་རྒྱ་གར་ནང་ཡོད་པའི་ས་ཞིང་གི་གཞིས་ཆགས་ཆ་ཚང་ལ་དཀའ་ངལ་དེ་གཅིག་པ་ཆགས་ཡོད་རེད། དཀའ་ངལ་དེ་རིམ་པ་གཉིས་སུ་དབྱེ་བ་ཕྱེ་དགོས། རིམ་པ་དང་པོ་དེ་བོད་མི་སྐྱབས་བཅོལ་བ་ཚོའི་མིང་ཐོག་ལ་ཁྲིམས་ཐོག་ནས་མིང་བསྒྱུར་བྱས་ཏེ་བདག་དབང་གི་ཁེ་ཕན་རག་རྒྱུ་དེ་ད་ལྟ་གནས་སྐབས་ཤིག་ལ་ཁག་པོ་རེད། དེ་དག་ཆ་ཚང་ལོ་དུས་རྒྱས་བཅད་ཀྱིས་བོགས་མའི་(Lease) ཐོག་འགྲོ་གི་ཡོད་རེད། དེའི་ལོ་དུས་ཀྱི་རིམ་པ་དེ་ཁ་ཤས་ལོ་ལྔ་དང༌། ཁ་ཤས་ལོ་བཅུ་རེད། ཡང་དམིགས་བསལ་ཁ་ཤས་ལ་ལོ་༩༩ རེད། ས་གནས་སོ་སོའི་ཁྲིམས་ཀྱི་འགྲོ་སྟངས་ཐོག་ནས་བོགས་མའི་གནས་སྟངས་མི་འདྲ་བ་ཡོད་རེད། བོགས་མ་ནི་གཡར་བའི་བཟོ་འདྲ་ཞིག་རེད། འདིའི་ཐོག་ནས་མ་འོངས་པར་ང་ཚོ་ལ་ཉེན་ཁ་ཡོད་དམ་ཞེ་ན། ཕྱོགས་གཅིག་ནས་ཉེན་ཁ་ཡོད་མ་རེད། ཕྱོགས་གཞན་ནས་ཉེན་ཁ་ཡོད་པའང་ཡོང་སྲིད་ཀྱི་རེད། ཕྱོགས་གཅིག་ནས་ཉེན་ཁ་མེད་པ་དེ་གང་རེད་ཟེར་ན། ང་ཚོའི་ས་ཞིང་འདེབས་ལས་དང༌། ཁང་པའི་ནང་མི་སྡོད་མཁན་དེ་ཚོ་རྒྱུན་མ་ཆད་པར་ཡོད་ན། ད་ལྟའི་གནས་སྐབས་སུ་རྒྱ་གར་གྱི་ས་ཆའི་ཁྲིམས་ལུགས་ལྟར་བོགས་མའི་དུས་ཚོད་རྫོགས་སྐབས་སླར་ཡང་དུས་ཚོད་མ་སྤྲད་པ་དེ་ཆོག་གི་མེད། དུས་ཚོད་ཡང་བསྐྱར་མ་རག་པའི་ཉེན་ཁ་དེ་ཡོད་མ་རེད།

དུས་ཚོད་ཡང་བསྐྱར་མ་རག་པ་དང་མི་གཞན་པས་བདག་པོ་བརྒྱབ་རྒྱུའི་ཉེན་ཁ་དེ་ག་དུས་ཡོད་རེད་ཅེ་ན། ས་ཞིང་འདེབས་ལས་མ་བྱེད་པ་དང་ཁང་པའི་ནང་མི་མ་བསྡད་པར་ལོ་ནས་ལོ་བསྟུད་དེ་རྒྱུན་རིང་པོ་ལུས་སོང་བའམ། ཡང་ན་མི་གཞན་པར་སྤྲད་ནས་རྒྱུན་རིང་པོ་ཕྱིར་ལེན་མ་བྱས་པར་བཞག་སྟེ་རྗེས་མ་ཕྱིར་མ་སློག་ན་ཁྲིམས་ཐོག་ནས་ལེན་མ་ཐུབ་པ་དེ་འདྲའི་གནས་སྟངས་ཏན་ཏན་ཡོང་སྲིད་ཀྱི་རེད། དེ་མིན་ལོ་ལྟར་སོ་སོས་འདེབས་ལས་བྱེད་པ་དང༌། མི་སྡོད་མཁན་མང་ཉུང་ལ་མ་ལྟོས་པར་མུ་མཐུད་ཡོད་པ་ཞིག་ཡིན་ན། ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ས་ཆ་དེ་དག་ཚུར་སློག་དགོས་ཞེས་ནམ་ཡང་བཤད་ཐུབ་ཀྱི་མ་རེད།

ལོ་ལྔ་ལས་ལྷག་པ་བསྡད་ཚར་དུས་ང་ཚོའི་གཞི་རིམ་ཐོབ་ཐང་ནང་འདིའི་ཐོག་མུ་མཐུད་ནས་བསྡད་ཆོག་པའི་ཐོབ་ཐང་དེ་སླེབས་བསྡད་ཡོད་རེད། དེ་ཡིན་དུས་ཐུགས་དྭོགས་གནང་དགོས་པ་གང་ཡང་མེད། གནས་ཚུལ་གཞན་པ་ཞིག་ལ། བོད་མི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་མཁར་དབང་བདག་འཛིན་བྱེད་མི་ཆོག་པའི་གནས་ཚུལ་ཞིག་བོད་མི་མང་པོའི་དགོངས་ཚུལ་ལ་ཡོང་གི་འདུག དེ་དེ་འདྲ་མ་རེད། བོད་མི་སྐྱབས་བཅོལ་བ་ཡིན་ནའང་རྒྱ་གར་ནང་ས་ཆ་ཉོ་ཆོག་རྒྱུ་དང༌། མཁར་དབང་བདག་འཛིན་བྱེད་ཆོག་པའི་ཆེད་དུ་དེབ་སྐྱེལ་བྱེད་ཆོག་རྒྱུའི་ཐོབ་ཐང་ཡོད་རེད། ཐོབ་ཐང་དེ་གང་འདྲ་རག་གི་རེད་ཅེ་ན། རྒྱ་གར་གྱི་དངུལ་ཁང་ཆེན་མོ་(Reserve Bank of India) ནས་ཆོག་མཆན་ཞུ་དགོས་རེད། རྒྱ་གར་གྱི་དངུལ་ཁང་ཆེན་མོ་ནས་ང་བོད་མི་སྐྱབས་བཅོལ་བ་ཡིན་ཡང་རྒྱ་གར་ནང་ས་ཆ་ཉོ་ཆོག་རྒྱུའི་བཀའ་ཁྲོལ་གནང་རོགས་ཞེས་བཀའ་ཁྲོལ་ཞུ་ཆོག་རྒྱུའི་ཁྲིམས་ཀྱི་ཆ་རྐྱེན་ཡོད་རེད།

ཡིན་ནའང་ང་ཚོ་བོད་པ་རྣམས་ཁྲིམས་མཐུན་འགྲོ་རྒྱུར་དགའ་པོ་མེད་ཅིང༌། ག་དུས་ཡིན་ཡང་ཁྲིམས་དང་མ་མཐུན་པ་ཞིག་འགྲོ་རྒྱུར་དགའ་པོ་ཡོད་ཙང༌། ཧིམཱཅལ་ནང་ཡོད་པའི་བོད་པ་དེ་དག་གིས་ལ་དྭགས་པ་དང་གར་ཞ་བ་དེ་འདྲ་མི་གླ་བསྒྲིགས་ཏེ་དེའི་མིང་ཐོག་ས་ཆ་ཉོས་པ་དང༌། དེ་བཞིན་དེབ་སྐྱེལ་ལས་ཁུངས་ལ་དངུལ་སྤྲད་དེ་གང་བྱུང་མང་བྱུང་བྱེད་ཀྱི་ཡོད་རེད། གང་ལྟར་སྐྱབས་བཅོལ་བ་གང་འདྲ་ཞིག་ཡིན་ནའང༌། རྒྱ་གར་ལ་གཏན་འཇགས་སྡོད་མཁན་ཞིག་ཡིན་ཕྱིན་ཆད་རྒྱ་གར་གྱི་དངུལ་ཁང་ཆེན་མོ་(Reserve Bank of India) ནས་ཆོག་མཆན་ཞུས་ཏེ་ཁྲིམས་མཐུན་གྱི་ས་ཆ་དང་ཁང་པ་ཉོ་ཆོག་པའི་བདག་དབང་བྱེད་ཆོག་པའི་ཐོབ་ཐང་ཡོད་རེད། དེ་ཆོག་མཆན་ཞུ་རྒྱུར་དུས་ཚོད་ཟླ་བ་བཞི་ལྔ་ཙམ་འགོར་གྱི་རེད་མ་གཏོགས། རག་ཁག་པོ་དང་དཀའ་ལས་ཁག་པོ་དེ་འདྲ་གང་ཡང་ཡོད་མ་རེད། དེ་ཞུ་མཁན་གྱི་ཁྲིམས་རྩོད་པ་བཞག་སྟེ་འགེངས་ཤོག་བཀང་བ་སོགས་བྱེད་ན་རག་ཆོག་ཆོག་ཡོད་རེད།

དཀའ་ངལ་གཉིས་པ་དེ་གང་རེད་ཅེ་ན། གཞིས་ཆགས་ཀྱི་ས་ཆ་དེ་དག་སོ་སོའི་ཕ་མ་བུ་ཕྲུག་གིས་རྒྱུད་འཛིན་བྱས་ཏེ་བདག་དང་མ་བདག་གི་སྐད་ཆ་ཞིག་དེང་སང་བཤད་ཀྱི་ཡོད་རེད། སྔོན་མ་སུའི་མིང་ཐོག་ལ་སྤྲད་པ་དེ་འདས་གྲོངས་ཟིན་པའི་སྐབས་གཞིས་ཆགས་ལས་ཁུངས་ཀྱིས་ཡར་བླངས་ཏེ་སླར་ཡང་མར་བཀྲམས་དགོས་པ་དང༌། དེའི་དབང་གིས་མི་ཚང་གཅིག་ལ་མུ་མཐུད་དེ་བདག་གི་མི་འདུག་ཅེས་པའི་བཀའ་མོལ་ཞིག་ཡོད་རེད། དེ་ང་ཚོའི་ནང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཤིག་རེད། གྲོས་ཚོགས་ཀྱི་ནང་དུའང་ཚར་ཁ་ཤས་བཀའ་མོལ་བྱུང་ཚར་སོང༌། ནང་སྲིད་ལས་ཁུངས་ཀྱིས་སྒྲིག་གཞི་ཆ་ཚང་བསྐྱར་ཞིབ་ཀྱིས་འགྱུར་བ་བཏང་ནས་མ་འོངས་པར་སྒྲིག་གཞིའི་གནས་སྟངས་དེ་ཕྲན་བུ་ད་ལྟའི་གནས་སྐབས་དང་འཚམས་པར་བཟོ་རྒྱུའི་དགོངས་པ་བཞེས་བཞིན་པ་རེད།

དེ་དང་ཆབས་ཅིག་ཏུ་ད་ལྟ་ང་ཚོའི་གཞིས་ཆགས་ཁག་གི་ས་ཆ་བོགས་མ་གཏོང་རྒྱུའི་གནས་སྟངས་དེའི་ཐོག་རྒྱ་གར་གཞུང་དང་བཀའ་མོལ་ཞིག་གནང་སྟེ་བསྐྱར་ཞིབ་གནང་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་རེད། ལོ་གང་ལ་གང་འཚམས་ཕྱིན་པ་ཡིན་ཙང༌། ཐོག་མ་འགོ་འཛུགས་བྱེད་པའི་སྐབས་དང༌། ད་ལྟའི་གནས་སྐབས་གཉིས་མི་འདྲ་བ་ཆགས་ཚར་དུས་བསྐྱར་ཞིབ་གནང་ཆོག་རྒྱུའི་གནས་སྐབས་ཤིག་ལ་སླེབས་ཡོད་རེད། དེ་འདྲ་ཡིན་དུས་དེ་དག་ཆ་ཚང་ནང་སྲིད་ལས་ཁུངས་ལའང་ང་ཚོས་བསྐྱར་དུ་མངགས་གཏམ་བྱ་རྒྱུ་ཡིན་ལ། གྲོས་ཚོགས་ནང་དུའང་བཀའ་མོལ་ཡོང་མདོག་ཁ་པོ་རེད། གང་ལྟར་ས་ཆ་སྒང་ལ་སྡོད་མཁན་གྱི་མི་དེ་དག་ལ་གཏན་འཇགས་ཡིན་པའི་ཚོར་བ་སྐྱེ་བའི་ཐབས་ཤེས་ཤིག་བྱེད་པ་ཡིན་ན། མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་དེ་དག་དྲག་ཏུ་འགྲོ་གི་རེད་ཅེས་མི་མང་པོས་དགོངས་འཆར་གནང་གི་འདུག དགོངས་འཆར་དེ་དག་གནད་འགག་ཡོད་པ་ཞིག་ལ་ང་ཚོས་མཐོང་གི་འདུག

དེའི་ཐོག་ལ་ང་ཚོས་འབད་རྩོལ་བྱེད་རྒྱུའི་འདུན་པ་ཡོད་ལ། འབད་རྩོལ་ཞུ་གི་ཡིན། ཡིན་ནའང་ཡོང་གི་རེད་ཅེས་ཁས་ལེན་ཞུ་རྒྱུ་དེ་རྒྱ་གར་ནང་ཧ་ཅང་དཀའ་ལས་ཁག་པོ་རེད། ལྷག་པར་དུ་ང་ཚོའི་སྐྱབས་བཅོལ་སྲིད་གཞུང་ནང་ལས་དོན་གང་འདྲ་ཞིག་ཡིན་ནའང༌། ལག་པ་ལ་སླེབས་ཚར་ན་མ་གཏོགས། ཁས་བླངས་པ་དེ་ཧ་ཅང་བརྟན་པོ་ཡོད་མཁན་ཞིག་མ་རེད།བྱས་ཙང་ང་ཚོས་ག་དུས་ཡིན་ཡང་དེ་འདྲ་ཞིག་ཡོང་བའི་འབད་རྩོལ་ངེས་པར་དུ་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུ་མ་གཏོགས། དེ་འདྲ་ཞིག་ཡོང་གི་རེད་ཅེས་ཞུ་ཐུབ་རྒྱུ་ཧ་ཅང་ཁག་པོ་འདུག

དྲི་བ། བོད་གཞུང་གིས་རང་སྐྱོང་ལྗོངས་ཁས་ལེན་བྱེད་ཀྱི་ཡོད་རེད་ཅེས་གོ་ཐོས་འདུག་པས་དེ་བདེན་པ་ཡིན་ནམ།

ལན། རང་བཙན་གཙང་མ་དང་བཙོག་པའི་དབྱེ་བ་དེ་སྤྱི་འཐུས་ལྷན་ཁང་གིས་ཧ་ཅང་བྱེད་ཐུབ་ཀྱི་ཡོད་མ་རེད། དང་པོ་དེར་ངས་གསལ་པོ་ཐག་བཅད་དེ་ཞུ་དགོས་པ་ཞིག་ལ། ྋསྐྱབས་མགོན་རིན་པོ་ཆེས་གནས་སྐབས་གང་ལའང་བོད་རང་སྐྱོང་བྱུང་ན་འགྲིགས་ཀྱི་འདུག་ཅེས་བཀའ་གནང་ཡོད་མ་རེད། ང་ཚོ་རྒྱ་གར་དུ་སླེབས་ནས་འདས་པའི་ལོ་སོ་ལྔའི་རིང་རྒྱ་ནག་དང་མཉམ་དུ་འབྲེལ་བ་མུ་མཐུད་ནས་གནང་བ་རེད་དེ། བོད་རང་སྐྱོང་ལྗོངས་དགོས་ཀྱི་འདུག་ཅེས་པ་དང༌། བོད་རང་སྐྱོང་ལྗོངས་ལེན་ན་འགྲིགས་ཀྱི་འདུག་ཅེས་པའི་བཀའ་མོལ་ནམ་ཡང་གནང་ཡོད་མ་རེད།བྱས་ཙང་བོད་གཞུང་གིས་བོད་རང་སྐྱོང་ལེན་གྱི་ཡོད་རེད་ཅེས་པ་དང༌། ྋསྐྱབས་མགོན་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་བཞེས་ཀྱི་ཡོད་རེད་ཅེས་པའི་བཀའ་མོལ་དེ་བརྒྱ་ཆ་བརྒྱ་ཐམ་པ་རྫུན་མ་རེད། དེ་དངོས་ཡོད་ཀྱི་གནས་ཚུལ་ལ་རྩ་ནས་བསྡད་ཡོད་མ་རེད།

རྒྱ་མི་དང་འབྲེལ་བ་བྱེད་རྒྱུའི་བཀའ་བསྡུར་གནང་བ་ཆ་ཚང་བརྒྱ་ཆ་བརྒྱ་ཐམ་པ་ཕམ་ཉེས་ལ་ཕྱིན་པ་རེད་ཅེས་བཀའ་གནང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་དུ་ཐུག་ཡོད་ཅེ་ན། རྒྱ་མིས་བོད་རང་བཙན་མ་ཡིན་པ་དང༌། བོད་ཀྱི་རང་བཙན་རྩོལ་སྒྲུབ་བྱེད་ཀྱི་མིན་ཞེས་པའི་གསལ་བསྒྲགས་དེ་སྔོན་ལ་བྱེད་དགོས་རེད། དེ་ནས་ང་ཚོ་ག་རེ་ཡིན་ནའང་བཀའ་མོལ་གནང་ཆོག་གི་རེད་ཅེས་ཟེར་གྱི་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་བོད་རང་བཙན་མ་ཡིན་པ་དང༌། བོད་རང་བཙན་རྩོལ་སྒྲུབ་བྱེད་ཀྱི་མིན་པའི་གསལ་བསྒྲགས་དེ་ནམ་ཡང་གནང་ཐུབ་ཀྱི་མ་རེད། དེའི་སྔོན་འགྲོའི་ཆ་རྐྱེན་དེ་ང་ཚོས་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག ང་ཚོ་བཀའ་མོལ་གནང་བ་ཡིན་ན་སྔོན་འགྲོའི་ཆ་རྐྱེན་མེད་པ་ཞིག་གི་ཐོག་ནས་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་གསུང་གི་ཡོད། མགོ་ནས་མཇུག་བར་དུ་སྔོན་འགྲོའི་ཆ་རྐྱེན་དེའི་ཐོག་ནས་མ་འགྲིགས་པར་ཕམ་ཉེས་ལ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་དེར་ཐུག་ཡོད་རེད། དེ་ཧ་ཅང་གསལ་པོ་རེད། སུ་གང་གིས་དེ་མཁྱེན་ནས་མ་མཁྱེན་མདོག་མདོག་གནང་བ་ཡིན་ན་གནས་ཚུལ་ལོགས་ཀ་རེད། མི་མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེས་ཡུ་རོབ་གྲོས་ཚོགས་ནང་གནང་བའི་གསུང་བཤད་དེ་ལ་བོད་རང་བཙན་གློད་བཏང་བ་དང༌། དེ་བཞིན་བོད་རང་སྐྱོང་གིས་འགྲིགས་པའི་དགོངས་བཞེས་གནང་གི་ཡོད་པའི་རྒྱུ་མཚན་བཤད་མཁན་མང་པོ་ཡོད་རེད། ཁ་ཤས་ཀྱིས་དེ་ྋསྐྱབས་མགོན་རིན་པོ་ཆེ་སྐུ་སྒེར་གྱི་དགོངས་འཆར་ཞིག་རེད་མ་གཏོགས། བོད་གཞུང་གི་སྲིད་བྱུས་ཤིག་མ་རེད་ཅེས་བཤད་མཁན་ཡང་བྱུང་ཡོད་རེད།

བྱས་ཙང་ང་ཚོས་ངེས་པར་དུ་ྋརྒྱལ་བ་རིན་པོ་ཆེས་ཡུ་རོབ་གྲོས་ཚོགས་སུ་གནང་བའི་འཆར་གཞི་དེ་ག་རེ་ཡིན་པ་དེ་མང་ཚོགས་ཀྱིས་མཁྱེན་དགོས་ཀྱི་རེད། མང་པོ་ཞིག་གིས་མཁྱེན་གྱི་མི་འདུག གཞན་པ་ཕར་བཞག་ནས་ཕྱི་ལོ་༡༩༨༧ ལ་གནང་བའི་ཞི་བའི་དོན་ཚན་ལྔ་དང༌། ཕྱི་ལོ་༡༩༨༨ ལ་གནང་བའི་ཡུ་རོབ་གྲོས་ཚོགས་ཀྱི་འཆར་གཞི་གཉིས་པོ་དེ་དབྱེ་བ་ཕྱེ་མ་ཤེས་མཁན་མང་པོ་ཡོད་རེད། མང་ཆེ་བས་དེ་གཅིག་པ་ཡིན་པ་དྲན་གྱི་ཡོད་རེད། མི་ཕལ་པ་བཞག་ནས་སློབ་སྦྱོང་ཡོད་མཁན་གྲས་ལའང་དེ་འདྲ་ཡོང་གི་འདུག དེ་ནི་ཆབ་སྲིད་ལ་དོ་སྣང་མ་བྱས་པ་དང༌། གནས་ཚུལ་དེ་དག་ལ་ཡག་པོ་མ་གཟིགས་པའི་སྐྱོན་གྱི་ཐོག་ནས་ཡོང་གི་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེས་ཡུ་རོབ་གྲོས་ཚོགས་ནང་གནང་བའི་འཆར་གཞི་དེ་ཧ་ཅང་རིང་པོ་རེད།

འཆར་གཞི་ཆ་ཚང་ལ་ཤོག་གྲངས་༣༠༠ ཙམ་ཡོད་པའི་ཡིག་ཆ་ཞིག་རེད། དེའི་ནང་དོན་སྙིང་པོར་བསྡུས་ན། རྒྱ་ནག་གི་ངོས་ནས་བོད་དེ་རྒྱ་མི་དང་ཁ་བྲལ་གཏོང་ཐབས་རྩ་ནས་མེད། བོད་རྒྱ་མི་དང་ཁ་བྲལ་མ་འགྲོ་བའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་དགོས་རེད་ཅེས་དོ་ནན་པོས་བཤད་པ་ཡིན་ཙང༌། དེའི་ཆ་རྐྱེན་གཞི་ལ་བཞག་པའི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེས་ག་རེ་གསུངས་ཡོད་ཅེ་ན། བོད་ཆོལ་ཁ་གསུམ་ཆབ་སྲིད་ཀྱི་གོང་བུ་གཅིག་ལ་བསྒྲིལ་དགོས། དེའང་བོད་སྐད་རྒྱག་མཁན་དང་རྩམ་པ་ཟ་མཁན་གང་དུ་ཡོད་སའི་བོད་ཀྱི་ས་ཁྱོན་ད་ལྟ་རྒྱ་མིས་ཁག་དྲུག་ཏུ་བགོས་པ་དེ་དག་ཕྱོགས་གཅིག་ཏུ་བསྡོམས་ནས་བོད་ཆོལ་ཁ་གསུམ་ཆབ་སྲིད་ཀྱི་གོང་བུ་གཅིག་ལ་བསྒྲིལ་རྒྱུ་དེ་དོན་ཚན་དང་པོ་དེ་ཆགས་ཡོད་རེད།

དེ་འདྲའི་ཆབ་སྲིད་ཀྱི་གོང་བུ་གཅིག་ལ་བསྒྲིལ་བའི་བོད་ཆོལ་ཁ་གསུམ་པོ་དེའི་ནང་མང་གཙོའི་ལམ་སྲོལ་ལྡན་པའི་རྩ་ཁྲིམས་ཡོད་པའི་རང་སྲིད་རང་སྐྱོང་བྱེད་རྒྱུའི་སྲིད་གཞུང་ཞིག་དགོས་ཀྱི་རེད། དེ་འདྲའི་རང་སྲིད་རང་སྐྱོང་བྱེད་མཁན་གྱི་སྲིད་གཞུང་དེའི་རྩ་ཁྲིམས་གང་འདྲ་ཞིག་དགོས་པའི་རྩ་ཁྲིམས་དེའི་ཟིན་བྲིས་འདི་མཉམ་སྦྱར་ཡོད་ཅེས་རྩ་ཁྲིམས་ཆ་ཚང་བཀོད་ཡོད་རེད། དེ་ཡང་ཁོ་རང་ཚོས་ཧོང་ཀོང་ཟླ་བསྒྲིལ་གཏོང་རྒྱུའི་སྐད་ཆ་བཤད་པའི་སྐབས་ལ་རྒྱལ་ཁབ་གཅིག་ནང་ཆབ་སྲིད་ཀྱི་ལམ་སྲོལ་གཉིས་(One Nation Two System) ཞེས་རྒྱ་ནག་སྤྱི་ཡོངས་དེ་གུང་བྲན་རིང་ལུགས་འོག་བསྡད་པ་ཡིན་ནའང༌། རྒྱ་ནག་གི་ཆ་ཤས་གཅིག་མང་གཙོའི་རིང་ལུགས་ནང་བསྡད་ཆོག་གི་རེད་བཤད་པ་ཡིན་ཙང༌། དེའི་ལྟ་བ་དེ་ལ་གཞི་བཞག་ནས་བོད་དེ་ཡང་མང་གཙོའི་རིང་ལུགས་ཀྱི་རྩ་ཁྲིམས་ཡོད་མཁན་ཞིག་གི་རང་སྲིད་རང་སྐྱོང་གི་དབང་ཆ་གཙང་མ་ཡོད་པའི་སྲིད་གཞུང་ཞིག་དགོས་ཀྱི་རེད། དོན་ཚན་གཉིས་པ་དེ་རེད། དེ་འདྲ་ཞིག་བྱུང་བ་ཡིན་ན་རྒྱ་ནག་དང་ཁ་བྲལ་མ་འགྲོ་བ་མཚོན་ཆེད་གཞུང་ཚབ་ཕར་གཏོང་ཚུར་གཏོང་བྱེད་པའི་གནས་ཚད་ཡོད་པའི་ཕྱི་འབྲེལ་(Diplomatic Relation) ལས་དོན་གྱི་དབང་ཚད་དེ་རྒྱ་མིས་ཉར་ན་འགྲིགས་ཀྱི་རེད། འོན་ཀྱང་ལེགས་བྱང་བརྗེ་ལེན་(Cultural Exchange) དང་ཚོང་དོན་སོགས་ཕྱི་འབྲེལ་ཡོངས་རྫོགས་དེའི་ནང་ཚུད་མེད། ཞི་བའི་དོན་ཚན་ལྔའི་ནང་གསུངས་པ་བཞིན་བོད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་ཡིན་ཙང༌། མ་འོངས་པར་སྲུང་སྐྱོབ་ཀྱི་དགོས་དོན་མེད་པ་ཆགས་འགྲོ་གི་རེད།

ཡིན་ནའང་བོད་ཞི་བའི་བསྟི་གནས་ལ་བསྒྱུར་རྒྱུའི་ལས་རིམ་དེ་ཆ་མ་ཚང་གི་བར་དུ་བོད་ཀྱི་སྲུང་སྐྱོབ་དེ་རྒྱ་མིས་ཉར་ན་འགྲིགས་ཀྱི་རེད། དེ་འདྲ་བྱས་པ་དེ་ལ་མིང་ག་རེ་བཏགས་ཀྱི་ཡིན་ནམ་ཞེ་ན། མཉམ་མཐུན་(In-association) ཞེས་བཏགས་ན་འགྲིགས་ཀྱི་རེད། Commonwealth དང་Federation ཡང་མ་རེད། In-association ཞེས་པ་དེ་མིང་གསར་པ་ཞིག་རེད། རྒྱ་མིའི་མཉམ་དུ་In-associationབྱས་ནས་ང་ཚོ་བོད་པ་དེ་ཁ་བྲལ་དུ་མ་ཕྱིན་པར་རྒྱ་ནག་དང་མཉམ་དུ་བསྡད་ཐུབ་ཀྱི་རེད། གལ་སྲིད་དོན་ཚན་འདི་དག་རྒྱ་མིས་ཁས་ལེན་བྱུང་བ་ཡིན་ན་དེ་འགྲིགས་དང་མི་འགྲིགས་བོད་རྒྱ་ཆེ་མང་ཚོགས་ལ་མཐའ་མའི་ཐག་གཅོད་བྱེད་རྒྱུར་མང་མོས་འོས་བསྡུ་བྱེད་དགོས་ཀྱི་རེད། བོད་རྒྱ་ཆེ་མང་ཚོགས་ཀྱིས་མང་མོས་འོས་བསྡུ་མ་བྱས་བར་དུ་ད་ལྟ་ྋསྐྱབས་མགོན་རིན་པོ་ཆེས་གསུངས་པའི་འཆར་གཞི་དེ་དག་ཆ་ཚང་རྒྱ་མིས་ངོས་ལེན་བྱས་པ་ཡིན་ནའང༌། བཙན་བྱོལ་གཞུང་ངོས་ནས་མཐའ་མའི་ངོས་ལེན་བྱེད་ཐབས་ཡོད་མ་རེད། དེ་ནི་འཆར་གཞི་ཞིག་རེད།

འཆར་གཞི་དེ་འགྲིགས་པ་ཡིན་ན་དེ་འགྲིགས་ཀྱི་འདུག་གམ་ཞེས་བོད་རྒྱ་ཆེ་མང་ཚོགས་ལ་སྐད་ཆ་དྲིས་ཏེ་འགྲིགས་ཀྱི་རེད་བཤད་ན་དེ་ནས་གནས་ཚུལ་འདི་འདྲ་ཞིག་གི་ཐོག་ལ་ཕྱིན་ན་ཞེས་ྋསྐྱབས་མགོན་རིན་པོ་ཆེས་སི་ཏྲ་སི་སྦག་གི་འཆར་གཞི་དེ་རེད། དེ་ལ་ང་ཚོ་བོད་པ་ཚོས་ྋརྒྱལ་བ་རིན་པོ་ཆེས་རང་བཙན་གློད་བཏང་འདུག་ཞུ་གི་ཡོད་རེད། རྒྱ་མིས་ལན་ག་རེ་བརྒྱབས་པ་རེད་ཅེ་ན། འཆར་གཞི་འདི་ལ་ང་ཚོ་བསམ་བློ་གཏོང་རྒྱུ་རྩ་བ་ནས་མི་འདུག མིང་ལ་རང་བཙན་ཞེས་མ་བཏགས་པ་མ་གཏོགས། དོན་ལ་རང་བཙན་ཆ་ཚང་དགོས་ཟེར་གྱི་ཡོད་རེད།བྱས་ཙང་Independence in disguise ཞེས་ཟེར་གྱི་ཡོད་རེད། ད་རིང་སང་ཉིན་རྒྱ་མིས་ག་རེ་བཤད་ཀྱི་ཡོད་རེད་ཅེ་ན། Independence, half independence, semi independence, independence in disguise དེ་དག་གང་ཡང་ཡོང་རྒྱུ་མེད་ཅེས་བཤད་པ་དེ་སི་ཏྲ་སི་སྦག་གསུང་བཤད་ཀྱི་ཁ་གཏད་ལ་བཤད་ཀྱི་ཡོད་རེད།

སི་ཏྲ་སི་སྦག་གི་འཆར་གཞི་དེ་རྒྱ་ནག་དང་མཉམ་དུ་བཀའ་མོལ་གནང་རྒྱུའི་གྲོས་གཞི་ཞིག་རེད། གྲོས་གཞི་དེ་འགྲིགས་པ་ཡིན་ན་དེའི་རྗེས་ལ་གཞི་ནས་རང་བཙན་གཙང་མ་བློས་བཏང་དང་མི་བཏང་གི་སྐད་ཆ་དེ་སླེབས་ཀྱི་ཡོད་རེད། གྲོས་གཞི་བཏོན་པ་ཙམ་གྱིས་རང་བཙན་བློས་བཏང་བའི་ངོ་བོ་རྩ་བ་ནས་མཚོན་ཐུབ་ཀྱི་མེད། རྒྱ་མིས་དེ་རང་བཙན་བློས་བཏང་བའི་ངོ་བོར་མཐོང་གི་མེད། ང་ཚོའི་ངོས་ནས་དེ་བཀའ་མོལ་གནང་རྒྱུའི་གྲོས་གཞི་ཞིག་རེད་མ་གཏོགས། གྲོས་གཞི་དེའི་སྔོན་འགྲོར་བོད་རང་བཙན་དགོས་ཀྱི་མེད་ཅེས་པ་དེ་ཁས་ལེན་བྱེད་ཀྱི་མེད་བཤད་དགོས་རྒྱུ་དེ་བཀའ་མོལ་གནང་བའི་རིང་ལ་གྲུབ་འབྲས་ཐོན་ནས་བོད་རྒྱ་ཆེ་མང་ཚོགས་ཀྱིས་དེ་འགྲིགས་ཀྱི་འདུག་ཅེས་མ་བཤད་བར་ང་ཚོས་རང་དབང་རྩོད་ལེན་བྱ་རྒྱུ་དེ་བར་མཚམས་གཞག་རྒྱུ་མེད་པ་དང༌། དམ་བཅའ་དེ་འདོར་རྒྱུ་མེད་པ་ཧ་ཅང་གསལ་པོ་མཚོན་གྱི་ཡོད་རེད། དེར་བརྟེན་ྋསྐྱབས་མགོན་རིན་པོ་ཆེ་དང༌། བོད་གཞུང་ངོས་ནས་དུས་དང་གནས་སྐབས་གང་དུའང་རང་སྐྱོང་ལྗོངས་བཞེས་རྒྱུ་དང༌། རང་དབང་བསྐྱར་གསོའི་ལས་དོན་བར་མཚམས་བཞག་སྟེ་བློས་བཏང་བ་དེ་འདྲ་དགོངས་པའི་མཐིལ་ལ་ནམ་ཡང་འཁོར་ཡོད་མ་རེད།

ྋསྐྱབས་མགོན་རིན་པོ་ཆེ་ལ་བཀའ་འདྲི་ཞུ་མཁན་གྱི་གསར་འགོད་པ་ཚང་མས་གནས་སྟངས་ག་རེའི་ཐོག་བཀའ་འདྲི་ཞུ་གི་ཡོད་ཅེ་ན། ཁྱེད་རང་གིས་རྒྱ་ནག་དང་མཉམ་དུ་བཀའ་མོལ་གནང་སྐབས་བཀའ་མོལ་ག་རེ་གནང་གི་ཡོད་ཅེས་ཞུ་གི་ཡོད་རེད། རྒྱ་ནག་དང་མཉམ་བཀའ་མོལ་གནང་སྐབས་ངས་རང་བཙན་དགོས་ཡོད་ཅེས་བཤད་ཀྱི་མེད། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་སེལ་བའི་ཐབས་ཤེས་གང་འདྲ་ཞིག་འདུག་དེའི་དོན་དུ་རྒྱ་མི་དང་སྐད་ཆ་བྱེད་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད་ཅེས་རྒྱ་མི་དང་བཀའ་མོལ་གནང་རྒྱུའི་དོན་གནད་དེ་དང་འབྲེལ་བ་ཡོད་པའི་གནས་ཚུལ་དེ་ལ་བོད་རང་བཙན་དགོས་ཡོད་ཅེས་བཤད་པ་ཡིན་ན། དེ་ག་རང་གི་ཐོག་ནས་སྐད་ཆ་ཐག་ཆོད་རྒྱུ་ཞིག་ཡིན་པར་བརྟེན། སྐད་ཆ་འགྲོ་རྒྱུ་གང་ཡང་མེད། དེར་བརྟེན་གསར་ཤོག་ནང་བཀའ་འདྲི་ག་རེ་ཞུས་འདུག་དེ་ལ་བལྟ་དགོས། ྋསྐྱབས་མགོན་རིན་པོ་ཆེས་འདི་ལོ་ཀ་ལི་ཀ་ཏར་གསལ་པོ་བྱས་ཏེ། རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་སྐབས་རང་བཙན་གྱི་སྐད་ཆ་བཤད་རྒྱུ་དེ་རྒྱས་སྤྲོས་རེད། གང་འདྲ་བྱས་ནས་བཤད་དགོས་རེད་ཅེས་གསུངས་ཡོད་མ་གཏོགས། དེ་ལ་བོད་རང་བཙན་ཟེར་རྒྱུ་དེ་རྒྱས་སྤྲོས་རེད་ཅེས་གསུངས་ཀྱི་མེད། རྒྱ་མི་དང་བཀའ་མོལ་གནང་སྐབས་བོད་རང་བཙན་དེ་སྔོན་ལ་འཁྱེར་ནས་བཀའ་མོལ་གནང་བ་ཡིན་ན་རྒྱས་སྤྲོས་རང་རེད། བཀའ་མོལ་གནང་རྒྱུའི་འགོ་འཛུགས་ས་ཁོ་རང་ཡོད་མ་རེད། དེར་བརྟེན་གནས་ཚུལ་དེ་དག་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་པོ་དང་ཞིབ་ཚགས་པོ་གནང་དགོས་རྒྱུའི་གནས་ཚུལ་ཞིག་རེད་དེ།

ང་ཚོའི་མཁྱེན་ཡོན་ཡོད་མཁན་དང༌། མཁྱེན་ཡོན་མེད་མཁན་མང་པོ་ཞིག་གིས་ཕྱེད་ཀ་གཟིགས་པ་དང་ཕྱེད་ཀ་མ་གཟིགས་པ། མགོ་གཟིགས་པ་དང་མཇུག་མ་གཟིགས་པ། ཡང་ན་གནས་ཚུལ་ཆ་ཚང་གཟིགས་པ་ཡིན་ནའང་གང་ཟག་བྱེ་བྲག་པ་ཞིག་ལ་ངོ་རྒོལ་བྱ་རྒྱུ་དང༌། མིང་མཆེད་ངན་པ་བཟོ་རྒྱུའི་དོན་དུ་བྱེད་ཀྱི་ཡོད། དཔེར་ན། ཁོ་རང་བཙན་དགོས་མཁན་རེད། ཁོ་རང་བཙན་མི་དགོས་མཁན་རེད་ཅེས་དབྱེ་བ་འབྱེད་རྒྱུ་དང༌། ལྷག་པར་ཕྱི་རྒྱལ་ནང་དུ་རྒྱ་མིས་འབད་བརྩོན་བྱས་ཏེ་སྐད་ཆ་འདྲི་མཁན་ཡོང་གི་འདུག དེར་བརྟེན་དེ་དག་གསལ་པོ་མཁྱེན་དགོས། ཕལ་ཆེར་ད་ལྟ་ངས་ཞུས་པ་དེ་དག་གསལ་པོ་ཆགས་ཡོད་དམ། ཡང་གཅིག་བྱས་ན་མགོ་སྦོས་པའི་སྒང་ལ་སླར་ཡང་མགོ་རྙོག་པ་བཟོས་ཡོད་དམ་ཧ་གོ་གི་མི་འདུག རྩ་བའི་ངས་གང་གསལ་གསལ་བྱས་ཏེ་ཞུ་རྒྱུའི་འབད་རྩོལ་བྱས་པའི་ཁུལ་ཡིན།

དྲི་བ། ལོ་བཅུ་བཞིའི་རིང་དོན་ཚན་ལྔའི་ཐོག་གྲུབ་འབྲས་མ་བྱུང་བ་ཡིན་ནམ།

ལན། ལོ་བཅུ་བཞིའི་རིང་ལ་དོན་ཚན་ལྔའི་ཐོག་གྲུབ་འབྲས་མ་བྱུང་བ་རེད་ཆེས་གསུང་རྒྱུའི་ཚིག་དེ་ཏག་ཏག་ཅིག་བསྡད་ཀྱི་ཡོད་མ་རེད། ལོ་བཅུ་བཞིའི་རིང་རྒྱ་མི་དང་ཕན་ཚུན་ཐད་ཀར་འབྲེལ་བ་གནང་སྟེ་བཀའ་མོལ་གནང་རྒྱུ་དེ་གྲུབ་འབྲས་མ་བྱུང་བ་རེད་ཅེས་ཞུས་པ་མ་གཏོགས། དོན་ཚན་ལྔ་དེ་ཞི་བའི་དོན་ཚན་ལྔ་པོར་གསུང་གི་ཡོད་ན་དེ་ཕྱི་ལོ་༡༩༨༧ ལོར་གསལ་བསྒྲགས་གནང་བར་བརྟེན། ལོ་བཅུ་བཞི་ཕྱིན་ཡོད་མ་རེད། ཞི་བའི་དོན་ཚན་ལྔ་ཡོངས་སུ་རྫོགས་པ་དེ་གྲུབ་འབྲས་མ་ཐོན་པ་གང་ཡང་མིན། ཞི་བའི་དོན་ཚན་ལྔའི་ཐོག་རྒྱལ་སྤྱིའི་ནང་གལ་ཆེན་པོར་བརྩིས་ཏེ་དེའི་ཐོག་ངོས་ལེན་ཆེན་པོ་ཡོད་རེད། དེའི་ནང་ནས་དོན་ཚན་ལྔ་པ་དེ་རྒྱ་མི་དང་མཉམ་དུ་མུ་མཐུད་ནས་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་པ་དེ་རེད། དོན་ཚན་ལྔའི་ནང་ནས་གཅིག་ཕམ་ཉེས་ལ་ཕྱིན་པ་རེད་མ་གཏོགས། དོན་ཚན་གཞན་བཞི་པོ་དེ་ད་ལྟའང་བསྡད་ཡོད་རེད།

བཞི་པོ་དེ་གང་རེད་ཅེ་ན། མདོར་བསྡུས་ཏེ་ཞུ་ན། བོད་དེ་མཚོན་ཆ་མེད་པའི་ཞི་བདེའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། བོད་ནང་ལ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་བརྡལ་བཤིག་གཏོང་རྒྱུ་དེ་མཚམས་འཇོག་བྱ་རྒྱུ། བོད་ཀྱི་ཁོར་ཡུག་བཙོག་པ་བཟོ་རྒྱུ་དེ་མཚམས་འཇོག་བྱ་རྒྱུ། བོད་ཀྱི་ནང་ལ་རྒྱ་མི་ཕོན་ཆེ་སྤོས་ཡོང་བ་དེ་མཚམས་འཇོག་བྱ་རྒྱུ་བཅས་བཞི་པོ་དེའི་ཐོག་ད་ལྟའང་ང་ཚོས་མུ་མཐུད་ནས་འབད་བརྩོན་བྱེད་དགོས་མ་གཏོགས། དེ་ནམ་ཡང་གཞག་རྒྱུ་ཡོད་པ་ཞིག་མ་རེད། དོན་ཚན་བཞིའི་ཐོག་འབད་བརྩོན་བྱ་རྒྱུ་དེ་ང་ཚོས་བོད་རང་དབང་བསྐྱར་གསོ་མ་བྱུང་བར་དུ་མུ་མཐུད་ནས་འབད་བརྩོན་བྱ་དགོས་པའི་དོན་ཚན་ཞིག་ཆགས་ཀྱི་ཡོད་རེད་མ་གཏོགས། དེ་ད་ལྟ་ཕམ་ཉེས་ཕྱིན་པར་ངོས་ལེན་བྱེད་ཀྱི་ཡོད་མ་རེད།

དོན་ཚན་ལྔ་པ་རྒྱ་མི་དང་མཉམ་དུ་མུ་མཐུད་ནས་བཀའ་མོལ་གནང་རྒྱུ་ཞེས་པ་དེ་རེད། དེ་ཏན་ཏན་མ་བྱུང་བ་རེད། ད་ལྟ་ྋསྐྱབས་མགོན་རིན་པོ་ཆེས་བཀའ་གང་གནང་ཡོད་ཅེ་ན། དེ་ཕམ་ཉེས་ལ་ཕྱིན་སོང༌། དེར་བརྟེན་ཐབས་ལམ་གསར་པ་གང་འདྲ་ཞིག་དགོས་ཀྱི་རེད་ཅེས་བོད་དོན་རྒྱབ་སྐྱོར་བྱེད་མཁན་རྒྱལ་སྤྱིའི་མང་ཚོགས་དང༌། བོད་པའི་སྤྱི་ཚོགས་ལ་བཀའ་འདྲི་གནང་གི་ཡོད་རེད། ང་ཚོས་དགོངས་འཆར་གང་འདྲ་ཞིག་གནང་རྒྱུ་ཡོད་ན་གནང་དགོས་པ་ཞིག་དང༌། གནང་ཆོག་རྒྱུའི་གོ་སྐབས་ཤིག་ལ་སླེབས་ཡོད་རེད། རྒྱལ་ཁབ་གཞན་ཞིག་གིས་འབྲེལ་བ་མཐུད་མཁན་གྱི་བར་མི་བྱས་ཏེ་རྒྱ་མི་དང་བོད་གཉིས་དབར་འབྲེལ་བ་བཟོ་མཁན་དང་སྐད་ཆ་བྱེད་མཁན་གྱི་བར་མི་(Mediator) ཞིག་བྱུང་ན། དེ་རྩ་བ་སྙིང་ནས་འགྲིགས་ཀྱི་མི་འདུག་ཅེས་ང་ཚོའི་སྲིད་བྱུས་འཛིན་སྟངས་ཐོག་ནས་མཐའ་བཀག་ཡོད་མ་རེད། ཡིན་ནའང་ད་ལྟ་ང་ཚོའི་གཞུང་གི་ངོས་ནས་རྒྱལ་ཁབ་བྱེ་བྲག་པ་ཞིག་གམ། ཡང་ན་གང་ཟག་བྱེ་བྲག་པ་ཞིག་ལ་བར་མི་བྱེད་རོགས་ཞེས་འབོད་སྐུལ་གནང་གི་ཡོད་མ་རེད།

འབོད་སྐུལ་གནང་རྒྱུར་ཐག་ཆོད་པ་ཡིན་ན། དེ་ནས་ང་ཚོས་རྒྱལ་ཁབ་དང༌། སྐབས་གང་འདྲ་ཞིག་ལ་འབོད་སྐུལ་བྱེད་ན་དགའ་གི་འདུག འབོད་སྐུལ་བྱེད་སྟངས་གང་འདྲ་ཞིག་དགོས་ཀྱི་འདུག དེ་དག་ཆ་ཚང་ཐོག་དགོངས་པ་གཟབ་གཟབ་བཞེས་ཏེ་ཐག་གཅད་དགོས་པ་ཞིག་དང༌། དེ་འདྲའི་འགོ་འཛུགས་ཤིག་བྱེད་པ་ཡིན་ནའང་ཡོངས་གྲགས་ཐོག་ནས་བྱེད་དགོས་ཀྱི་ཡོད་དམ། གྲུབ་འབྲས་གང་ལ་གང་འཚམས་མ་ཐོན་བར་དུ་མཐའ་གཅིག་ཏུ་གསང་བ་བྱས་ཏེ་བྱེད་དགོས་ཀྱི་ཡོད། དེ་དག་ད་ལྟ་གཞི་ནས་དགོངས་བཞེས་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། བར་ཞུགས་ཀྱི་རྒྱལ་ཁབ་ཅིག་བཙལ་རྒྱུ་དེ་ལས་སླ་པོ་རེད་དེ། རྒྱལ་ཁབ་དེའི་ཐོག་བློས་བཀལ་ཏེ་མུ་མཐུད་ནས་ལས་ཀ་བྱེད་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད།

དེ་འདྲའི་བཀའ་མོལ་གནང་མཁན་གྱི་རྒྱལ་ཁབ་ཅིག་ལ་རེ་སྐུལ་ཞུས་པ་ཡིན་ན་མང་པོ་རག་མདོག་ཁ་པོ་རེད། ཡིན་ནའང་རེ་སྐུལ་དེ་མ་བྱས་པའི་སྔོན་དུ་མཐའ་མའི་བསྡོམས་ལ་རྒྱལ་ཁབ་དེས་ང་ཚོའི་ཁེ་ཕན་གང་འདྲ་ཞིག་གི་ཐོག་ནས་སྲུང་སྐྱོབ་བྱེད་ཀྱི་རེད། ཇི་ཙམ་བློས་འཁེལ་ཐུབ་ཀྱི་རེད། དེའི་གདེང་ཚོད་ཡག་པོ་ཞིག་མ་ཡོང་བར་རྒྱལ་ཁབ་གསུམ་པའམ། ཡང་ན་གང་ཟག་གསུམ་པ་ཞིག་ལ་བློས་བཀལ་ནས་ལམ་སེང་བཀའ་མོལ་འགོ་འཛུགས་གནང་རྒྱུ་དེ་དག་ཕྲན་བུའི་ཉེན་ཁ་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཡིན་ནའང་ཟླ་བ་ཁ་ཤས་ནས་འདི་གང་འདྲ་བྱེད་དགོས་འདུག་དགོངས་པའི་དགོངས་པ་བཞེས་བཞིན་པའི་སྐབས་ཤིག་རེད་མ་གཏོགས། འདིའི་ཐོག་ལ་རྩ་བ་ནས་དགོངས་པ་མ་བཞེས་པའི་སྐབས་ཤིག་ཆགས་ཀྱི་ཡོད་མ་རེད།

དྲི་བ། ང་ཚོའི་མི་མང་ནང་ཤེས་ཡོན་གོང་འཕེལ་གཏོང་དགོས་རྒྱུ་དང༌། རིག་གཞུང་འཛིན་སྐྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་མེད་དམ།

ལན། ད་ལྟ་ཁྱེད་རང་གིས་བཀའ་གནང་རྒྱུ་དེ་མི་མང་གི་ཤེས་ཡོན་གོང་འཕེལ་གཏོང་དགོས་རྒྱུ་དང༌། རིག་གཞུང་འཛིན་སྐྱོང་བྱེད་དགོས་སྐོར་ཡིན་པ་འདྲ། དེ་དག་བདེན་པ་རང་རེད། ང་ཚོ་ཚང་མས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་དགོས་རྒྱུ་དང༌། ལྷག་པར་ལས་རིགས་གང་འདྲ་ཞིག་ཡིན་རུང༌། ལས་རིགས་དེའི་ཐོག་བྱང་ཆུབ་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ང་ཚོའི་བཟོ་ལས་ཆུང་ཁག་དེ་དག་ད་ལྟ་ཕན་ལ་གང་ཡོད་པ་དེ་གཅིག་པ་ཞིག་མ་གཏོགས། དེའི་ཐོག་ལ་ཚན་རིག་གིས་བརྟག་དཔྱད་བྱས་ཏེ་ལས་སླ་རུ་གཏོང་རྒྱུ་དང༌། ཡར་རྒྱས་གཏོང་རྒྱུའི་གནས་ཚུལ་མང་པོ་ཞིག་ཡོད་རེད། དཔེར་ན་ང་ཚོས་མཐོང་བཞིན་པའི་གནས་སྐབས་འདིར་ང་ཚོ་རྒྱ་གར་ལ་སླེབས་ཏེ་ད་ཕན་འདས་པའི་ལོ་སོ་གྲངས་ཤིག་རིང་Khadi Commission གྱིས་རས་ཆ་འཐག་སྟངས་དང༌། དེས་བཟོས་པའི་གདན་ལ་སོགས་པ་དེ་དག་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱས་ཏེ་ཧ་ཅང་ཡར་རྒྱས་བཏང་ཚར་ཡོད་རེད།

སྔོན་མ་ང་ཚོ་དྲུག་ཅུ་རེ་གྲངས་ལ་གདན་འཐག་པའི་སྐབས་ཀྱི་Khadi Commission གྱི་ལས་ཀ་བྱེད་སྟངས་དང༌། དེང་སང་Khadi Commission གྱི་ལས་ཀ་བྱེད་སྟངས་གཉིས་པོ་དེ་རྦད་དེ་ཁྱད་པར་ཕྱིན་ཚར་ཡོད་རེད། ཡིན་ནའང་ང་ཚོ་དྲུག་ཅུ་རེ་གྲངས་སྐབས་ཀྱི་གདན་འཐག་སྟངས་དང་ད་ལྟའི་གདན་འཐག་སྟངས་གཉིས་དབར་འགོར་ལོད་ཡིན་ནའང་རེད། མདུད་པ་རྒྱག་སྟངས་ཡིན་ནའང་རེད། ཡག་ལོད་ཡིན་ནའང་རེད། རི་མོ་ལ་སོགས་པ་དེ་དག་གཅིག་པ་རང་བྱས་ཏེ་ཚན་རིག་དང་མཐུན་པའི་ཉམས་ཞིབ་དང་ཡར་རྒྱས་བཏང་མ་ཐུབ་པའི་གནས་སྟངས་ཤིག་ངེས་པར་དུ་ཆགས་ཡོད་རེད། ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་གྱི་ལེའུའི་ནང་བོད་མིའི་གཞིས་ཆགས་ཁག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ། ཁོ་ཚོའི་བཟོ་ཞིང་འབྲོག་གསུམ་གྱི་ལས་དོན་གང་ཡིན་རུང༌། དེང་རབས་ཅན་དུ་བསྒྱུར་རྒྱུ་དང༌། དེ་ལ་བརྟེན་ནས་ང་ཚོ་དཔལ་འབྱོར་གྱི་རང་འཚོ་སྲ་ཐག་སྲ་ཐག་གཞིས་ཆགས་ཁོ་རང་ནང་ཚུགས་ཐུབ་རྒྱུ། གཞིས་ཆགས་ནང་གི་སློབ་སྦྱོང་ཐོན་པ་དང་མ་ཐོན་པའི་མི་གང་འདྲ་ཞིག་ཡིན་རུང༌། ཁ་ཐོར་དུ་མ་འགྲོ་བར་གཞིས་ཆགས་ནང་བསྡད་ཐུབ་རྒྱུའི་འབད་རྩོལ་བྱེད་དགོས་ཀྱི་རེད་ཅེས་གསལ་ཡོད། ཡིན་ནའང་ད་ལྟ་ཕན་ཆད་ལ་སྤྱི་འཐུས་ལྷན་ཚོགས་ནས་དེ་ལག་ལེན་བསྟར་ཆེད་ལས་དོན་གང་ཡང་བྱས་ཐུབ་ཡོད་མ་རེད། འཛིན་སྐྱོང་ངོས་ནས་ཀྱང་བྱས་ཐུབ་ཡོད་མ་རེད། ཡིན་ནའང་དེ་དག་ཆ་ཚང་དམིགས་ཡུལ་དུ་བཞག་སྟེ་སྐབས་བཅིུག་པའི་སྤྱི་འཐུས་ལོ་ལྔ་མ་རྫོགས་སྔོན་ལ་ལས་དོན་དེ་དག་འགོ་འཛུགས་ཤིག་བྱེད་ཐུབ་ན་བསམས་པའི་རེ་བ་བྱེད་ཀྱི་ཡོད། བྱེད་ཐུབ་ཀྱི་ཡོད་མེད་ད་ལྟ་ངས་ཧ་གོ་གི་མི་འདུག

དྲི་བ། འཆར་འགོད་ཀྱི་བུ་ལོན་གཏོང་སྟངས་དེ་ལ་སྒྲིག་གཞི་ཞིག་ཡོད་དམ།

བོད་གཞུང་གི་འཆར་གཞིའི་ནང་གཞིས་ཆགས་ཁག་གི་བཟོ་ལས་ཆུང་ཁག་རྣམས་ཡར་རྒྱས་གཏོང་འཆར་ཡོད་དམ། བོད་ནང་དགོན་པ་གསར་རྒྱག་བྱེད་མཁན་དེ་དག་ལ་བོད་གཞུང་ནས་སྲིད་བྱུས་ལམ་སྟོན་གཏན་འབེབས་བྱས་པ་དེ་འདྲ་ཡོད་དམ།

ལན། ད་ལྟ་དགོངས་འཆར་གནང་བ་དེ་དག་ཧ་ཅང་ཡག་པོ་འདུག ད་ལྟ་ངས་སྔོན་དུ་ཞུས་པ་བཞིན་ཕྱག་དངུལ་ལེན་སྟངས་དང༌། བུ་ལོན་གྱི་གཏོང་སྟངས་ཀྱི་སྒྲིག་གཞི་ཐོག་མར་གང་འདྲ་བཟོས་པ་དང༌། བར་ལམ་གང་འདྲ་འགྱུར་བ་བཏང་བ་དེ་དག་ཆ་ཚང་གཅིག་དང་གཉིས་ཤེས་ཀྱི་ཡོད་མ་རེད་དེ། ད་ལྟ་འདིར་དགོངས་འཆར་གནང་བ་བཞིན་རྒྱུན་ལས་ནང་བཀའ་མོལ་ཞུས་ཏེ་དེ་དག་ཞིབ་འཇུག་བྱས་ཏེ་ཕན་ཐོགས་ཆེ་བ་ག་རེ་བཟོ་རྒྱུ་འདུག་དེ་དག་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། གཞིས་ཆགས་ཁག་གི་ནང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་དགོས་རྒྱུ་དང༌། ལྷག་པར་བཟོ་ལས་ཆུང་ཁག་དེ་དག་གལ་ཆེན་པོ་བརྩི་དགོས་པ་དེ་གཞི་རིམ་གྱི་ལྟ་བའི་ཆ་ནས་དངོས་གནས་རང་རེད། ང་ཚོས་ཐོག་མར་བཅའ་ཁྲིམས་གཏན་འབེབས་བྱེད་སྐབས་ནས་དེ་དག་བསམ་བློ་འཁོར་བ་དེ་འདྲ་རེད། དེ་རྗེས་གཞིས་ཆགས་ཁ་ཤས་ཟུར་བཏོན་བྱས་ཏེ་དཔེ་མཚོན་བཟོ་རྒྱུའི་ལས་དོན་ལག་ལེན་འཁེལ་བ་བྱུང་ན་བསམས་པའི་བསམ་ཚུལ་བྱུང་སོང་སྟེ། ཕྱོགས་གཅིག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ལས་དེ་ཁྲིམས་བཟོའི་ལས་དོན་ཙམ་མ་གཏོགས། འཛིན་སྐྱོང་གི་ལས་དོན་ནང་ཐད་ཀར་ཐེ་གཏོགས་བྱེད་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། ཡིན་ནའང་ཁྲིམས་བཟོའི་ལས་དོན་ཐོག་ནས་འཛིན་སྐྱོང་དེ་དེའི་འོག་ལ་ཤུགས་མ་ཐུབ་ཀྱི་འགྲོ་དགོས་པའི་གནས་སྟངས་བརྒྱུད་གཞིས་ཆགས་ཁག་གི་སྒྲིག་གཞི་སོགས་བཟོ་རྒྱུས་མཚོན་པའི་གནས་ཚུལ་ཞིག་དགོས་ཀྱི་ཡོད་རེད་དེ། དེ་ཡང་ད་ལྟ་ཕན་ཆད་ལ་ཚང་མ་ལག་ལེན་འཁེལ་བ་ཞིག་བྱུང་ཡོད་མ་རེད།

ང་ཚོས་རེ་བ་ཆེན་པོ་བྱས་པ་ཞིག་ལ། ས་གནས་གྲོས་ཚོགས་དེ་སྲ་ཐག་ཐག་ཅིག་ཆགས་པ་ཡིན་ན། ས་གནས་གྲོས་ཚོགས་ངོས་ནས་ས་གནས་ཀྱི་འཛིན་སྐྱོང་དེ་དོ་དམ་པོ་ཞིག་བཟོ་ཐུབ་པ་ཞིག་དང༌། ལས་དོན་གང་ཡིན་ཡང་ལག་ལེན་བཀལ་ཐུབ་པ་བཟོ་རྒྱུ་དང༌། དེའི་བརྒྱུད་ནས་འཛིན་སྐྱོང་གིས་ག་རེ་བྱེད་དགོས་པ་དེ་གསལ་པོ་ཞིག་ཆགས་ཐུབ་པ་བྱུང་ན་བསམས་པའི་ཐོག་མའི་བསམ་ཚུལ་དེ་འདྲ་ཞིག་རེད་དེ། ཡིན་ནའང་ད་ལྟ་ཕན་ཆད་ལ་ས་གནས་གང་ལའང་ས་གནས་གྲོས་ཚོགས་སྲ་ཐག་ཐག་ཆགས་ཐུབ་པ་ཞིག་དང༌། དེས་ས་གནས་ཀྱི་ལས་དོན་ཚང་མ་ཁ་ལོ་སྒྱུར་ཐུབ་རྒྱུ་ཞིག་གཅིག་བྱས་ན་ད་ལྟ་ལོ་ཁ་ཤས་རིང་ཡོང་རྒྱུ་ཁག་པོ་མིན་འགྲོ་བསམས་པའི་ད་ལྟའི་གནས་སྟངས་འདི་འདྲ་ཞིག་མཐོང་གི་འདུག དེ་དངོས་ཡོད་ཀྱི་གནས་ཚུལ་གཅིག་རེད།

བོད་ལ་དགོན་སྡེ་གསར་རྒྱག་བྱེད་མཁན་དེ་དག་ཐོག་རྩ་བའི་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དང༌། བོད་གཞུང་གི་སྲིད་བྱུས་ནང་ག་རེ་ཡོད་རེད་ཅེ་ན། སྤྱི་སྒེར་སུ་ཡིན་རུང་དགོན་པ་ལྷ་ཁང་གང་འདྲ་ཞིག་གསར་བཞེངས་བྱས་པ་ཡིན་ནའང༌། སྔོན་མ་གཏོར་སའི་ས་ཆ་དེ་རང་འཇགས་བཞག་ནས་ས་ཆ་གཞན་པ་ཞིག་ལ་གསར་བཞེངས་བྱེད་ན་ཡག་པོ་ཡོད་རེད་ཅེས་ྋསྐྱབས་མགོན་རིན་པོ་ཆེས་བཀའ་སློབ་སྔ་རྗེས་གནང་ཡོད་རེད། བོད་གཞུང་གིས་ཀྱང་དེ་རང་གསལ་བསྒྲགས་བྱས་ཡོད་རེད། ཡིན་ནའང་ང་ཚོ་བོད་མི་ཚོས་རྙིང་པ་དེ་རང་ལ་གསར་བཞེངས་བྱེད་རྒྱུའི་འདོད་པ་ཆེན་པོ་ཡོད་ཙང༌། ས་གནས་མང་པོ་ཞིག་ལ་རྒྱ་མིས་གཏོར་བཤིག་བཏང་བའི་དྲན་རྟེན་ཙམ་ཡང་མེད་པ་བྱས་ནས་སྔ་མ་གང་དུ་ཡོད་མེད་ཧ་མ་གོ་བ་གཙང་མ་བཟོས་ཏེ། དེ་ག་རང་གི་ཐོག་ཏུ་གསར་པ་བཞེངས་པ་མང་པོ་བྱུང་འདུག དེ་དག་གཞུང་གི་མཛད་བྱུས་དང༌། ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཡོད་པ་ཡིན་ནའང་བོད་ནང་གནས་ཚུལ་དེ་འདྲ་འབྱུང་བཞིན་པ་རེད།

དེ་མིན་ཚོགས་པ་དང་སྒེར་གྱིས་དགོན་པ་ཉམས་གསོ་བྱེད་མཁན་དེ་དག་རྒྱལ་སྤྱིའི་ཐོག་གཞུང་འབྲེལ་རང་གི་གསལ་བསྒྲགས་ཡོང་གི་ཡོད་དམ་ཞེས་བཀའ་འདྲི་གནང་བ་ཡིན་ན། དེ་སྒྲིག་འཛུགས་ལྡན་པ་ཞིག་གི་ཐོག་ནས་ཡོང་གི་ཡོད་མ་རེད། མི་མགོ་བདེ་བ་དེ་ཚོས་གཞུང་ལ་ཞུ་གི་ཡོད་རེད། དེའི་ཐོག་ནས་དྲིལ་བསྒྲགས་ལ་འགྲོ་གི་ཡོད་རེད། མང་པོ་ཞིག་གཞུང་གིས་ཀྱང་མཁྱེན་གྱི་ཡོད་མ་རེད། དེར་བརྟེན་དགོངས་འཆར་དེ་ཡག་པོ་འདུག མ་འོངས་པར་དེ་དག་སྒྲིག་འཛུགས་ལྡན་པའི་དྲིལ་བསྒྲགས་ཡག་པོ་ཞིག་འབྱུང་བའི་ཐབས་ཤེས་དང་འབད་རྩོལ་ང་ཚོས་བྱེད་དགོས་ཀྱི་འདུག

དྲི་བ། སྤྱི་འཐུས་རྣམས་འཚམས་འདྲི་གཟིགས་སྐོར་དང༌། ལོ་རེར་ཐེངས་གཉིས་ཚོགས་འདུ་ཚོགས་ཙམ་མ་གཏོགས། གཞན་གནང་བ་ཞིག་གང་ཡང་མི་ཚོར་བས་དེ་གང་འདྲ་ཡིན་ནམ།

ལན། སྤྱི་འཐུས་ཚོའི་ལོ་ལྔའི་རྣམ་ཐར་ད་ལྟ་ཁྱེད་རང་གིས་བགྲངས་པ་བཞིན་གཅིག་བྱས་ན་འདས་པའི་དུས་ཚོད་ལ་དེ་འདྲ་བྱུང་ཡོད་ཀྱི་རེད། ད་ལྟའང་དེ་འདྲ་མི་ཡོང་བའི་ངེས་པ་ཁྱོན་ནས་ཡོད་མ་རེད། ང་ཚོས་འཚམས་འདྲི་གཟིགས་སྐོར་གཅིག་གཉིས་ཙམ་ཕེབས། ཚོགས་འདུ་ཡར་ཚོགས་ཙམ་བྱས། མར་གྲོལ་ཙམ་བྱས་ཏེ་ལོ་ཕྱེད་དང་གཉིས་དེ་འདྲ་དེ་འདྲ་ཞིག་གི་ངང་ལ་བསྐྱལ་ཚར་བ་རེད། མི་མང་གིས་དེ་འདྲ་བྱས་ཏེ་ལྷོད་ཡངས་བཏང་ན་སྤྱི་འཐུས་ཚོ་དེ་ག་རང་ལ་འགྲོ་གི་རེད་དྲན་གྱི་འདུག མི་མང་གིས་སྲང་ཐག་འདྲ་པོ་དེ་ཟིན་ནས་སྤྱི་འཐུས་ཚོའི་ལས་དོན་ཐོག་ཞུ་དག་བཏང་བ་ཡིན་ན། སྤྱི་འཐུས་དེ་དག་མི་མང་ལ་འགན་འཁྱེར་དགོས་པ་དང༌། རྩིས་རྒྱག་དགོས་པ་ཡིན་ཙང་ངེས་པར་དུ་དྲག་ཏུ་འགྲོ་གི་རེད་བསམ་གྱི་འདུག རྩ་བའི་སྐབས་བཅུ་པ་ཕན་ཆད་ཀྱི་སྤྱི་འཐུས་ཀྱི་གནས་སྟངས་དང༌། སྐབས་བཅིུས་པའི་སྤྱི་འཐུས་ཀྱི་གནས་སྟངས་གཉིས་ལ་ཁྱད་པར་རྩ་བ་ནས་ཕྱིན་ཡོད་མ་རེད་དམ་ཞེ་ན། དེ་འདྲའང་མ་རེད། ཁྱད་པར་ཕྲ་ལ་ཕྲན་བུ་ཕྱིན་ཡོད་རེད། གྲོས་ཚོགས་ཀྱི་སྒྲིག་འཛུགས་ཆ་ཚང་ཡིག་ཐོག་ཏུ་འཁོད་ཡོད་ཙང༌། གྲོས་ཚོགས་སུ་བཀའ་མོལ་གང་འདྲ་ཞིག་གནང་བ་ཡིན་ནའང༌། འགན་འཁྱེར་མ་དགོས་པར་ཐུགས་སྣང་གང་དྲན་འགྲོ་ས་མེད་པ་ཞིག་དང༌། གྲོས་ཚོགས་ནང་སླེབས་པའི་བཀའ་མོལ་དེ་དག་སྔ་ཕྱི་མ་གཏོགས་མཐའ་དཔྱད་དགོས་པ་དང༌། དེའི་འབྲས་བུ་སྨིན་གྱི་འདུག་མི་འདུག་བལྟ་དགོས་པའི་གནས་སྟངས་ཤིག་སླེབས་ཀྱི་ཡོད་རེད། མི་མང་གི་བདེ་སྡུག་སྐོར་ལ་བཀའ་མོལ་ཞིག་གནང་བ་ཡིན་ནའང༌། འཛིན་སྐྱོང་ངོས་ནས་གལ་ཆེན་པོས་དེའི་ཐོག་དོ་སྣང་བྱེད་དགོས་རྒྱུ་དང༌། གྲོས་ཚོགས་གཅིག་གི་ནང་བཀའ་མོལ་གནང་བ་དེ་གྲོས་ཚོགས་རྗེས་མའི་ནང་བསྒྲུབས་མེད་པ་ཡིན་ན། འཛིན་སྐྱོང་ཐོག་ལ་དོ་དམ་པོས་དྲི་བ་བཀར་རྒྱུ་ལ་སོགས་པ་དེ་འདྲའི་གནས་ཚུལ་གྱིས་སྒྲིག་འཛུགས་དེ་ག་ལེ་ག་ལེར་ཕྲན་བུ་ཡག་ཏུ་འགྲོ་བའི་གནས་སྟངས་ཤིག་ཡོང་གི་ཡོད་རེད།

སྔར་དང་མི་འདྲ་བར་སྤྱི་འཐུས་རྣམ་པ་དེ་དག་ཚོགས་འདུ་དུས་གཉིས་ཀྱི་སྐབས་ལ་མ་གཏོགས། དྷ་སར་བཞུགས་མི་དགོས་པར་སོ་སོའི་ས་གནས་སུ་བཞུགས་ཏེ་མི་མང་དང་འབྲེལ་གཏུག་གནང་རྒྱུ་ལ་སོགས་པ་དེའི་དབང་གིས་མི་མང་གི་གནས་ཚུལ་མཁྱེན་རྒྱུར་སྟབས་བདེ་རུ་དང་ལས་སླ་རུ་ཕྱིན་ཡོད་རེད། ཡིན་ནའང་དེའི་དབང་གིས་མི་མང་གི་བསམ་ཚུལ་དེ་དངོས་གནས་ཡང་དག་པ་ཞིག་གྲོས་ཚོགས་ནང་ཏག་ཏག་སླེབས་ཐུབ་པ་ལ་ཕན་རླབས་ཆེན་པོ་བྱུང་ཡོད་དམ་ཞེ་ན། ང་ཚོའི་རེ་འདོད་ལྟར་གྱི་ཕན་རླབས་ཆེན་པོ་ཞིག་ད་ལྟ་ཕན་ཆད་ལ་བྱུང་ཡོད་མ་རེད། དེ་མ་བྱུང་བའི་རྒྱུ་མཚན་དེ་གང་ལ་ཐུག་གི་ཡོད་ཅེ་ན། སྤྱི་འཐུས་རྣམ་པ་ཚོས་མི་མང་གི་བསམ་ཚུལ་དེ་མ་མཁྱེན་པའི་རྒྱུ་མཚན་གྱིས་གྲོས་ཚོགས་སུ་སླེབས་མ་ཐུབ་པ་དེ་ཉུང་བ་ཞིག་དང༌། འགལ་རྐྱེན་གཞན་ཞིག་དབང་གིས་མི་མང་གི་བསམ་ཚུལ་ཡར་སླེབས་རྒྱུ་བཀག་པ་ཞིག་ཏུ་ང་རང་སྒེར་གྱིས་མཐོང་གི་ཡོད། གནས་སྟངས་གང་འདྲ་ཞིག་གི་ཐོག་ནས་ཆགས་ཀྱི་ཡོད་རུང༌། སྤྱི་འཐུས་རྣམ་པ་དེ་དག་གྲོས་ཚོགས་ནང་བཀའ་མོལ་གནང་སྐབས་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་སོ་སོའི་བསམ་བློ་བཞིན་བེད་སྤྱོད་བཏང་མ་ཐུབ་པའི་དཀའ་ངལ་ཞིག་ཡང་ཡང་འཕྲད་ཡོང་གི་ཡོད་རེད།

དེ་རྣམས་སྒྲིག་འཛུགས་འདྲ་པོ་ཞིག་གི་འོག་ལ་ཕྱིན་ནས་རྒྱབ་ལོགས་ནས་བཀས་བཀོད་གང་འདྲ་ཞིག་བཏང་ཡོད་པ་དེ་དང་གཅིག་མཚུངས་ཤིག་མ་གཏོགས། དཔེར་ན། གཟིགས་བཞུགས་པ་ཡིན་ན། སྤྱི་འཐུས་འདིས་འདི་གསུང་གི་རེད། སྤྱི་འཐུས་དེས་འདི་གསུང་གི་རེད་སྙམ་པའི་ཟུར་ཉན་དེ་ཚོས་ཀྱང་ཚོད་ཐེབས་ཐུབ་པའི་བཀའ་མོལ་གནང་དགོས་རྒྱུའི་རྒྱུ་མཚན་ཞིག་དང༌། སུ་གང་གིས་དབང་སྒྱུར་མ་བྱས་པ་དང༌། ཤུགས་གནོན་མ་སླེབས་པར་སོ་སོའི་བསམ་ཚུལ་གཙང་མ་ཡང་དག་པ་དེ་ག་དུས་ཡིན་ནའང་གསུང་ཐུབ་པ་ཞིག་ཆགས་ཀྱི་ཡོད་དམ་ཞེ་ན། དེ་གསུང་ཐུབ་པ་ཞིག་ཆགས་ཁག་པོ་ཡིན་པ་དེ་ང་ཚོའི་ཉམས་མྱོང་ཡང་ཡང་དེ་འདྲ་ཞིག་ཡོང་གི་ཡོད་རེད།

དེ་འདྲ་ཡིན་དུས་ང་ཚོས་ག་དུས་ཡིན་ནའང་མང་ཚོགས་ལ་རེ་འདུན་ཞུ་རྒྱུ་ལ། སྤྱི་འཐུས་འོས་འདེམས་བྱེད་སྐབས་སྒྲིག་འཛུགས་དང་གང་ཟག་ཁ་ཤས་ཤིག་གི་དབང་སྒྱུར་འོག་མེད་པའི་རང་གི་རང་དབང་ཅན་གྱི་རྣམ་དཔྱོད་དེ་ག་དུས་ཡིན་རུང་བེད་སྤྱོད་གཏོང་ཐུབ་མཁན་དང༌། བེད་སྤྱོད་གཏོང་ཐུབ་པའི་བློ་ཁོག་ཡོད་མཁན། དེ་བེད་སྤྱོད་བཏང་བ་ལ་བརྟེན་ནས་སྤྱི་ཚོགས་ནང་དཀའ་ངལ་བྱུང་བ་ཡིན་ནའང་དེ་ལ་གདོང་ལེན་བྱེད་བསམས་པའི་བློས་བཏང་ཡོད་མཁན་དེ་འདྲ་བྱུང་བ་ཡིན་ན། དྲང་པོ་དྲང་ཤག་དང༌། ཕྱི་གསལ་ནང་གསལ་ཆེ་བ་ཞིག་ཡོང་གི་མིན་འགྲོ་བསམ་གྱི་འདུག

ལྟ་བ་ཡོད་པའི་སྲིད་དོན་ཚོགས་པ་ཞིག་ཡོད་པ་ཡིན་ན། སྲིད་དོན་གྱི་ཚོགས་པ་དེའི་ལྟ་བ་གཞི་བཟུང་ཐོག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡོང་གི་རེད། དེ་མིན་དེང་སང་བཤད་པའི་རྟ་ལྕག་གཏོང་དགོས་རེད་ཟེར་བ་དེ་འདྲ་ཡིན་ན་ནི་གནས་ཚུལ་ལོགས་ཀ་རེད། ང་ཚོ་ལ་དེང་སང་Unwritten whip ཞིག་ཡོད་རེད། གནས་ཚུལ་གསལ་པོ་མེད་པའི་རྟ་ལྕག་སླེབས་ཡོང་རྒྱུ་ཞིག་ཡོད་རེད། གནས་ཚུལ་གསལ་པོ་མེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ལྟ་བའི་གཞི་རྩར་བརྟེན་པ་མ་ཡིན་པའི་དངོས་གསལ་མི་དོད་པའི་whip དེ་མེད་པ་ཞིག་གལ་ཏེ་བཟོ་མ་ཐུབ་པ་ཡིན་ན། སྤྱི་འཐུས་སྐབས་བཅིུག་པ་དང༌། བཅིུས་པ། བཅུ་གསུམ་པ་ཐམས་ཅད་སྒྲིག་ཆས་(Uniform) འདྲ་པོ་གཅིག་མཚུངས་བྱས་ཏེ། ཁྱེད་རང་ཚོས་རྣམ་ཐར་ད་ལྟ་བྲིས་པ་བཞིན་ལོ་དང་པོ་གཉིས་པ་ཞེས་དེ་འདྲ་འབྲི་གི་ཡིན་ན། འབྲི་ཆོག་ཆོག་ཅིག་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་རེད།

ཡིན་ནའང་ད་ལྟ་སྐབས་བཅིུག་སྐབས་འགྱུར་བ་གཅིག་ག་རེ་ཕྱིན་ཡོད་རེད་ཅེ་ན། སྤྱི་འཐུས་ཚར་ནས་གཞུང་ཞབས་ལ་འགྲོ་རྒྱུ་དེ་ཡོད་མ་རེད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཐོག་ནས་གཞུང་ཞབས་དེ་གཞི་རིམ་གྱི་གནས་ཚུལ་ལོགས་ཀ་ཞིག་གི་ཐོག་ནས་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ཞབས་གཡར་དང་ཆོད་དོན་ཐོག་ནས་ལོ་རེ་གཉིས་ལས་ཀ་བྱེད་རྒྱུའི་གནས་ཚུལ་དེ་སྒོ་བཀག་ཐུབ་ཀྱི་མ་རེད་མ་གཏོགས། གཞན་སྤྱི་འཐུས་ཚར་འགྲོ་དུས་གཏན་འཇགས་ཀྱི་གཞུང་ཞབས་ནང་ཚུད་ཐུབ་པའི་རེ་བ་དེ་མེད་པ་ཆགས་ཚར་བ་རེད། དེར་བརྟེན་སྤྱི་འཐུས་རྣམ་པ་ཚོས་བཀའ་ཤག་ལ་ངོ་སྲུང་དང་སྤྲེལ་ལད་ཞུས་ཏེ་དགོས་པ་འདྲ་པོ་སྒྲུབ་མི་ནུས་པ་ཆགས་ཚར་དུས་ཏོག་ཙམ་ཉུང་དུ་འགྲོ་བའི་རེ་བ་ཡོད་རེད་བསམ་གྱི་འདུག སྤྱིར་བཏང་ནས་གང་ཟག་བྱེ་བྲག་པ་སོ་སོའི་དྲང་བདེན་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ཡར་རྒྱས་མ་ཕྱིན་བར་མང་པོ་བྱེད་རྒྱུ་གང་ཡང་མི་འདུག