ྋགོང་ས་མཆོག་གི་གསུང་འཕྲིན་ཐོག་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ལ་བགྲོ་གླེང་གནང་བར་གསལ་བཤད་དང་ལན་འདེབས།

སྤྱིར་བཏང་ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་གྱི་ཐོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་བགྲོ་གླེང་གི་མཇུག་དེར་བཀའ་ཤག་ངོས་ནས་ཀྱང་གསལ་བཤད་དང་ལན་འདེབས་ཞུ་དགོས་རྒྱུའི་འགྲོ་སྟངས་ཤིག་ཡོད་པ་རེད། ཡིན་ནའང་དེ་རིང་དེ་འདྲའི་གནས་ཚུལ་བཀའ་ཤག་ནས་གསལ་བཤད་དགོས་རྒྱུ་བགྲོ་གླེང་ནང་ལ་བྱུང་མ་སོང༌། གོ་སྐབས་ཞུས་པ་དེ་དོན་དག་གཉིས་གསུམ་ཞིག་གི་ཆེད་ཡིན། ཐོག་མ་དེར་དེ་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་པར་གསུང་འཕྲིན་གནང་བ་དེ་ཧ་ཅང་གིས་དགའ་པོ་བྱུང་ལ། བསམ་བློའི་ནང་དུ་ཡོད་པའི་དྭོགས་པ་རྣམ་རྟོག་ནི། ཕྱི་ལོ་ ༢༠༠༧ ལོར་གྲོས་ཚོགས་ཚོགས་དུས་གཉིས་ཀར་ྋསྐྱབས་མགོན་རིན་པོ་ཆེ་ྋཞབས་སོར་འཁོད་ཡོད་པ་མ་རེད། གསུང་འཕྲིན་ཡང་གནང་ཡོད་པ་མ་རེད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ན། ལོ་གཅིག་གི་ཚོགས་དུས་གཉིས་གང་རུང་ཞིག་ལ་ྋསྐྱབས་མགོན་རིན་པོ་ཆེ་ྋཞབས་སོར་འཁོད་དགོས་རྒྱུ་དང༌། ཞབས་སོར་མ་འཁོད་པ་ཡིན་ན། གསུང་འཕྲིན་ཞུ་དགོས་རྒྱུ་ཞེས་འཁོད་ཡོད་པ་རེད། དེ་ཡིན་དུས་ལོ་གཅིག་གི་ཚོགས་ཐེངས་གཉིས་ལ་ྋགོང་ས་ཆེན་པོ་ཚོགས་ཕེབས་དང༌། གསུང་འཕྲིན་མེད་པ་དེ་གང་འདྲ་ཞིག་ཆགས་པ་ཡིན་ནམ་བསམས། ད་ལན་ཡང་གྲོས་ཚོགས་ཚོགས་ཐེངས་དང་པོ་གཉིས་པ་ལ་ཡང་མ་ཕེབས་སྐབས་སེམས་འཚབ་ཆེ་རུ་ཕྱིན་ནས་བརྩད་གཅོད་བྱེད་དགོས་པའི་གནས་སྟངས་ཀྱང་བྱུང་སོང༌། ཡིན་ན་ཡང་དེའི་སྐབས་སུ་ྋགོང་ས་ཆེན་པོས་གསུང་འཕྲིན་གནང་གྲུབ་པའི་གནས་སྟངས་ཤིག་ཆགས་འདུག དེ་འདྲ་ཡིན་ཙང་ངེས་པར་གྲོས་ཚོགས་རང་གི་ངོས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་ཕེབས་དང༌། གསུང་འཕྲིན་གང་ཡིན་པ་ཡིན་ནའང་དེའི་སྐོར་ལ་སྙན་གསན་དང་ཞབས་སྐུལ་ནན་པོ་བྱས་ནས་ཡང་ཡང་ཞུ་དགོས་རྒྱུ་དེ་གནང་ཡོད་ཀྱི་རེད། མ་འོངས་པར་གནང་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་གནད་དོན་གཅིག་དེ་ཞུ་འདོད་བྱུང༌། གང་ཡིན་ཟེར་ན། དེ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཞིག་ཀྱང་རེད་ལ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་མིན་པ་ཡིན་ནའང༌། གྲོས་ཚོགས་དང་ྋསྐྱབས་མགོན་རིན་པོ་ཆེའི་བར་ལ་ཐུགས་ཐག་ཉེ་པོས་འབྲེལ་ལམ་ཞིག་མུ་མཐུད་ནས་ཡོད་དགོས་རྒྱུ་དང༌། གྲོས་ཚོགས་ཚོགས་དུས་ཚང་མའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ཐོག་ལ་བགྲོ་གླེང་ཚོགས་ཀྱི་ཡོད། བགྲོ་གླེང་འདི་འདྲ་ཞིག་འགྲོ་ཡི་ཡོད་དགོངས་པའི་དགོངས་འཆར་ཞིག་ཡོང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཞིག་མཐོང་གི་ཡོད།
དོན་ཚན་གཉིས་པ་དེ་ང་ཚོའི་གྲོས་ཚོགས་འདི་སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་ཤིག་རེད། འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ལ་འགན་འཁྱེར་དགོས་རྒྱུ་དང༌། ལན་བརྒྱབ་དགོས་རྒྱུའི་གནས་ཚུལ་དེ་གསལ་པོ་བྱས་ནས་ཡོད་པ་རེད་ཀྱང༌། གྲོས་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་ལ་རྒྱབ་སྐྱོར་ག་རེ་གནང་དགོས་ཀྱི་ཡོད་པ་དེ་བཅའ་ཁྲིམས་ཀྱི་ཚིག་ཟིན་ནང་མ་གསལ་བ་སོང་ཙང༌། དེའི་སྙིང་དོན་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་མཚམས་རེ་དགོངས་པར་མངའ་རྒྱུར་སྐུ་ངལ་འཕྲད་ཀྱི་མེད་དམ་སྙམ་གྱི་འདུག སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་གཅིག་གི་ནང་དུ་གྲོས་ཚོགས་ཚོགས་མི་ཡོངས་རྫོགས་ཀྱིས་གཞུང་འཛིན་ཚོགས་པ་དང༌། ཕྱོགས་འགལ་ཚོགས་པ་གཉིས་ཀའི་འགན་དེ་བསྣམ་དགོས་ཀྱི་ཡོད་རེད། ཡིན་ན་ཡང་ང་ཚོའི་གྲོས་ཚོགས་ནང་དུ་ད་ཕན་ང་ཚོའི་འཛིན་སྐྱོང་གིས་ཉུང་མཐར་ང་རང་གི་ལོ་དྲུག་ལྷག་ཙམ་ཞིག་གི་འཛིན་སྐྱོང་གི་ལས་དོན་རིང་ལ་གྲོས་ཚོགས་ཡོངས་རྫོགས་ཀྱིས་ཕྱོགས་འགལ་ཚོགས་པའི་ཐུགས་འགན་དེ་ཤུགས་ཆེན་པོ་བཞེས་པ་མ་གཏོགས་དབང་འཛིན་ཚོགས་པའི་ཐུགས་འགན་དེ་ཧ་ལམ་བཞེས་མི་དགོས་པ་ལྟ་བུ་བྱུང་སོང༌། གལ་སྲིད་སྤྱི་འཐུས་རེ་ཟུང་གིས་ཡིན་པར་ཡིན་པ་དང༌། མིན་པར་མིན་པ་བཀའ་མོལ་གནང་རྒྱུར་ཐུགས་འདོད་བྱུང་བ་ཡིན་ནའང་གསུང་མ་ནུས་པའི་ཁོར་ཡུག་ཅིག་བསྐྲུན་ནས། དེ་འདྲ་ཞིག་གསུངས་པ་ཡིན་ན་སྤྲེལ་ལད་འཁྲབ་མཁན་ཞིག་དང༌། བཀའ་བློན་ལ་རེ་བ་བརྒྱབ་པའི་ཚད་གཞི་སྟོན་ནས་བཤད་དུས། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་འཁྱེར་སྟངས་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་ངལ་འཕྲད་རྒྱུ་རེད། ཡིན་པ་ལ་ཡང་མ་རེད་ཅེས་གསུངས་པ་དང༌། མ་ཡིན་པ་ལ་ཡིན་པ་གསུང་གི་ཡོད་པ་གཞི་བཞག་གི་གནས་སྟངས་དེ་འདྲ་ཞིག་འདུག དེའི་ཐོག་ལ་ངེས་པར་དུ་སྤྱི་འཐུས་རྣམ་པ་ཚོའི་གཞི་རིམ་གྱི་དགོངས་པ་བཞེས་ཕྱོགས་དང༌། ལས་རིམ་དང་ལམ་སྲོལ་ཐོག་ལ་ཡིན་ནའང༌། སྲིད་དོན་གྱི་ཚོགས་པ་མེད་པའི་གྲོས་ཚོགས་ཤིག་གི་ནང་ལ་འཛིན་སྐྱོང་གི་འགོ་ཁྲིད་དེ་ཡང་གྲོས་ཚོགས་དང་གཅིག་གྱུར་གྱིས་མང་ཚོགས་ཀྱིས་བདམས་པའི་མི་ཞིག་ཡིན་པ་གཉིས་ཀར་ངོས་ལེན་གནང་ཐོག་གྲོས་ཚོགས་དང་འཛིན་སྐྱོང་བར་གྱི་འབྲེལ་བ་ཞིག་བཞག་གནང་དགོས་རྒྱུ་ཐུགས་གལ་ཆེན་པོ་ཆགས་ཀྱི་འདུག གྲོས་ཚོགས་ཀྱི་ངོས་ནས་འཛིན་སྐྱོང་དང་མཉམ་དུ་གདོང་ཐུག་ཁ་གཏད་བྱེད་རྒྱུའི་འཁུར་དེ་བསྐྱོན་གནང་བ་ཡིན་ན། འཛིན་སྐྱོང་དེ་གོམ་པ་གཉིས་པ་རྒྱག་མཁན་ཞིག་ཡིན་ཙང་ཁོར་ཡུག་དེའི་ནང་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་གདོང་ཐུག་གི་གོམ་པ་མ་བརྒྱབ་རང་བརྒྱབ་རེད། གྲོས་ཚོགས་ཀྱི་ངོས་ནས་མཉམ་རུབ་ཀྱིས་ཕྱག་ལས་གནང་རྒྱུའི་ཁུར་ཞིག་འཁྱེར་གནང་བ་ཡིན་ན། འཛིན་སྐྱོང་ངོས་ནས་ག་དུས་ཡིན་ནའང་མཉམ་རུབ་བྱ་རྒྱུ་དང༌། ཕྱོགས་གཉིས་ཀར་གྲོས་བསྡུར་བྱ་རྒྱུའི་འདོད་པ་ཡོད་པ་སྔོན་མ་ནས་ཡོད་ལ། ད་ལྟ་ཡང་ཡོད་པས་དེ་ལ་འགྱུར་བ་གཏོང་རྒྱུ་མེད། དེ་འདྲ་ཡིན་ཙང་གྲོས་ཚོགས་དང༌། འཛིན་སྐྱོང་གཉིས་པོ་གདོང་ཐུག་གི་ཁོར་ཡུག་ཅིག་གི་ནང་ལ་གཞག་རྒྱུ་རེད་དམ་མཉམ་རུབ་ཀྱི་ཁོར་ཡུག་གཅིག་གི་ནང་ལ་གཞག་གི་རེད། དེ་ཐག་གཅོད་ཀྱི་ནུས་པ་ཆ་ཚང་གྲོས་ཚོགས་ལ་ཡོད་པ་ཞིག་མ་གཏོགས་འཛིན་སྐྱོང་ལ་ཡོད་པ་ཞིག་མ་རེད་ཅེས་གསུང་འཕྲིན་རིན་པོ་ཆེ་དང་འབྲེལ་བའི་ཐོག་ནས་གསལ་པོ་བྱས་ཏེ་ཞུ་འདོད་བྱུང་སོང༌།
གྲོས་ཚོགས་ནང་ལ་འགན་འཁུར་མེད་པའི་བཀའ་མོལ་གསུང་རྒྱུའི་གོ་སྐབས་ཞེ་དྲགས་ཡངས་པོ་ཡོད་པ་དེ་དཀའ་ལས་ཞེ་དྲགས་རེད་བསམ་གྱི་འདུག གྲོས་ཚོགས་ཀྱི་ནང་ལ་གསུངས་པའི་བཀའ་མོལ་དེ་དག་ཁུངས་སྐྱེལ་མི་དགོས་པར་གསུངས་བཞག་པ་རྐྱང་རྐྱང་གིས་འགྲིགས་འགྲོ་བ་ཞིག་འདུག དེ་ལ་འཛིན་སྐྱོང་གིས་ལན་ཞུས་པ་ཡིན་ནའང་བེད་སྤྱོད་མེད་པ་ཞིག་དང༌། འཛིན་སྐྱོང་གིས་ལན་མ་ཞུས་པ་ཡིན་ནའང་དེ་ཙམ་གྱིས་འཐུས་འགྲོ་བའི་གནས་ཚུལ་ཆུང་ཆུང་ཡིན་ནའང་འདྲ། གནས་ཚུལ་གང་འདྲ་ཞིག་ཡིན་ནའང་ཁུངས་སྐྱེལ་ར་སྤྲོད་གནང་རོགས་གནང་ཞེས་ཞུས་པ་ཡིན་ནའང༌། ཁུངས་སྐྱེལ་ར་སྤྲོད་མ་གནང་བར་བཞག་པ་གང་ཞིག་ལ། གྲོས་ཚོགས་ཀྱི་དེབ་ཐེར་ནང་ལ་ཐུགས་འགན་འཁྱེར་མི་དགོས་པའི་བཀའ་མོལ་དེ་བསྡད་རྒྱུའི་གནས་སྟངས་ཤིག་གྲོས་ཚོགས་ནང་ལ་ཡོད་མུས་རེད། གང་དུ་འདུག་ཅེས་བཀའ་འདྲི་གནང་བ་ཡིན་ན། ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་རིམ་པ་བཞིན་དུ་མར་བསྔོགས་ནས་འདིར་འདི་འདྲ་ཞིག་བཀའ་གནང་འདུག དེ་ཁྱེད་རང་གིས་ཁུངས་སྐྱེལ་གནང་མ་སོང་ཞེས་ང་ཚོར་ཞུ་རྒྱུ་མང་པོ་ཡོད། ད་ལྟ་འདིར་ཞུ་དགོས་རྒྱུའི་གནད་འགག་གང་ཡང་མི་འདུག ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་ཞུ་ཡི་ཡོད། དེ་དང་ཆབས་ཅིག་ཏུ་ཆོས་ལ་མ་རྟོན་པར་གང་ཟག་ལ་རྟོན་པ་ཞིག་གི་ལམ་སྲོལ་འདིའི་ནང་ལ་ཡོད་པ་རེད་ལ་ཡོང་གི་འདུག གང་ཟག་བྱེ་བྲག་པར་ཐུགས་མ་མཉེས་པ་དང༌། བཀའ་བློན་ཁྲི་པར་དགོངས་པ་འགལ་ཡོད་ན། འཛིན་སྐྱོང་གི་ལས་དོན་ཐོག་ལ་ག་དུས་ཡིན་ན་ཡང་སྐྱོན་འཚོལ་རྒྱུ་དང༌། སྐྱོན་མེད་པ་ཡིན་ན་ཡང་སྐྱོན་འཛུགས་བྱ་རྒྱུའི་གནས་ཚུལ་ཞིག་གི་ཐོག་ནས་ཕེབས་བཞིན་པའི་དགོངས་བཞེས་དང་ལེགས་བྱང་ལྟ་བུ་ཞིག་འདིའི་ནང་ལ་ཡོད་པ་གསལ་པོ་ཞིག་རེད། གང་ཟག་སྒེར་གྱི་མཐུན་དང་མ་མཐུན་ཟེར་བ་དེ་གྲོས་ཚོགས་ཀྱི་ཕྱི་ལོགས་ནས་ཐག་གཅོད་གནང་དགོས་རྒྱུའི་གནད་དོན་ཞིག་རེད། གྲོས་ཚོགས་ནང་ལ་ཐག་གཅོད་གནང་རྒྱུའི་གནད་དོན་དེ་དངོས་ཡོད་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་དོན་ཐོག་ནས་འགྲིགས་མིན་གང་ཡོད་ནའང་དེའི་ཐོག་ནས་བསྣམ་ཕེབས་རྒྱུ་ཞིག་མ་གཏོགས་གང་ཟག་ལ་ལྟོས་ནས་ལས་དོན་ལ་སྐྱོན་བརྗོད་བྱེད་པ་དེ་དྲང་པོ་ཡང་མ་རེད་ལ། མང་གཙོའི་ལེགས་བྱང་ནང་ལ་ཏག་ཏག་གནས་ཐུབ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་མི་འདུག་སྙམ།
དེ་ནས་མཐའ་མ་ཞུ་རྒྱུ་དེར་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཐུགས་དྲན་གསལ་པོ་གསོ་དགོས་རྒྱུ་ཞིག་ལ། གྲོས་ཚོགས་འདིས་སྤྱི་མོས་གྲོས་ཆོད་སྔ་རྗེས་གཉིས་ཀྱི་ཐོག་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་མ་འོངས་པའི་འདུན་ལམ་གྱི་ཆེད་སྲིད་བྱུས་གང་འདྲ་ཞིག་ཐག་གཅོད་གནང་བ་ཡིན་ནའང་དེ་ལ་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་དང༌། ཐག་གཅོད་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་གནང་བ་དང་གནས་ཚད་གཅིག་པ་བརྩི་ཡི་ཡིན་ཞེས་གསལ་པོ་རང་བཀོད་ནས་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་བཞག་པ་དང་ཕྱིར་འཐེན་བྱུང་མེད་ཅེས་ཐུགས་དྲན་གསལ་པོ་གསོས་ཐོག་འདིའི་ནང་ལ་བཀའ་གནང་གི་འདུག ཡིན་ནའང་དེ་དང་ཆབས་ཅིག་ཏུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གཏན་ལ་ཕབ་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ། བོད་གཞིས་བྱེས་མང་ཆེ་བའི་མངོན་འདོད་དང་མ་མཐུན་པ་ཡིན་པ་ལྟ་བུའི་དངོས་ཤུགས་བརྒྱུད་གསུམ་ནས་བསྒྲུབ་རྒྱུ་བསྟན་གནང་རྒྱུའི་ཐབས་ཤེས་ཤུགས་ཆེ་གནང་གི་འདུག གྲྭ་པ་ན་གཞོན་དང༌། བཙུན་མ་ན་གཞོན་ཕེབས་འགྲོ་མཁན་ཚོས་འབོད་སྐད་བསྒྲགས་ཀྱྀ་འདུག བོད་ནང་ལ་མི་དེ་ཚོས་ག་རེ་འབོད་སྐད་བསྒྲགས་ཀྱི་འདུག ཁོང་ཚོས་བསྒྲགས་པའི་འབོད་སྐད་དེ་ང་ཚོས་སྣང་མེད་དུ་འཇོག་ཐུབ་ཀྱི་མ་རེད་ཅེས་གསུང་གི་འདུག འོ་ན་ྋརྒྱལ་བ་རིན་པོ་ཆེས་སྣང་མེད་ལ་བཞག་པ་རེད་ཅེས་གསུང་གི་ཡོད་པ་རེད་དམ། དེ་གསུང་གི་ཡོད་ན་གྲོས་ཚོགས་ནང་ལ་གསུང་མ་ཆོག་པ་གང་ཡང་ཡོད་མ་རེད། བྱས་ཙང་བཀའ་མོལ་ཁས་བླངས་སྔ་ཕྱི་འགལ་ཡོད་པ་དང༌། རང་ཚིག་དངོས་ཤུགས་འགལ་ཡོད་པ་དེ་འདྲ་གསུངས་དུས། ང་ཚོ་འཛིན་སྐྱོང་གི་ནང་ལ་ཡང་གྲོས་ཚོགས་ཀྱིས་དངོས་གནས་དགོངས་ཚུལ་གང་ཡིན་པ་དང༌། གྲོས་ཚོགས་ཀྱི་མངོན་འདོད་གང་འདྲ་ཞིག་རེད། ང་ཚོས་གང་འདྲ་ཞིག་ལ་གྲོས་ཚོགས་ཀྱི་དགོངས་པ་ཡིན་པ་ཞིག་ཁས་ལེན་བྱེད་དགོས་མིན་མ་ཤེས་པ་ཆགས་འགྲོ་ཡི་འདུག་ལ། མགོ་རྨོངས་ཀྱི་འདུག དེ་འདྲ་ཡིན་དུས་གོང་དུ་ཞུས་པ་བཞིན། གྲོས་ཚོགས་ཀྱི་ནང་ལ་གསུངས་པའི་བཀའ་མོལ་དེ་དག་ཕྱོགས་གཅིག་གི་འཁོར་ལམ་མ་ཡིན་པ་བྱས་ནས་གང་དུ་ཡིན་ནའང་འགན་འཁྱེར་རྒྱུ་ཞིག་དང༌། གལ་སྲིད་བྱེད་སྟངས་ཤིག་གི་ཐོག་ནས་མང་ཚོགས་ཀྱི་མངོན་འདོད་དང་མ་མཐུན་པ་ཞིག་བྱུང་བ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་གཞིས་བྱེས་ཀྱི་མངོན་འདོད་དང་རྒྱབ་འགལ་འགྲོ་ཡི་འདུག་ཅེས་གསུང་དགོས་ཀྱི་ཡོད་པ་ཡིན་ན་གསལ་པོ་རང་བྱས་ནས་གསུངས་བཞག་པ་ཡིན་ན། དེ་མིན་ཕྱོགས་གཅིག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། ག་དུས་ཡིན་ནའང་དབུ་མའི་ལམ་བློ་ལ་ཡོད། གྲོས་ཆོད་ལ་འགལ་བ་མེད་གསུང་གིན་ཕྱོགས་གཞན་ཞིག་ནས་བཀའ་མོལ་འགན་ལྗིད་པོ་དེ་འདྲ། བོད་རང་བཙན་གྱི་ཆེད་དུ་ལུས་སྲོག་གཏོང་མཁན་གཞིས་བྱེས་བོད་མི་མང་པོ་དག་གིས་བློས་བཏང་བྱས་པ་དེ་ཆུད་ཟོས་སུ་ཕྱིན་པ་རེད་དམ་ཞེས་གསུངས་པ་དེ་ཚོ་བཀའ་མོལ་ཆུང་ཆུང་མ་རེད། བཀའ་མོལ་གཞི་ལྗིད་པོ་རེད། བོད་མི་མང་ཚོགས་ཀྱི་མངོན་འདོད་ལ་ང་ཚོས་སྣང་མེད་བྱེད་ཀྱི་ཡོད་པ་རེད་དམ། དེ་འདྲ་སོང་ཙང་གྲོས་ཚོགས་འདིས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་གཉིས་པོ་དེ་ཕྱིར་འཐེན་དང་འགྱུར་བ་མ་གཏང་གི་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གང་ཐག་གཅོད་གནང་བའི་ལམ་དེ་ལ་ དམའ་མཐར་ཡང་གྲོས་ཚོགས་ནང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་ཟ་མེད་པར་མཉམ་དུ་འགྲོ་ཡི་མེད་པ་ཡིན་ནའང་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་བསྟན་གནང་ཐུབ་པ་ཡིན་ན་ཡག་པོ་རེད་སྙམ། དེ་རྣམ་པ་བསྟན་གནང་རྒྱུར་སྐུ་ངལ་འཕྲད་གནང་གི་ཡོད་ན། སྤྱི་མོས་བཞག་པའི་གྲོས་ཆོད་དེ་དག་ངེས་པར་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཅིག་རེད། གྲོས་ཚོགས་ཀྱིས་ཕྱིར་བསྡུ་གནང་མི་ཆོག་པ་གང་ཡང་ཡོད་པ་མ་རེད། གྲོས་ཚོགས་ཀྱིས་ཕྱིར་བསྡུ་གནང་བ་ཡིན་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡང་དགོངས་པ་བཞེས་བདེ་བ་ཆགས་ཀྱི་རེད། ཡང་ངས་ཐག་བཅད་པ་དེ་གྲོས་ཚོགས་ཀྱིས་ཏག་ཏག་རྒྱབ་སྐྱོར་བྱེད་ཀྱི་མི་འདུག དེ་ཡིན་ཙང་ག་རེ་ཡིན་ནའང་ངའི་ངོས་ནས་བཏང་འཛིན་གང་གནང་དགོས་ཀྱི་ཡོད་དམ། འགན་དེ་གང་དུ་སྤུངས་དགོས་ཀྱི་ཡོད་དམ། གཅིག་བྱས་ན་མ་གཏོགས། འདི་འདྲ་བྱས་ནས་བསྡད་ན་འགྲིགས་ས་མ་རེད་དགོངས་ནས་དགོངས་པ་བཞེས་རྒྱུར་གཞི་རྩ་གསལ་པོ་ཆགས་འགྲོ་ཡི་རེད་སེམས། དེ་འདྲ་མ་ཡིན་པར་འབལ་ལེ་འབོལ་ལེ་བྱས་ནས་ང་རང་ཚོ་ཚང་མས་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ། ཟུར་ཟ་ཡོད་པའི་བཟོ་འདྲ་བྱས་ནས། བསྐོར་བ་ལྟ་བུ་སྐྱོན་བཞིན་བསྡད་པ་ཡིན་ན། དེས་ཐུགས་ཕན་གང་ཡང་གསོས་ཀྱི་མ་རེད་ཅེས་གསལ་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང༌། དེ་གསལ་པོ་བྱས་ནས་ཞུ་དགོས་པ་དེ་བཀའ་བློན་ཁྲི་པའི་ལས་འགན་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་འཛིན་སྐྱོང་གི་དབུ་ཁྲིད་རེད། བཙན་བྱོལ་བོད་གཞུང་བཀའ་ཤག་ཅེས་པ་དེ་འཛིན་སྐྱོང་གི་དབུ་ཁྲིད་ྋསྐྱབས་མགོན་རིན་པོ་ཆེའི་འོག་ྋརྒྱལ་བ་རིན་པོ་ཆེའི་འཛིན་སྐྱོང་གི་ཕྱག་ལས་དང་སྐུ་དབང་ཁྱབ་བསྒྱུར་གནང་རྒྱུའི་བརྒྱུད་ལམ་ཞིག་རེད་མ་གཏོགས། བཀའ་ཤག་རང་ཚུགས་ཀྱིས་འཛིན་སྐྱོང་གི་ངོ་བོ་གྲུབ་པ་ཞིག་གང་ཡང་མ་རེད། དེ་ཡིན་དུས་གནས་ཚུལ་འདི་ཚོ་གྲོས་ཚོགས་ནང་ལ་གསལ་པོ་བྱས་ནས་སྙན་གསན་ཞུ་རྒྱུ་བཀའ་བློན་ཁྲི་པའི་ལས་འགན་ཆགས་ཀྱི་ཡོད་པ་རེད། ངས་རེ་བ་བྱ་རྒྱུར་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད། དེ་ཡིན་དུས་གྲོས་ཚོགས་འདིའི་ནང་ལ་ཐག་གཅོད་ཐུབ་པ་ཡིན་ནའང་འདྲ། གྲོས་ཚོགས་ཚོགས་དུས་རྗེས་མའི་ནང་ལ་ཡིན་ནའང༌། བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྐུ་དབང་ཡར་ཕུལ་བའི་སྤྱི་མོས་གྲོས་ཆོད་གཉིས་པོ་དེ་ཚིག་དང་ནང་དོན་གཉིས་ཀར་ད་ལྟ་གནས་ཡོད་མིན། རང་འཇགས་གནས་མེད་ན་དེ་གནས་མེད་པ་དེ་གསལ་པོ་ག་དུས་བཟོས་པ་རེད། དེ་དག་ཡིན་གཅིག་མིན་གཉིས་མིན་གསལ་པོ་བཟོ་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་གྱི་ཡོད།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥