ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། ། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེའི་ཞལ་སྔ་ནས། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང༌། ལྷག་པར་དུ་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་མཚན་དཔེའི་ལང་ཚོ་གསར་དུ་བཞད་ནས་དགུང་གྲངས་བདུན་ཅུ་ཧྲིལ་པོ་འཁོར་བའི་འཁྲུངས་ཚེས་ཀྱི་དུས་ཆེན་ཁྱད་པར་ཅན་འདིའི་ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོར་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་འཚམས་ཞུའི་བཀྲིས་བདེ་ལེགས་དང༌། མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་གཅིག་པུར་ཞབས་ཟུང་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བསྐལ་བརྒྱར་འཚོ་ཞིང་གཞེས་ཏེ། རྣམ་དཀར་འཕྲིན་ལས་ཀྱི་མཛད་བཟང་རྒྱ་མཚོའི་རླབས་དང་ཉི་ཟླའི་འགྲོས་བཞིན་དུས་ལས་ཡོལ་བ་མེད་པར་ལྷུན་གྲུབ་རྒྱུན་མི་ཆད་དུ་སྐྱོང་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།

དེ་རིང་གི་ཉིན་མོ་འདི་ནི་གངས་ཅན་བོད་ཀྱི་སྐྱེ་འགྲོ་ཙམ་མ་ཟད། འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ཞི་བདེའི་དེད་དཔོན་གསར་པ་ཞིག་རྙེད་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་སྟབས། ངོ་མཚར་ཅན་གྱི་གོ་སྐབས་འདི་བཟུང་སྟེ་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བྱམས་བརྩེའི་མཛའ་སེམས་དང་བཅས་ཏེ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་རྒྱལ་དང་རྒྱལ་སྲས་གཞན་གྱི་གདུལ་ཞིང་དུ་མ་གྱུར་པའི་དམུ་རྒོད་གདུལ་དཀའ་གངས་ཅན་ཞིང་གི་སྐྱེ་འགྲོ་རྣམས་གདུལ་ཞིང་གི་ཕྱག་མཚན་དུ་བཞེས་ཏེ་མིའི་འགྲོ་བ་སྤེལ་བ་ནས་བཟུང་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་ཅིང༌། སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་དེ་ཆོས་ལྡན་གྱི་ཞིང་ཁྱད་པར་ཅན་དུ་བསྐྲུན་པར་མཛད་པའི་བར་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་མཐའ་ཀླས་པས་བསྐྱངས་པར་མཛད་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ནི་རྒྱལ་བ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དག་པའི་སྤྱོད་ཡུལ་འབའ་ཞིག་ལས། ཚུ་རོལ་མཐོང་བ་རྣམས་ཀྱི་སྤྱོད་ཡུལ་དུ་ག་ལ་ཞིག ལྷག་པར་འཇིག་རྟེན་ཀུན་ཏུ་སྙིགས་མའི་རྒུད་ཚོགས་ཆེས་ཆེར་བདོ་བའི་ཉེར་ལེན་ལས་གངས་ལྗོངས་བསྟན་སྲིད་སྐྱེ་འགྲོའི་རང་དབང་གི་བདེ་སྐྱིད་དང་བཅས་པར་ནག་ཕྱོགས་ཀླ་ཀློའི་དཔུང་གིས་རྣམ་པར་འཚེ་བའི་སྐབས་སུ་མགོན་པོ་གང་ཉིད་ཐུགས་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་བོད་འབངས་སྐྱེ་དགུའི་བདེ་ཐབས་སུ་རྒྱ་དམར་འགོ་ཁྲིད་རྣམས་དང་ཞི་མཐུན་འགྲིག་ཆགས་ཡོང་ཆེད་ཐབས་མཁས་འཕྲུལ་འཛངས་ཀྱི་མཛད་བྱུས་ཡོད་རྒུ་རྩལ་སྤྲུག་མཛད་རུང༌། མཐའ་མ་ྋགོང་ས་མཆོག་དང༌། བཀའ་ཡི་ཕྱིང་སང་རྣམ་པ། བོད་མི་སེར་སྐྱ་འབུམ་ལ་ཉེ་བ་འཕགས་པའི་ཡུལ་དུ་བཙན་བྱོལ་ཕེབས་དགོས་བྱུང་བའི་སྐབས་སུའང༌། བོད་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་བཙན་བྱོལ་གཞུང་རྒྱུན་བསྐྱངས་དང༌། བོད་རིགས་སྐྱབས་བཅོལ་བ་ཡོངས་ལ་གང་ལ་གང་འོས་ཀྱིས་མ་འོངས་བོད་ཀྱི་སོན་རྩར་གནས་ཐབས་སུ་ལམ་སྟོན་འགོ་འདོན་བླ་མེད་མཛད་པ་དང་ཆབས་ཅིག བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་བ་དང༌། བཙན་བྱོལ་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་སྲོལ་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་བ། སྐྱེ་འགྲོ་ཡོངས་ལ་བྱམས་པ་དང་སྙིང་རྗེའི་གཞི་རྩ་ཅན་གྱི་འཇིག་རྟེན་སྤྱི་ཡོངས་ཆེད་འཁྲི་བའི་ལས་འགན་དང༌། མིའི་རིན་ཐང༌། ཆོས་ལུགས་ཕན་ཚུན་མཐུན་འབྲེལ། འཇིག་རྟེན་པའི་བཟང་སྤྱོད་སོགས་གཙོ་བོར་གྱུར་པའི་སྔར་མ་བྱུང་བའི་ཆོས་སྲིད་ཀྱི་གདམས་ངག་ཟབ་མོ་རྒྱུན་དུ་བསྩལ་བ། དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་མཛད་པ་སོགས་དང༌། ལྷག་པར་ཉེ་ཆར་བོད་ལྗོངས་གཞིས་བྱེས་ལྷ་མི་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་གངས་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཐུགས་བརྩེས་འདོར་བ་མེད་པར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ལྟར་སྐུ་ཚེ་ཡུན་དུ་བརྟན་པའི་ཞལ་བཞེས་བཟང་པོ་ཕེབས་པ་བཅས་ཀྱི་བཀྲིན་གྱི་ཕུང་པོ་ནི་འགྲོ་ཀུན་བྱང་ཆུབ་ཆེན་པོའི་ས་ལ་མ་རེག་གི་བར་དུ་གཞལ་བའི་གོ་སྐབས་གཏན་ནས་མ་མཆིས་རུང༌། རང་ངོས་ནས་བཀྲིན་གྱི་ཆ་ཤས་ཙམ་གསབ་པ་ལ་སྤྲོ་བའི་མངོན་འདོད་མཚོན་པ་ཙམ་གྱི་སླད། བོད་ཤིང་བྱ་ཧོར་ཟླ་ ༥ པའི་ཚེས་ ༢ ཉིན་ནས་བཟུང་འཆར་ལོ་མེ་ཁྱི་ཧོར་ཟླ་ ༥ པའི་ཚེས་ ༥ བར་ལོ་གཅིག་གི་རིང་བཀྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་གཞིས་བྱེས་བོད་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་དུ་བྱུང་བ་ལྟར། ལོ་འཁོར་འདིའི་རིང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ཐབས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སླད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཟུངས་སྔགས་བཟླས་བརྗོད་དང་འབྲེལ་སྲོག་བླུ་ཚེ་ཐར་སོགས་ལྷ་བླའི་བཀའ་ལུང་དགོངས་དོན་ལྟར་གྱི་ཞབས་རིམ་རྒྱ་ཆེ་འབད་སྒྲུབ་ཞུ་རྒྱུས་མཚོན་རྣམ་དཀར་དགེ་ཚོགས་ཀྱི་བྱ་བར་གང་ཐུབ་འབད་བརྩོན་ཞུས་དང་ཞུ་རྒྱུ་ལགས་པ་མ་ཟད། རྒྱ་གར་ཁུལ་བོད་མིའི་གནས་ཡུལ་ཕལ་མོ་ཆེའི་ཉེ་འདབས་སུ་འཁོད་པའི་འཁོས་འབྱོར་དམན་པའི་གྲོང་གསེབ་ཁག་ཏུ་ཕྱི་ལུགས་དང་བོད་ལུགས་ཀྱི་སྨན་སྦྱིན། དེ་བཞིན་བོད་མིའི་གནས་ཡུལ་གཞིས་ཆགས་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་རྒྱ་གང་ཆེ། དེ་བཞིན་བོད་མིར་བརྩེ་གདུང་དང་ྋགོང་ས་མཆོག་ལ་དད་ཞེན་ལྡན་པའི་སྒྲིག་འཛུགས་དང་སྒེར་པ་མང་པོས་སྨན་སྦྱིན་དང༌། མིག་འགྲིབ་བཤག་བཅོས། དབང་པོ་སྐྱོན་ཅན་རྣམས་ལ་སྨན་དང་མཐུན་རྐྱེན་སྦྱར་རྒྱུ་སོགས་དང་མདོར་ན་དེ་རིང་གི་དུས་ཚེས་འདིར་གཞིས་བྱེས་བོད་མི་ཙམ་མ་ཟད་མགོན་པོ་གང་ལ་སྐྱབས་སུ་འཛིན་པའི་སྐྱེ་བོ་གྲངས་ཀྱིས་མི་ལང་བ་འཇིག་རྟེན་གྱི་ཁྱོན་གང་སར་གནས་པ་རྣམས་ཀྱིས་དད་པ་དང་དམ་ཚིག་རྨ་མེད་པའི་སྒོ་ནས་སྐུའི་འཁྲུངས་ཚེས་ཀྱི་དགའ་སྟོན་ལ་དམིགས་ཏེ་རྣམ་དཀར་ཆོས་སྤྱོད་ཀྱི་བྱ་བ་རྒྱ་མི་ཆུང་བ་བསྒྲུབས་དང་བསྒྲུབ་རྒྱུ་འདི་དག་མགོན་པོ་གང་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་རྒྱུར་བསྔོ་སྨོན་རྒྱས་འདེབས་ཞུ་རྒྱུ་དང༌། དེ་བཞིན་སྔ་ལོ་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་གཞིས་བྱེས་བོད་རིགས་ཡོངས་ནས་སོ་སོའི་གནས་ཡུལ་གྱི་སྒོར་གཅིག་དང་པད་ཉེར་ལྔ་རེ་ཞལ་འདེབས་བསྡུ་རུབ་ཀྱིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་སྡོང་ཆེན་པོའི་ནང་རྣམ་འདྲེན་བཞི་པའི་སྣང་བརྙན་ལ་གཙུག་ཏོར་གྱི་ཏོག་དང་གསོལ་ལྷུང་སོགས་ཕུལ་ཏེ་མཆོད་འབུལ་རྒྱ་ཆེ་བསྒྲུབས་ཐུབ་པ་ལྟར། འདི་ལོ་ཡང་ྋགོང་ས་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་གོ་སྐབས་དང་བསྟུན་བཀྲིན་རྗེས་དྲན་གྱི་ལོ་འཁོར་འདིའི་ནང་སྔ་ལོ་ལྟར་གཞིས་བྱེས་བོད་མི་ཡོངས་ནས་ཚད་གཞི་ངེས་ཅན་གྱི་ཞལ་འདེབས་བསྡུ་རུབ་དང་འབྲེལ་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་རྩ་ཆེའི་གཙུག་ལག་ཁང་དང་གནས་ཆེན་ཁག་ཏུ་མཆོད་སྤྲིན་རྒྱས་ཙམ་རེ་སྤྲོ་འབུལ་ཐུབ་པའི་ལས་རིམ་ཞིག་ད་རིང་ནས་འགོ་འཛུགས་ཞུ་རྒྱུ་ཡིན་ན། འདི་དག་གེགས་མེད་ལམ་ལྷོང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་ཞེས་ཞུ་རྒྱུ་ཡིན།

མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་སྒོ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་རིམ་འདི་ནི་བཙན་བྱོལ་བོད་གཞུང་གི་བསྒྲུབ་བྱའི་གཙོ་བོ་ཞིག་ཡིན་སྟབས། ཕྱི་ལོ་ ༢༠༠༢ ཟླ་ ༩ པའི་ནང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་ནས་བཟུང་ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་བར་འབྲེལ་མཐུད་བཀའ་བསྡུར་ལན་གསུམ་བྱུང་ཟིན་པ་དང༌། སྔ་ལོ་བཀའ་བསྡུར་ཐེངས་གསུམ་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་དྭོགས་པ་རྣམ་རྟོག་ཇི་སྙེད་ཅིག་གསལ་སྟོན་མཛད་པ་ལ་གསལ་བཤད་ལན་འདེབས་གནད་སྨིན་ཞུ་དགོས་ཞེས་ཕེབས་པའི་བཀའ་དགོངས་ལྟར། ཉེ་ལམ་ ༢༠༠༥ ཟླ་ ༦ ཚེས་ ༣༠ དང༌། ཟླ་ ༧ ཚེས་ ༡ བཅས་ཉིན་གཉིས་བསྟུད་མར་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པའི་ལྷན་དུ་སུད་སིའི་རྒྱལ་ས་བྷན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་བཀའ་བསྡུར་ཞིབ་ལྷུག་བྱུང་བའི་སྐབས་སྔ་ལོའི་དྭོགས་སློང་རྣམས་ལ་ལན་འདེབས་དང་གསལ་བཤད་ཞིབ་ཕྲ་ཐུགས་ཡིད་དྭངས་ངེས་ཞུ་རྒྱུའི་གོ་སྐབས་བྱུང་ཞིང༌། རྩ་དོན་ཐོག་ཕན་ཚུན་གཟིགས་ཚུལ་མི་མཐུན་པ་རྣམས་ཉུང་དུ་གཏོང་ཐབས་གང་ཡོང་གནང་ཐུབ་པ་མ་ཟད། དོན་སྙིང་ལྡན་པའི་ཞི་མོལ་ཡོང་ཐབས་སུ་བཀའ་བསྡུར་མུ་མཐུད་གནང་རྒྱུར་གཉིས་མོས་བྱུང་བ་བཅས་ལས་རིམ་འདིའི་ཐོག་གོམ་གང་མདུན་སྤོས་བྱུང་བ་འདི་ཡང་མགོན་པོ་གང་གི་ཐུགས་རྗེ་འཕྲིན་ལས་ཀྱི་ནུས་པ་ཁོ་ན་ལས་བྱུང་བར་བསམ་ཤེས་ཀྱིས་བཀྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། འབྱུང་འགྱུར་བོད་རྒྱའི་འབྲེལ་མཐུད་དང་ཞི་མོལ་ལམ་ལྷོང་ཡོང་མིན་རྒྱལ་སྤྱིའི་ནང་མཐུན་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཐུབ་མིན་ལ་ཤུགས་ཆེར་རག་ལུས་པ་ཡིན་སྟབས། ད་ལམ་གོ་སྐབས་འདིའི་བརྒྱུད་གཞིས་བྱེས་བོད་མི་རྣམས་དང༌། བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ད་ལྟ་འགྲོ་བཞིན་པའི་བོད་རྒྱའི་ཞི་མོལ་གྱི་ལས་རིམ་ལ་བར་ཆད་དང་གནོད་སྐྱོན་འགྲོ་གཞིའི་གནས་ཚུལ་རིགས་མི་ཡོང་བ་དང་ཁོར་ཡུག་བཟང་པོ་སྐྲུན་ཐབས་ལ་ཚང་མས་མཐུན་འགྱུར་སྔར་ལྷག་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།

ད་རེས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སྤུན་ཟླ་རྣམ་པ་ལྷན་རྒྱས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྐུའི་འཁྲུངས་ཚེས་དང་བསྟུན་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་དང༌། དེའི་ཆེད་དུ་ས་གནས་ཁག་གང་ས་ནས་མང་ཚོགས་ཀྱི་དབུ་ཁྲིད་དང་སྐུ་ཚབ་མང་པོ་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཚང་མར་བཀའ་ཤག་གིས་བཙན་བྱོལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་ཞུ་དང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཆེན་པོ་ཧོར་གྱི་ཡུལ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ནས་དད་ལྡན་གྱི་སྐྱེས་བུ་ཆེད་ཕེབས་གནང་མཁན་ཡོངས་ལའང་འཚམས་ཞུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་སྐུ་ཁམས་བཟང་ལ་མཛད་འཕྲིན་རྒྱས་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས།